( དེབ་གོང་མར་མཐུད། )
ལེའུ་དྲུག་པ།
ས་སྐྱའི་སྲིད་སྐྱོང་སྐབས།
1265-1349
དེ་ནས་སོག་རྒྱལ་ཁུ་པི་ལིས། །
དབང་བསྐུར་ཐེངས་གསུམ་ཞུས་པའི་ཡོན། །
འགྲོ་མགོན་ཆོས་རྒྱལ་འཕགས་པ་ཉིད། །
ཆོལ་ཁ་གསུམ་གྱི་དཔོན་དུ་བསྐོས། །
བོད་དོན་འཇའ་ས་རྣམ་གཉིས་བསྒྲགས། །
ཤིང་གླང་འཕགས་པ་བོད་དུ་ཕེབས། །
ས་སྐྱའི་སྲིད་དབང་དངོས་སུ་བཙུགས། །
ས་སྐྱའི་སྲིད་སྐྱོང་སྐབས་ཞེས་པ་ནི་སྤྱི་ལོ་1265ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཧོར་ཡུལ་ནས་བོད་དུ་ཕྱིར་ཕེབས། སོག་རྒྱལ་ཁུ་པི་ལིའི་བཀའ་བཀོད་ལྟར་ས་སྐྱའི་དགོན་དུ་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བྱ་བའི་སྲིད་གཞུང་ཞིག་བཙུགས་པ་ནས་བཟུང་། སྤྱི་ལོ་1349ལོར་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་འཕྲོག་པའི་བར་སྐབས་དེ་ལ་ཟེར། རབ་བྱུང་བཞི་པའི་ཆུ་བྱི་སྤྱི་ལོ་1252ལོར་ཧོར་རྒྱལ་སྲས་སེ་ཆེན་ཧན་གྱིས་འབུམ་དམག་གཉིས་ཙམ་ཁྲིད་ནས་འཇང་ཏ་ལིའི་རྒྱལ་ཁམས་ལ་དཔུང་འཇུག་བྱས། རྒྱལ་ཁ་ཐོབ་སྟེ་ཕྱིར་ཕེབས་པའི་ལམ་དུ་ལིའུ་ཕན་རི་བོ་བརྒལ་སྐབས་ལེའང་ཀྲོའུ་ལ་ཕོ་ཉ་མངགས་ནས་ས་སྐྱ་བླ་མ་མཇལ་འཕྲད་དུ་ཕེབས་དགོས་པའི་འཕྲིན་བསྐུར་ཀྱང༌། ཆོས་རྗེ་ས་པཎ་སྐུ་གཤེགས་ཟིན་སྟབས། ཕོ་ཉ་པ་དེས་འགྲོ་མགོན་འཕགས་པ་སྐུ་མཆེད་གཉིས་མཇལ་འཕྲད་དུ་གདན་དྲངས་ནས་རབ་བྱུང་བཞི་པའི་ཆུ་གླང་སྤྱི་ལོ་1253ལོར་སེ་ཆེན་ཁུ་པི་ལི་དང་བླ་མ་འཕགས་པ་དངོས་སུ་མཇལ་འཕྲད་བྱུང༌། དེ་ནས་སེ་ཆེན་ཁུ་པི་ལིས་བླ་མ་སྐུ་མཆེད་གཉིས་ནང་སོག་གི་ཁོངས་ཧྲང་ཏུའུ་ཞེས་པའི་ཕོ་བྲང་དུ་གདན་འདྲེན་ཞུས། དེ་དུས་འགྲོ་མགོན་འཕགས་པ་དགུང་ལོ་བཅུ་དགུ་ལ་ཕེབས་པ་ཙམ་ཡིན་ཀྱང༌། སེ་ཆེན་ཧན་གྱིས་མི་གཞན་པས་ལན་ཕོག་དཀའ་བའི་ཐེ་ཚོམ་སྟེར་བའི་དྲི་བ་མང་པོ་བཏོན་པར་དྲིས་ལན་རྒྱུ་མཚན་དང་བཅས་པར་གསུངས་པས་ཧ་ཅང་མཉེས་པར་གྱུར། །
● འགྲོ་མགོན་འཕགས་པ་དང་སེ་ཆེན་ཁུ་པི་ལི།
