བཀའ་དྲིན་མཚུངས་མེད་ཀྱི་བསྟན་པའི་མེ་རོ་མདོ་སྨད་ནས་གསོས་པའི་ཕྱག་རྗེས་ཅན་བླ་ཆེན་དགོངས་པ་རབ་གསལ་ཁོང་ནི་བོད་སིལ་བུའི་སྐབས་ཀྱི་ཆོས་ལུགས་མི་སྣ་ཤིན་ཏུ་གལ་ཆེ་ཞིག་ཡིན། ཡིན་ནའང་རྗེ་ཁོང་ཉིད་ཀྱི་སྐུའི་དགོངས་པ་རྫོགས་ཚུལ་གྱི་རྣམ་ཐར་ཤིན་ཏུ་རྒྱས་པ་ཞིག་གམ་རང་རྣམ་ས་བོན་ཙམ་ནི་མེད། ཡིན་ན་ཡང་སྔོན་གྱི་ཆོས་འབྱུང་དེབ་ཐེར་ཁག་ཏུ་ཁོང་གི་མཛད་པ་དང་འདུལ་བ་སྨད་ལུགས་ཀྱི་ལོ་རྒྱུས་ས་བོན་ཙམ་རེ་རྙེད་སོན་བྱུང་བ་ཡོད་ལ། དེ་དག་ལས་ཁོང་ནི་ཆོས་ལ་དད་པས་ནར་སོན་མ་ཐག་ཏུ་ནོན་འཇམ་དཔལ་བྱ་བ་ལས་བཟླས་ལུང་བླངས་པ་དང་ཁང་རིན་ཆེན་རྡོ་རྗེ་ལས་སེམས་བསྐྱེད་ཞུས། སྐྱི་རྒྱལ་བའི་གཙུག་ཏོར་ལ་དབུ་ཚད། ནམ་དགའ་ལྡན་བྱང་ཆུབ་ལས་ཡོ་ག་སོགས་གསན། དམར་གཡོ་གཙང་གསུམ་ལས་རབ་བྱུང་དགེ་ཚུལ་སོགས་སྒྲུབ་ནས་འདུལ་བ་མདོ་རྩ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བའི་བརྒྱུད་པ། འདུལ་བ་ལུང་སྡེ་བཞིའི་རྩ་འགྲེལ་གྱི་ལུང་བརྒྱུད། འདུལ་བ་མདོ་རྩ་བ་དང། རྒྱ་ཆེར་འགྲེལ། མཁས་པ་སྔ་མ་རྣམས་ཀྱི་སྤྱི་ཊིཀ་ལ་སོགས་ནོས་པའི་བརྒྱུད་པ། དགེ་བསྙེན། བར་མ་རབ་བྱུང་། དགེ་ཚུལ་གྱི་སྡོམ་པའི་བརྒྱུད་པ། སོ་ཐར་གྱི་སྡོམ་བརྒྱུད་སོགས་ཞུས་ཏེ་སློབ་བུ་རྡོ་རྗེ་དབང་ཕྱུག་དང་ཤེས་རབ་ཚུལ་ཁྲིམས། ཡེ་ཤེས་གཡུང་དྲུང་དང་ཡེ་ཤེས་བློ་གྲོས། ཤབ་རྩེ་དང་རྡོ་རྗེ་དབང་ཕྱུག ཆོས་སྐྱོང་དང་དཔལ་གྱི་རྡོ་རྗེ། ཤེས་རབ་སེངྒེ་དང་མཚུར་ཤེས་རབ་སོགས་བསྐྱངས་པས་མཛད་འཕྲིན་རྒྱས་ལ། ཕྱག་རྩོམ་ལ་ཆོས་ཀྱི་སྦྱིན་པའི་བསྔོ་བ་བྱ་བ་ཞིག་བསྟན་འགྱུར་ཁྲོད་དུ་བཞུགས། ཁོང་གི་མཛད་རྣམ་སོགས་ཆོས་འབྱུང་ཁག་ལས་བྱུང་ཚུལ་གྱི་རྣམ་ཐར་ལ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་བླ་ཆེན་བྱང་ཆུབ་སེམས་དཔའ་དགོངས་པ་རབ་གསལ་གྱི་རྣམ་པར་ཐར་པ་མདོ་ཙམ་གཏམ་དུ་བརྗོད་པ་རིན་པོ་ཆེའི་ཕྲེང་མཛེས་དང་། རྗེ་འཇིགས་མེད་རིག་པའི་བློ་གྲོས་ཀྱིས་མཛད་པའི་བླ་ཆེན་དགོངས་པ་རབ་གསལ་གྱི་རྣམ་ཐར་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག