གློག་ནི་རང་བྱུང་སྣང་ཚུལ་ཞིག་ཡིན་ཏེ། གནའ་བོའི་མི་རྣམས་ཀྱིས་གློག་ཞགས་བརྒྱུད་དེ་ད་གཟོད་གློག་ལ་སྤྱི་བབ་ཙམ་གྱི་ངོས་འཛིན་ཐུབ་པ་བྱུང་།
གནའ་བོའི་ཀྲུང་གོར་གློག་གི་སྣང་ཚུལ་ནི་འགལ་ཟླར་གནས་པའི་དངོས་པོ་གཉིས་ཀྱི་གཙུབ་བརྡར་ལས་བྱུང་བར་སྨྲ། སྤྱི་ལོ་སྔོན་གྱི་ལོ་600ཡར་མན་དུ། གྷི་རི་སིའི་མཚན་ཉིད་རིག་པ་ཐའེ་ལི་སིས་(Thales 640-546B.C.)སྤོས་ཤེལ་གྱིས་གཙུབ་བརྡར་ལས་ཁུ་ལུ་དང་ཤིང་ཞོགས་འགུག་ཐུབ་ཏེ། སྣང་ཚུལ་འདི་ལ་འགུལ་མེད་གློག་(static electricITy)ཞེས་བརྗོད། གཞན་དུ་དབྱིན་ཡིག་གི་གློག་ (Electricity)ཞེས་པ་དེ་གནའ་བོའི་གྷི་རི་སི་ཡིག་ཏུ་སྤོས་ཤེལ་(amber)ལ་ངོས་འཛིན་བྱས།
དུས་རབས་18པ་ནས་བཟུང་། ནུབ་གླིང་གིས་རིམ་བཞིན་གློག་ལ་འཚོལ་ཞིབ་བྱེད་འགོ་བརྩམས། ཨ་རིའི་ཚན་རིག་པ་ཧྥ་རན་ཁུ་ལིན་(Benjamin Franklin,1706-1790)གྱིས་གློག་ནི་ལྗིད་ཚད་མེད་པའི་རྒྱུག་གཟུགས་ཤིག་སྟེ། དངོས་གཟུགས་ཡོད་ཚད་ཀྱི་ཁྲོད་དུ་འདུས་ཡོད་པའི་ལྟ་ཚུལ་བཏོན།
སྤྱི་ལོ་1821ལོར་དབྱིན་ཇི་བ་ཧྥ་ར་ཏི་ཡིས་གློག་གི་གསར་གཏོད་ཆེན་པོ་ཞིག་ལེགས་འགྲུབ་བྱུང་། སྤྱི་ལོ་1831ལོར། ཧྥ་ར་ཏི་ཡིས་འཛམ་གླིང་སྟེང་གི་གློག་འདོན་འཕྲུལ་ཆས་ཆེས་ཐོག་མ་དེ་གསར་གཏོད་བྱས། ཡང་སྤྱི་ལོ་1866ལོར་འཇར་མན་གྱི་སི་མིན་སི་ཡིས་(Siemens)འཛམ་གླིང་སྟེང་བཟོ་ལས་སུ་བཀོལ་བའི་གློག་འདོན་འཕྲུལ་ཆས་ཐོག་མ་དེ་བསྐྲུན་པའོ། །