ད་དུང་ཁོང་གིས་ཁྱོད་བོད་ཀྱི་ཡུལ་དུ་མི་ཆེ་བ་སུ་དང་སུ་བྱུང༌། ཕོ་རྒོད་པོ་སུ་བྱུང༌། ཡོན་ཏན་ཅན་སུ་བྱུང་ཞེས་དྲིས་པ་ལ། འཕགས་པས་ལན་དུ། ངེད་བོད་ལ་མི་ཆེ་བ་ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱུང༌། ཕོ་རྒོད་པོ་མི་ལ་རས་པ་བྱུང༌། ཡོན་ཏན་ཅན་ས་སྐྱ་པཎྜི་ཏ་བྱུང་ཞེས་ལན་རྒྱུ་མཚན་དང་བཅས་པ་ཐོགས་པ་མེད་པར་གསུངས་ཤིང༌། ད་དུང་ལོ་རྒྱུས་ཐོག་བོད་ཐང་བར་གྱི་འགལ་འབྲེལ་གྱི་ལོ་རྒྱུས་རྣམས་གསུངས་པས། སེ་ཆེན་གྱིས་དེ་བཞིན་བདེན་ན་རྒྱལ་རབས་ཀྱི་ཡིག་ཚང་དུ་ཡོད་དགོས་པ་དེར་ལྟོས་གསུངས་པ་དང༌། རྒྱ་ཡི་ཡིག་ཚང་དུ་བལྟས་པས་འཕགས་པས་གསུངས་པ་ལྟར་བྱུང་བར་སེ་ཆེན་ལྷག་པར་དགྱེས། དེ་ནས་སེ་ཆེན་གྱིས་བོད་ཡུལ་ལ་དམག་ཁྲལ་འགེལ་བ་དང༌། ནོར་སྡུད་དུ་གཏོང་རྒྱུའི་སྐོར་གསུངས་པ་ལ། འགྲོ་མགོན་འཕགས་པས། བོད་མཐའ་འཁོབ་ཡུལ་ཆུང་བ། ས་ཞིང་རྒྱ་ཁྱོན་དང་འབྱོར་པ་མེད་པས་དམག་ཁྲལ་མི་ཐེག་པའི་ཚུལ་གྱི་ཞུ་བ་ནན་ཆེར་ཞུས་ཀྱང་ཁས་མ་བླངས། དེ་ནས་འཕགས་པས་འོ་ན་ང་བོད་ཀྱི་བན་དེ་འདིར་འོངས་ནས་བསྡད་པ་ལ་དགོས་པ་མི་འདུག་པས་རང་ཡུལ་དུ་འགྲོ་བར་ཞུ་ཞུས་པས། སེ་ཆེན་གྱིས་འོ་ན་བྱོན་པས་ཆོག་གསུངས། །
སྐབས་དེར་སེ་ཆེན་ཧན་གྱི་བཙུན་མོ་ཆ་བུ་ཞེས་པ་དེས་རྒྱལ་པོ་ལ། འདི་འདྲ་བའི་བན་དེ་མཐོང་བ་དཀའ། སྔར་བོད་ནས་བྱུང་བའི་བན་དེ་རྒན་པོ་རྣམས་ལ་སྔོན་གྱི་ལོ་རྒྱུས་ཙམ་ཡང་བཤད་རྒྱུ་མེད་པ། འདིའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡང་མི་འདུག་པས་འདི་བོད་ལ་མ་བཏང་བར་ད་དུང་ཡོན་མཆོད་གསུང་གླེང་དང་ཆོས་ཀྱི་དྲི་བ་འདྲ་མཛད་ན་ལེགས་ཞུས་པར། སེ་ཆེན་གྱིས་གསན་ནས་མུ་མཐུད་དེ་འཕགས་པ་དང་གསུང་གླེང་མང་དུ་མཛད། དེ་ནས་བཙུན་མོས་སེ་ཆེན་ལ་འཕགས་པ་བོད་དུ་མ་བཏང་བ་དེ་འགྲིག་འདུག ས་སྐྱ་པ་ལ་གཞན་ལ་མེད་པའི་གསང་སྔགས་ཀྱི་དབང་སྐུར་ཟབ་མོ་ཞིག་ཡོད་འདུག