གཞན་སུམ་པ་དམ་ཆོས་རྒྱ་མཚོས་མཛད་པའི་བླ་ཆེན་ཀྱི་བསྟོད་པ་བྱིན་རླབས་མྱུར་འཇུག་དང་བིས་པ་མི་ཕམ་ཟླ་བས་མཛད་པའི་བླ་ཆེན་འདུལ་འཛིན་རྣམ་པར་དགྱེས་པའི་མཆོད་ཡོན། རོང་བོ་ཁྲི་རྒན་རྡོ་རྗེ་འཆང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་མཛད་པའི་བླ་ཆེན་གྱི་རྟོགས་བརྗོད་གསེར་གྱི་པདྨའི་ཆུན་པོ། སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་བླ་ཆེན་མཁན་བརྒྱུད་སོགས་ཡོད་ལ། དེ་ལས་འདིར་རྣམ་ཐར་རིན་པོ་ཆེའི་ཕྲེང་མཛེས་ལས་ཟུར་ཙམ་མྱོང་བར་དཔྱད་ན།
གཅིག བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་གཞིས་ལ་ལྟ་བ།
བླ་ཆེན་པོའི་འཁྲུངས་གཞིས་ཀྱི་སྐོར་ལ་སྔོན་གྱི་ཡིག་ཆ་ཁག་ཏུ་གསལ་ཁ་སྟོན་པ་ཞིག་མེད་ལ། ཡོད་ཀྱང་གནས་ཡུལ་མི་མཐུན་པའི་བཤད་ཚུལ་རེ་རེ་འབྲངས་འདུག འདིར་རྣམ་ཐར་རིན་པོ་ཆེའི་ཕྲེང་མཛེས་ལས། ཆུ་ཕོ་བྱི་བའི་ལོ་ཙོང་ཁ་བདེ་ཁམས་སུ་བོན་པོ་བཟའ་མི་གཉིས་ཀྱི་བུར་སྐུའི་སྐྱེ་བ་བཞེས། ཕ་མས་མུ་ཟུ་གསལ་འབར་ཞེས་བོན་མིང་བཏགས། ཞེས་འབྱུང་བར་བརྟག་ན། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དེའི་ཚེ་རྒྱལ་པོའི་ཆོས་བློན་འབྲོ་སྟག་སྣང་ཁྲི་གསུམ་རྗེས་བསྟན་པ་གསལ་ནུས་པར་སྨོན་ལམ་བཏབ་ནས་ལོ་སོ་ལྔ་པ་ལྕགས་ཕག་ལ་ཚེ་འཕོས་ཏེ་ཙོང་ཁ་བདེ་ཁམས་སུ་ཆུ་བྱི་ལ་འཁྲུངས། ཞེས་དང་། ཆོས་འབྱུང་དཔག་གསམ་ལྗོན་བཟང་ལས། བསྟན་པ་སྣུབས་པ་ལས་ལོ་དགུས་སྔ་བའི་ཆུ་བྱིར་ཙོང་ཁ་བདེ་ཁམས་སུ་བོན་པོ་ཞིག་གི་བུར་བལྟམས་ཏེ་མིང་མུ་ཟི་གསལ་འབར་དུ་བཏགས། ཞེས་དང་། གུ་བཀྲའི་ཆོས་འབྱུང་ལས། དེ་ནས་གཙང་རབ་གསལ་གྱི་མཁན་བུ་བླ་ཆེན་པོ་ནི། སྐྱེ་བ་སྔ་མ་རྒྱལ་པོའི་འབྲོ་སྟག་སྣང་ཁྲི་གསུམ་རྗེ་ཞེས་ཞིག་གིས་ལོ་སོ་ལྔ་པ་ལ་སྨོན་ལམ་བཏབ་ནས་ཚེ་འཕོས་པ་ཡིན་ཟེར། དོན་ལ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཐུ་ཅན་ཞིག་ཆུ་ཕོ་བྱི་བའི་ལོ་ཡུལ་ཙོང་ཁ་བདེ་ཁམས་སུ་འཁྲུངས། མཚན་མུ་ཟུ་གསལ་འབར་བཏགས། སོགས་སུ་ཁུངས་གཏུགས་ཏེ་སྐུའི་འཁྲུངས་ཡུལ་ཙོང་ཁ་བདེ་ཁམས་ཡིན་པར་བཞེད། ཡིན་ཡང་ཆོས་འབྱུང་རྙིང་གྲས་ཁག་གཅིག་ཏུ་འཁྲུངས་ཡུལ་ཁམས་ཕྱོགས་ཡིན་པར་གསུངས་འདུག ཆོས་འབྱུང་བསྟན་པའི་རྒྱལ་མཚན་ལས། དེ་ནས་དམ་པ་ཆོས་ཀྱི་མེ་རོ་ནི། ཁྲི་ཆུང་ཁྲི་ལྡེ་མགོན་བཙན་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གསུམ་གྱི་སྐུ་དྲིན་ལ་ཁམས་པ་མུ་ཟུ་ཀ་ར་འཕན་གྱིས་བླངས་ཞེས་པ་དང་། རྒྱལ་རབས་གསལ་བའི་མེ་ལོང་ལས། དེའི་ཚེ་རྒྱལ་པོ་སྡིག་ཅན་གྱིས་ཆོས་སྣུབས་ནས་ལོ་དྲུག་ཅུ་ལོན་པ་ན། འཕན་ཡུལ་ཞོག་ན་རྨུ་གསལ་གཤེན་འབར་བྱ་བའི་བོན་པོའི་བུ། རྨུ་ཟ་འཕན་བྱ་བའི་བྱིས་པ་ཅིག་གིས། ཞེས་པས་བླ་ཆེན་དབུས་པ་ཞིག་ཡིན་པ་དང་། ཁོང་གི་འཁྲུངས་ཡུལ་འཕན་ཡུལ་ཞོག་པ་ཡིན་པར་གསལ་པོར་གསུངས། དེ་ལྟར་ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་དམར་ལས། མདོ་སྨད་དུ་འཁྲུངས་ཞེས་འཁྲུངས་ཡུལ་ཙོང་ཁ་བདེ་ཁམས་དང་། ཁམས། འཕན་ཡུལ་ཞོག་པ་བཅས་བཞེད་ཚུལ་མི་མཐུན་པ་འགའ་ལས། འཕན་ཡུལ་དུ་འཁྲུངས་ཞེས་པའི་འཕན་ཡུལ་ནི་དབུས་གཙང་ངན་ཆུའི་རྒྱུད་ཀྱི་ཡུལ་སྤྱིའི་མིང་ཡིན་པས་དཔའ་བོ་གཙུག་ལག་ཕྲེང་བའི་དབུས་སུ་འཁྲུངས་པར་དགག་པ་དང་འགལ། མདོ་སྨད་ནས་འཁྲུངས་ཟེར་བ་ཙོང་ཁའི་ཕྱོགས་དང་ཅུང་ཉེ་བར་གནས་ཀྱང་། མདོ་སྟོད་དང་མདོ་སྨད་ཀྱི་དབྱེ་མཚམས་མི་མཐུན་པ་མང་བས་དཔྱད་དགོས། ཙོང་ཁའི་བདེ་ཁམས་སུ་འཁྲུངས་ཞེས་པ་ཡོངས