དེ་ཞུས་ན་ལེགས་ཞུས་པར། སེ་ཆེན་གྱིས་སྔོན་ལ་ཁྱོད་རང་གིས་ཞུས་དང༌། ཨའུ་ཙམ་བཟང་པོར་འདུག་ན་ངས་ཀྱང་ཞུ་བ་ཡིན་གསུངས། བཙུན་མོས་འཕགས་པ་ལས་ཀྱེ་རྡོར་གྱི་དབང་ཞུས་པས་ཤིན་ཏུ་མོས་པར་གྱུར། བཙུན་མོས་སེ་ཆེན་ལ་འདི་ཆོས་གཞན་ལས་ཁྱད་དུ་འཕགས་པ་ཞིག་འདུག་པས་ཞུས་ན་ལེགས་ཟེར་བ་ལྟར། སེ་ཆེན་ཁུ་པི་ལིས་འཕགས་པ་ལ་ཆོས་གནང་དགོས་ཚུལ་ཞུས་པར། བླ་མས་སྤྱིར་ཁྱེད་ཀྱིས་ཆོས་ཞུ་བའི་དམ་ཚིག་མི་ཐུབ། སྒོས་སུ་ད་རེས་ལོ་ཙཱ་བ་མཁས་པ་མེད་པས་རྗེས་སུ་བྱེད་པ་ཞུ་གསུངས། སེ་ཆེན་གྱིས་དམ་ཚིག་གང་གང་སྲུང་དགོས་ཞེས་དྲིས་པར། དབང་ཞུ་ན་བླ་མ་གྲལ་མགོར་འཇོག་དགོས། ལུས་ཀྱིས་ཕྱག་འཚལ་བ། ངག་གིས་ཅི་གསུང་ཉན་པ། ཡིད་ཀྱིས་ཐུགས་དང་མི་འགལ་བ་བྱ་དགོས་པ་ཡིན་གསུངས། སེ་ཆེན་གྱིས་དེ་འདྲ་མི་ཡོང་ཟེར། སྐབས་དེར་བཙུན་མོས། ཆོས་ཞུ་བ་དང༌། མི་ཉུང་དུས་བླ་མ་གོང་ལ་བཞུགས། རྒྱལ་རྒྱུད་དང༌། མག་པ། མི་དཔོན། མི་མང་འཚོགས་དུས་མི་གནོན་དགོས་པས་རྒྱལ་པོ་གོང་ལ་བཞུགས། བོད་ཕྱོགས་ཀྱི་བྱ་བ་ལ་བླ་མས་ཅི་གསུངས་དང་དུ་ལོངས། བླ་མ་ལ་མ་ཞུས་པ་རྒྱལ་པོས་ལུང་མི་གནང༌། བྱ་བ་ཆེ་ཆུང་གཞན་ལ་བླ་མ་སྙིང་རྗེ་ཆེ་བས་ཞུ་ངོ་འཆོལ་དུ་འོང་ན། རྒྱལ་ཁམས་མི་ནོན་པས་བླ་མའི་གསུང་དང་ཞལ་འཇུག་མ་གནང་ཞེས་ཞུས། །
●འཇའ་ས་དང་པོ་བན་དེ་ཤེད་སྐྱེད་མ་མཚོན་བྱེད།
དེ་ནས་བླ་མ་འཕགས་པས་རྒྱལ་པོས་དབུ་མཛད་པའི་དབང་ཞུ་བ་ཉི་ཤུ་རྩ་ལྔ་ལ་ས་སྐྱ་པའི་ཁྲིད་ཆོས་དཔལ་ཀྱེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་ལན་གསུམ་གྱི་བར་དུ་བསྐུར་པ་ལས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བརྙེས་པ་ཡིན་ཞིང༌། དེའི་དབང་ཡོན་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ། དབང་ཡོན་བར་པ་ལ་བོད་ཆོལ་ཁ་གསུམ་ཕུལ། དབང་ཡོན་ཐ་མཐའ་མ་ལ་རྒྱའི་མི་ཡུར་ཆེན་མོ་དང༌། རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་རྣམས་ཕུལ། །