་གྲགས་སུ་ཡིན་ན་ཡང་ཡུལ་བྱེ་བྲག་པ་ལ་བབ་མེད་པས་སྐབས་དེའི་ཙོང་ཁ་ཞེས་པ་གང་དང་། ལྷག་པར་ཏུ་བདེ་ཁམས་ཞེས་པའི་ཁམས་དེ་དང་མུ་ཟི་ཁམས་ནས་ཡིན་ཞེས་པའི་བཞེད་པ་དང་མཐུན་པ་ཡོད་དམ་སྙམ། དེ་བས་རྣམ་ཐར་ཐུབ་བསྟན་ཁང་བཟང་མཛེས་པའི་ཏོག་ལས། ཨ་མདོ་མཚོ་སྔོན་ཕྱོགས་སུ་ཙོང་ཁའི་སྐྱེས་རི་ལྟེ་བར་བཀོད་པའི་རྨ་ཆུ་ཙོང་ཆུ་ཀླུ་ཆུ་གསུམ་འདྲེས་པའི་མདོ། མཆོད་རྟེན་དཀར་བོ་ཡན་ཆད་ལེ་ལག་དང་བཅས་པའི་ལྗོངས་ལ་ཙོང་ཁ་བདེ་ཁམས་ཞེས་བརྗོད་པའི་ཤར་ལྷོའི་ཆར། རྒྱལ་བུ་དོན་གྲུབ་ཀྱི་མདོར་རྒྱལ་བའི་ལུང་གིས་ཟིན་པའི་རི་བོ་དན་ཏིག་དང་ཁད་ཤིན་ཏུ་ཉེ་བའི་རྨ་འགྲམ་དུ་ཆགས་པའི་རྒྱ་ཞུར་གྲོང་ཚོ། སྔོན་ཆད་འབྲོག་སྦྲ་ནག་ཅན་དུ་ཡོད་པ་དེ་ནི་བླ་ཆེན་པོ་དེ་ཉིད་སྐུ་བལྟམས་པའི་གནས་འཁྲུལ་བ་མེད་པའོ།། ཞེས་བླ་ཆེན་གྱི་འཁྲུངས་གཞིས་གསལ་པོར་བསྟན་པས། དཔྱད་ཡིག་ལས་ཁམས་སུ་འཁྲུངས་པར་བཞེད་པའི་ཁམས་དེ་ཙོང་ཁའི་བདེ་ཁམས་ཞེས་པའི་ཁམས་དེ་ཡིན་པར་སེམས་སོ། དེའི་གཞིས་ཤུལ་དུ་རབ་རྒྱན་མེ་གླང་སྟེ་སྤྱི་ལོ་1997ལོར་ཡུལ་དེར་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དང་པོ་ནས་བཅུ་པའི་བར་གྱི་ན་བཟའ་དང་། ཤར་སྐུ་ཕྲེང་བདུན་པ་མཆོག་གི་ཚེམས་རྟེན་གཙོར་བཞུགས་པའི་མཆོག་རྟེན་འདི་བླ་ཆེན་ཁོང་གི་བཀའ་དྲིན་རྗེས་སུ་དྲན་པའི་དད་རྟེན་དུ་བཞེངས་པས་གནའ་ཤུལ་རིག་དངོས་ཀྱི་ལོ་རྒྱུས་གསལ་པོར་མཚོན་པར་བཤད་པ་དང་། སྒོས་སུ་བླ་ཆེན་དགོངས་པ་རབ་གསལ་མཆོག་གི་འཁྲུངས་གཞིས་ལ་རྩོད་མེད་འཁྲུལ་མེད་དུ་ངོས་འཛིན་གསལ་པོ་བྱས་ཡོད།
གཉིས། བླ་ཆེན་དགོངས་པ་རབ་གསལ་གྱི་འཁྲུངས་གཤེགས་ལོ་ཚིགས་ལ་ལྟ་བ།
ཁོང་གི་འཁྲུངས་འདས་ལོ་ཚིགས་ལ་བོན་བན་གཉིས་ཀྱི་བཞེད་ཚུལ་ཐ་དད་ཡོད་དེ། གཡུང་དྲུང་བོན་ལུགས་ལ་ཁོང་སྤྱི་ལོ་952ལ་སྐུ་འཁྲུངས་པར་བཞེད། བན་ཕྱོགས་སུ་གསུང་ཚུལ་མི་མཐུན་པ་འགའ་ཡོད་དེ། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས་སྤྱི་ལོ་832ལོའི་ཆུ་བྱི་ལོར་ཡིན་ཟེར། བྲག་དགོན་པའི་མདོ་སྨད་ཆོས་འབྱུང་སོགས་སྤྱི་ལོ་952ལོའི་ཆུ་བྱི་ལོར་ཡིན་པར་གསུངས། སུམ་པ་ཡེ་ཤེས་དཔལ་འབྱོར་དང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དུང་དཀར་རིན་པོ་ཆེ་སོགས་ཀྱིས་སྤྱི་ལོ་892ལོའི་ཆུ་བྱིར་བཞེད་པ་ཆེ་ཙམ་གསུམ་ཡོད། དེ་ན་དཔྱད་དུ་ཡོད་དེ། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱི་བཞེད་ལུགས་ལྟར་སྤྱི་ལོ་832ལ་འཁྲུངས་པར་བྱས་ན། བླ་ཆེན་གྱི་སྐུ་གོང་མ་ད་དུང་འཚོ་བཞིན་པའི་སྐབས་ཏེ། ཏུན་ཧོང་གཏེར་ཡིག་ལས། དབའས་སྐྱེས་བཟང་སྟག་སྣང་གིས།། རྒྱའི་དམག་དཔོན་ཧོན་ཛེ་སངས་དང་། འགུའ་ལོག་སྒང་དུ་གཡུལ་སྤྲད་ནས། རྒྱ་མང་པོ་བཐུངས་སྟེ།། འགུའ་ལོག་རྒྱ་དུར་དུ་བཏགས་སོ། ཞེས་དང་། ལྡེའུ་ཆོས་འབྱུང་ལས། ཁྲི་སུམ་རྗེ་སྟག་སྣང་གིས་ཞང་བོ་རྒྱ་ལ་དམག་དྲངས་པའི་སྡུག་སྦྱོང་དུ་བྲག་དམར་བཀའ་ཆུའི་ལྷ་ཁང་བཞེངས། ཞེས་ཡོད་པ་ལྟར་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་བློན་ཆེན་དེའི་རྒྱུད་པ་ཡིན་པར་སྣང་ལ། རྣམ་ཐར་རིན་པོ་ཆེའི་ཕྲེང་མཛེས་ལས། བླ་ཆེན་འདི་སྐུ་སྔ་མ་འབྲོ་སྟག་སྣང་ཁྲི་གསུམ་རྗེ་བྱ་བར་འཁྲུངས་ནས་ཆོས་ལྡན་གྱི་རྒྱལ་པོའི་བཀའ་བློན་མཛད། དམ་པའི་ཆོས་འཛིན་པའི་སྨོན་ལམ་རྒྱ་ཆེན་པོ་བཏབ་ནས་རང་ལོ་སོ་ལྔ་པ་ལྕགས་ཕག་གི་ལོ་སྐུ་ཚེ་འཕོས་པ། ཞེས་ཆུ་བྱི་འདི་སྤྱི་ལོ་832ཡིན་ན་སྟག་སྣང་ད་རུང་གྲོངས་མེད་པས་འགལ། ཡང་ན་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བློན་ཁྲི་སུམ་སྟག་སྣང་ཡིན་ན་རང་ལོ་སོ་ལྔ་ཞེས་པ་དང་མི་འགྲིག