དེ་ལྟར་སེ་ཆེན་ཧན་གྱིས་འགྲོ་མགོན་ལས་དབང་ཞུས་ཤིང་སློབ་དཔོན་དུ་བཀུར་ཞུས་ཏེ། བོད་ལ་དམིགས་བསལ་གྱི་དགོན་སྡེ་རྣམས་ལ་སྲུང་སྐྱོབ་བྱ་རྒྱུའི་བཀའ་ཡིག་ཐེང་གཉིས་བསྒྲགས་པ་ནི། འཇའ་ས་བན་དེ་ཤེད་སྐྱེད་མ་དང་། འཇའ་ས་མུ་ཏིག་མ་གཉིས་ཡིན། འཇའ་ས་དང་པོ་རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ་1254ལོར་སེ་ཆེན་ཧན་གྱིས་ས་སྐྱ་པ་ལ་གནང་བའི་འཇའ་ས་བན་དེ་ཤེད་སྐྱེད་མ་ཞེས་པ། འགྲོ་མགོན་ཆོས་རྒྱལ་འཕགས་པའི་དབང་ཡོན་དུ་གཙང་ཕྱོགས་ཀྱི་དགོན་སྡེ་རྣམས་ལ་གནོད་པ་བྱ་མི་ཆོག་པའི་བཀའ་འདི་གནང་། བཀའ་ཡིག་གི་ནང་དོན་མདོར་བསྡུས་པར། ད་ལྟ་ཡིན་ནའང་ཆོས་ཀྱི་རྗེ་ས་སྐྱ་པ་དང༌། སློབ་དཔོན་འཕགས་པ་ལ་དད་པ་ཐོབ། ཆོས་ལ་ཡིད་ཆེས་ནས་ཆུ་མོ་གླང་གི་ལོ་ལ་དབང་བསྐུར་ཞུས། ཆོས་ཀྱང་མང་དུ་ཐོབ་པ་དང༌། ལྷག་པར་ཡང་བསྟན་པ་དང་དགེ་འདུན་གྱི་བདག་པོར་བྱ་སྙམ་པ་ཡིན། དེའི་རྒྱུ་མཚན་གྱིས་སློབ་དཔོན་འཕགས་པའི་ངོ་ལ་གཙང་གི་རྒྱལ་ཁམས་ཀྱི་དཀོན་མཆོག་གི་རྟེན་དང༌། དགེ་འདུན་གྱི་སྡེ་ལ་གནོད་པ་སྲུང་བའི་འཇའ་ས་བཟང་པོ་འདི་ཆོས་ཀྱི་འབུལ་བར་བྱིན་པ་ཡིན་ཞེས་སོགས་སོ།།
འགྲོ་མགོན་འཕགས་པ་ལ་གུ་ཤྲིའི་ལུང་དང་གཡང་ཊིའི་ཐམ་ག་བཅས་གནང༌། ས་སྐྱའི་གདུང་རབས་ལས་བྱུང་བ་ལྟར། འགྲོ་མགོན་འཕགས་པས་གོང་མ་སེ་ཆེན་ཧན་ལ་སླར་ཡང་བོད་ཀྱི་དགོན་སྡེ་ཁག་ལ་གསེར་ཡིག་པ་དང་ཧོར་དམག་གིས་འཚེ་བ་མི་བྱེད་པ་དང༌། འུ་ལག་མི་བསྐུལ་བ། ཁྲལ་མི་འདེད་པ་སོགས་ཀྱི་བཀའ་ཤོག་ཞུ་བ་ཇི་བཞིན་ཞལ་གྱིས་བཞེས་ནས། འཇའ་ས་གཉིས་པ་རབ་བྱུང་བཞི་པའི་ཤིང་བྱི་སྤྱི་ལོ་1264ལོར་འཇའ་ས་མུ་ཏིག་མ་ཞེས་པ་དགེ་འདུན་པ་རྣམས་ལ་ཁྲལ་འུ་རིགས་ཐམས་ཅད་ཆག་ཡངས་བྱ་རྒྱུ་དང་། དགེ་འདུན་པ་རྣམས་ཀྱིས་ཀྱང་ཐོས་བསམ་སྒོམ་གསུམ་ཡང་དག་པ་བྱ་དགོས་པའི་བཀའ་ཡིག་གནང་། བཀའ་ཡིག་གི་དོན་མདོར་བསྡུས་པར། དེ་ལྟར་ལུགས་བཞིན་བྱེད་པའི་དགེ་འདུན་རྣམས