དེ་ན་བླ་ཆེན་གྱི་སྐུའི་སྐྱེས་པ་སྔ་མ་ནི་ཐང་ཡིག་གསར་རྙིང་དུ་གསལ་བའི་གླང་དར་འདས་སྐབས་ཡོད་པའི་སྟག་སྣང་ཡིན་ནམ་སྙམ། མདོ་སྨད་ཆོས་འབྱུང་སོགས་ཀྱི་ལུགས་ལྟར་ན། དབུས་ཀྱི་ཀླུ་མེས་སོགས་བླ་ཆེན་གྱི་དངོས་སློབ་ཡིན་ཞིང་། སྤ་གོང་ཡེ་ཤེས་གཡུང་དྲུང་དང་གྲུམ་ཡེ་ཤེས་རྒྱལ་མཚན་གཉིས་འདུལ་བའི་བཤད་པའི་བླ་བརྒྱུད་ཡིན་པ་ལས་མཁན་བརྒྱུད་མིན་པར་གསལ། བསྟན་བསྣུབས་ལྕགས་བྱ་སྟེ་སྤྱི་ལོ་841ཡིན་ན་བླ་ཆེན་དགོངས་པ་རབ་གསལ་མཁས་པ་མི་གསུམ་ལ་མཇལ་དུས་ཁོང་གསུམ་དགུང་ལོ་བརྒྱ་དང་སུམ་ཅུའི་མན་ཡིན་མི་སྲིད་པས་ཤེས་ནུས། སུམ་པ་ཡེ་ཤེས་དཔལ་འབྱོར་དང་དཔལ་སྤྲུལ་འཇིགས་མེད་སོགས་ཀྱི་བཞེད་པ་ལྟར་སྤྱི་ལོ་892འཁྲུངས་པར་བྱས་ན། བླ་ཆེན་ཁོང་མཁས་པ་གསུམ་དང་མཇལ་དུས་ཁོང་གསུམ་དགོང་ལོ་87ལྷག་ཡིན་དགོས་ཏེ། བསྟན་བསྣུབས་(841)སྔོན་དུ་བསྙེན་པ་རྫོགས་ཟིན་པས་དགུང་ལོ་བཅོ་བརྒྱད་ལ་སོན་པར་ཤེས། དེ་ན་ནེལ་བ་པཎ་ཊི་ཏའི་གསུང་ལྟར་ན། བླ་ཆེན་དགོངས་ལོ་16སྟེ་ཆོས་འཚོལ་བར་ཕེབས་པར་བཤད་པས་བཅོ་བརྒྱད་སྟེང་བསྙེན་རྫོགས་བྱས་ཟིན་ན། མཁས་པ་མི་གསུམ་མ་མཐར་ཡང་དགུང་ལོ་88ཡར་མར་ལས་མི་ཉུང་། དེ་ནས་ལོ་ལྔའི་ཁྲོད་བསྙེན་པར་རྫོགས་སྐབས་མཁས་པ་མི་གསུམ་གྱིས་ངེད་རྣམས་རྒས་པས་མཁན་བུ་སྐྱོང་མི་ནུས། ཁྱེད་ཀྱིས་མཁན་པོ་གྱིས་གསུངས་པ་དང་མཐུན་པར་སྣང་དགུང་ལོ་གྱ་བཞི་བའི་སྟེང་སྐུ་གཤེགས་པར་གསུངས་པ་ཡོངས་གྲགས་ཡིན་ཀྱང་བཞེད་ལུགས་མི་མཐུན་པའི་དབང་གིས་འདི་ལྟར། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས། དགུང་ལོ་གྱ་བཅུ་རྩ་བཞི་པ་ཤིང་ཕག་ལོར་སྐུ་གཤེགས། ཞེས་འབྲི་གུང་ཆོས་འབྱུང་ལས། དགུང་ལོ་བརྒྱད་ཅུ་གྱ་བཞི་པ་ཤིང་ཕག་ལོ་སྟེ་སྟོན་པ་འདས་ནས་ལོ་ཆིག་སྟོང་བཞི་བརྒྱ་དྲུག་ཅུ་ཐམ་པ་སྟེ་སྤྱི་ལོ་915ལ་སྐུ་གཤེགས་སོ། ཞེས་པས་དགུང་ལོ་915རུ་གཤེགས་པར་གསུངས། ཡིན་ཡང་རྣམ་ཐར་རིན་པོ་ཆེ་ལས་ཤིང་མོ་ཕག་ཅེས་བརྗོད་པས་སྤྱི་ལོ1035ལ་གསུངས་པས་ཡོངས་གྲགས་སུ་ཁེལ་འདུག