་ལ་གཞན་དམག་དཔོན་དང༌། དམག་མི། མཁར་དཔོན། ད་ར་ཁ་ཆེ། གསེར་ཡིག་པ་ལ་གཏོགས་པ་གང་གིས་ཀྱང་རེ་རྒྱུ་མ་བྱེད། དམག་ཁྲལ་ལས་གསུམ་གང་ཡང་མ་བཀོད་པར། ཤཱཀྱ་མུ་ནེའི་ལུགས་ལས་ལོག་པ་མི་བྱེད་ཅིང་གནམ་མཆོད་པ་དང༌། ངེད་ཀྱི་སྨོན་ལམ་འདེབས་ཀྱིན་སྡོད་ཆུག འདས་ནས་འཛིན་རྒྱུའི་འཇའ་ས་བྱིན་པ་ཡིན། དགེ་འདུན་རྣམས་ཀྱི་ལྷ་ཁང་དང་ཁང་པར་གསེར་ཡིག་པ་མ་བབས་སུ་ཆུག ཟ་མ་འུ་ལག་མ་ལེན་དུ་ཆུག ལྷ་ཁང་ལ་གཏོགས་པའི་ས་ཆ་དང༌། ཆུ་དང༌། ཆུ་འཐག་ལ་སོགས་པ་ཅི་ཡིན་པ་ཐམས་ཅད་མ་འཕྲོག་མ་འཐེན་ཆུག ལུགས་མེད་ཀྱི་ཤེད་མ་ཚོང་ཆུག དགེ་འདུན་རྣམས་ཀྱིས་ཀྱང་འཇའ་ས་ཡོད་པ་ཡིན་ཟེར་ནས་ཤཱཀྱ་མུ་ནེའི་ལུགས་ལས་ལོག་པ་བྱེད་པར་གར་འཐད། ཞེས་སོགས་ཡིན་འདུག
● འཇའ་ས་གཉིས་པ་མུ་ཏིག་མ་མཚོན་བྱེད
སྐབས་དེར་འགྲོ་མགོན་འཕགས་པ་ཧོར་སེ་ཆེན་རྒྱལ་པོའི་དབུ་བླ་རུ་བཀུར་ཅིང༌། སེ་ཆེན་ཧན་གྱིས་བོད་ཁམས་ཡོངས་ཀྱི་བདག་པོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བསྐོ་རྒྱུའི་རྨང་བཏིང༌། འོན་ཀྱང་འཕགས་པ་སྐུ་ན་ཕྲ་བས་བོད་ཀྱི་ཆོས་སྲིད་གང་ཐད་ནས་ཉམས་མྱོང་དང༌། མཐོང་རྒྱ་ཆེ་བ། བོད་ཡུལ་དུ་མཚན་སྙན་ཆེ་ཞིང་ཀུན་གྱིས་བཀུར་བའི་བླ་མ་ཞིག་གདན་དྲངས་ནས་བོད་སྲིད་སྐྱོང་དུ་བཅུག་རྒྱུའི་དགོངས་བཞེས་ཀྱིས་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི་གདན་དྲངས་པའི་བཀའ་ལུང་དང་བཅས་ཕོ་ཉ་པ་བཏང་སྟེ་སྤྱན་དྲངས། རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ་1255ལོར་རོང་ཡུལ་གསེར་གཏོད་ཅེས་བྱ་བར་རྒྱལ་བུ་ཁུ་པི་ལི་དང་མཇལ། རྒྱལ་བུ་དང་ཡོན་མཆོད་འཕྲད་པས་རྟག་ཏུ་བཞུགས་པར་གསོལ་བ་བཏབ་ཀྱང་མ་འོངས་པར་ཕྲག་དོག་འབྱུང་བར་མཁྱེན་པས་ཞལ་གྱིས་མ་བཞེས་པར་རྒྱལ་སྲས་ཅུང་ཡིད་ཆད། དེ་ནས་རིམ་བཞིན་ཕེབས་མཐར་རབ་བྱུང་བཞི་པའི་མེ་འབྲུག་སྤྱི་ལོ་1256ལོར་འོང་གེའི་ཡུལ་ཁམས་ཕོ་བྲང་ཆེན་པོ་ཟིར་འུ་དོར་བྱོན