གསུམ། བླ་ཆེན་དགོངས་པ་རབ་གསལ་གྱི་མཚན་དོན་ལ་ལྟ་བ།
བླ་ཆེན་དགོངས་པ་རབ་གསལ་ཁོང་གི་མཚན་གྱི་རྣམ་གྲངས་ལ་ཆོས་འབྱུང་དང་བསྟན་འབྱུང་། ལོ་རྒྱུས་དེབ་ཐེར་སོགས་སུ་བཀོད་པ་མི་མཐུན་ལ། ལྷག་པར་དུ་ཆོས་རྒྱུད་དང་གྲུབ་མཐའི་དབང་གིས་བན་བོན་གྱི་བཞེད་པ་གཉིས་ཡོད། གཡུང་དྲུང་བོན་གྱི་ལུགས་སུ་གླིང་གྲགས་ལས། དམུ་ཏྲ་ཧེ་པེ་སྤྲུལ་པ་ནི། །ཡབ་ཟི་ཁྲོམ་འབར་སྲས། །ཡ་ཟི་བོན་སྟོན་བྱ་བ་འབྱུང༌། །ཚེ་སྟོད་མཚན་མ་སྔགས་སྤྱོད། །ཚེ་སྨད་ཚུལ་ཁྲིམས་ཉམས་སུ་ལེན། ། ཞེས་དང༌། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དེ་རྗེས་ཆོས་ཀྱི་སྡོམ་པའི་རྒྱུད། །སོག་འདན་གྲུམ་གསུམ་ནས་བརྒྱུད་པའི། །མུ་ཐུར་དགོངས་པ་རབ་གསལ་ཞེས་དང་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས། དྲུམ་ཤིང་སླག་ཅན་ཏེ། ཚུལ་མིང་གཙུག་ཕུད་ཚུལ་ཁྲིམས་སོ། །དེའི་མཁན་བུ་བླ་མུ་ཐུར་དགོངས་པ་རབ་གསལ་ལོ། །ཡ་ཟི་བོན་སྟོན་ཡང་ཟེར་རོ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ། །ཞེས་ཡ་ཟི་བོན་སྟོན་ནི་བླ་ཆེན་ཉིད་ལ་གོ་ན་གོང་ས་ལྔ་པ་ཆེན་པོའི་འདུལ་བའི་ལས་ཆོག་ལས། བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་ཞེས་ཡ་ཟི་བོན་སྟོན་བླ་ཆེན་གྱི་སློབ་མར་བཤད་པ་ནི་མི་མཐུན་པའི་ཚུལ་ཞིག་ཡིན་པས་དཔྱད་དགོས། བན་གྱི་བཞེད་པ་ལྟར་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། བོན་པོའི་བུ་སྨུ་གསལ་འབར་རབ་ཏུ་བྱུང་སྟེ། ཤཱཀྱ་དགེ་བ་གསལ་དུ་བཏགས་ནས་མཁས་པར་གྱུར། ཞེས་དང་། རྒྱལ་རབས་གསལ་བའི་མེ་ལོང་ལས། སྨུ་གསལ་འབར་ཞེས་བཀོད། དེབ་ཐེར་དམར་པོ་ལས། བོན་པོའི་མུ་ཟུ་གསལ་འབར། ཞེས་དང། བདུད་འཇོམས་ཆོས་འབྱུང་ལས། དམུ་གཟུགས་གསལ་འབར་དང་། མིང་ཤཱཀྱ་དགེ་བ་རབ་གསལ་དུ་ཕྱིས་མཁྱེན་རབ་ཆེ་བས་བླ་ཆེན་དགོངས་པ་རབ་གསལ་དུ་གྲགས། ཞེས་སོགས་འབྲི་ཚུལ་མི་གཅིག་པ་མང་པོ་འདུག དེ་དག་ཕྱོགས་གཅིག་ཏུ་བཀྲལ་ན། ལྡེའུ་ཆོས་འབྱུང་རྒྱས་པ་ལས། བླ་ཆེན་པོ་དགོངས་པ་གསལ་སྐུ་འཁྲུངས་ཏེ། སྐྱ་བོའི་མིང་ཀ་ར་འཕན། བོན་བསླབས་པས་བོན་པོའི་མིང་མུ་ཟུ་གསལ་འབར། མེ་རོ་བསླངས་པས་བླ་ཆེན། མཁན་སློབ་ཀྱི་མཚན་ལས་དྲངས་པས་དགོངས་པ་གསལ་དང་བཞིའོ། ཞེས་པར་འདུ། ཡིན་ནའང་བན་བོན་གྱི་རྗེས་འཇུག་པས་མཚན་གྱི་འགྲེལ་ཚུལ་དང་དགོངས་གཞི་མི་མཐུན་པས། བན་དེ་དག་གིས་མཚན་དངོས་ལ་ཤཱཀྱ་དགེ་བ་རབ་གསལ་ལམ་དགོངས་པ་རབ་གསལ་ཞེས་ཡོངས་གྲགས་དང་། གཡུང་དྲུང་བོན་གྱིས་བོན་དམུ་གཟུགས་གསལ་འབར་རམ་བླ་མུ་ཐུར་དགོངས་པ་གསལ་ཞེས་གྲགས་པ་སྣང་། དེ་བས་གཡུང་དྲུང་བོན་གྱིས་བླ་ཆེན་ཁོང་གི་ཁྱིམ་གཞིས་བོན་པོ་དང་ཆུང་དུས་བོན་སྒོར་ཞུགས་པས་མཚན་གྱི་ཐོགས་པར་བོན་ཞེས་དང་། བོད་མིའུ་གདུང་དྲུག་ལས་དམུ་ཡི་རིགས་སུ་འཁྲུངས་པས་དམུ། རྒྱ་བོད་ཀྱི་སོ་མཚམས་སྲུང་བའི་ཆོས་བློན་སྟག་སྣང་ཁྲི་གཟུགས་དང་གདུང་གཅིག་པ་འམ་དེའི་སྐྱེ་བ་དེ་མ་ཐག་པ་ཡིན་པས་གཟུགས་ཞེས་མཚན་ཟུར་གྱི་མིང་རེ་རེ་ལ་དོན་རེ་རེ་སྟོན་པར་བཤད། དེ་བཞིན་བན་གྱི་རྗེས་འཇུག་པ་དག་གིས་མཚན་གྱི་ཐོག་མར་ཤཱཀྱ་ཞེས་སྦྱར་བ་ནི་ཁོང་གི་རིགས་རུས་སོགས་དང་འབྲེལ་བ་མེད་ཀྱང་དམ་པའི་ཆོས་ཀྱི་ཁུངས་རྒྱ་གར་ལ་གཏུགས་པ་སྣང་བཞིན། སྟོན་པ་ཤཱཀྱ་ཐུབ་པའི་འདུལ་ཁྲིམས་ཡང་དག་དང་བརྒྱུད་ཁུངས་ཡང་དག་ཡིན་པའི་ཕྱིར་སྦྱར་བ་ཡིན་འདུག དེའི་ཕྱིར་བན་བོན་གང་གི་བཞེད་ལུགས་ལྟར་རང་ཕྱོགས་རྗེས་སུ་བཟུང་ན་གྲུབ་མཐའ་འཛིན་པ་དང་། གྲུབ་མཐའ་བཟུང་བ་དེས་འདུལ་ཁྲིམས་ཀྱི་ཁུངས་འཛིན་པ་ཡིན་སྟབས། རིགས་དང་རུས་མི་གཙོ་བསླབ་པ་གཙོ་ཞེས་པ་སྣང་བཞིན་བྱས་ན་འགྲིག་པར་འཁུམས་སོ། །