། རྒྱལ་པོ་མོང་གོར་གན་དང་མཇལ། རྒྱལ་པོ་དེ་སོག་པོ་ཨེརྒ་བོའི་ལྟ་གྲུབ་འཛིན་བཞིན་ཡོད་པ་དེ་ལས་ལྡོག་སྟེ་སངས་རྒྱས་ཆོས་ལུགས་པར་བསྒྱུར། དབང་བསྐུར། བཀའ་ཆོས་གནང༌། བཙོན་ཐམས་ཅད་ཐོངས་ཞེས་གསུངས་ཏེ་བཙོན་ཁང་སྤྲུགས་ཐེངས་བཅུ་གསུམ་ཞུས་པ་གནང༌། ཧོར་གྱི་མི་ཡུར་ཆེན་མོ་བཅད། ཆབ་འོག་གི་མི་ཐམས་ཅད་ལ་དུས་ཆེན་བཞི་ལ་སྲོག་མི་གཅོད་པ། ཉ་སྟོང་ལ་བསྙེན་གནས་སྲུང་བ། དགེ་བ་བཅུ་ལ་སྤྱོད་དགོས་པའི་དྲིལ་བསྒྲགས། གུ་རུམ་དུ་རྒྱལ་པོ་ཉིད་ཀྱིས་ཕྱག་ལེན་མཛད་ནས་ལྷ་ཁང་དཔག་མེད་བཞེངས། རྒྱ་ཧོར་ཡུ་གུར་མི་ཉག་ཐམས་ཅད་དུ་ལྷ་ཁང་མཆོད་རྟེན་རྙིང་གསོ་གསར་བཞེངས་ཀྱི་ལུང་དང་ཡོ་བྱད་བཀྱེས། དེ་རྗེས་རྒྱ་ཧོར་གྱི་ས་ཆ་མང་པོར་ཕེབས་ཏེ་འགྲོ་དོན་བསྐྱངས་པ་དང༌། རྫུ་འཕྲུལ་ཡང་དུ་མ་བསྟན་པར་གྲགས། རྒྱལ་པོ་མོང་གོར་ཧན་རབ་དུ་དད་ནས་ཇི་སྲིད་འཚོ་བའི་བར་དུ་འབྲལ་མེད་དུ་བཞུགས་པར་གསོལ་བ་བཏབ་ཀྱང་དུས་ཀྱི་འཕོ་འགྱུར་རྣམས་མཁྱེན་ཏེ་ཞལ་གྱིས་མ་བཞེས་པར་བོད་དུ་ཕེབས་དགོས་ཚུལ་རྣམས་གསུངས། རྒྱལ་པོའི་ཞལ་ནས། ཁྱེད་ལ་ངའི་ལུང་གིས་ཆེ་བར་བསྐོས་ཏེ་ཐམས་ཅད་ལ་ཤེས་སུ་བཅུག བན་དེ་རྣམས་ལ་ཆོས་བྱེད་དུ་ཆུག ཁྲིམས་ལེགས་པར་གྱིས་གསུངས་པར། ཀརྨ་པས། ང་ལ་འཇིག་རྟེན་གྱི་ལུང་གི་ཆེ་བ་གང་ཡང་མི་དགོས་གསུངས། ཞལ་གྱིས་མ་བཞེས། རབ་བྱུང་བཞི་པའི་ལྕགས་སྤྲེལ་སྤྱི་ལོ་1260ལོར་སེ་ཆེན་ཧན་ཁུ་པི་ལི་གོང་མའི་ཁྲིར་འཁོད་ནས་ཧོར་གྱི་རྒྱལ་པོར་གྱུར། རྒྱལ་བུ་ཨ་རིག་བོ་གའི་རྩར་བཞུགས་ཡོད་པའི་གྲུབ་ཐོབ་ཀརྨ་པཀྵི་གཤེད་མ་བཏང་ནས་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་གཅོད་པར་རྫུ་འཕྲུལ་སྣ་ཚོགས་ཀྱིས་བཟློག་ཚུལ་མཁས་པའི་དགའ་སྟོན་སོགས་སུ་གསལ་བ་ལྟར་རོ། རབ་བྱུང་བཞི་པའི་ཤིང་གླང་སྤྱི་ལོ་1265ལོར་སེ་ཆེན་གོང་མའི་བཀའ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཆིབས་ཁ་བསྒྱུར། དཔལ་ལྡན་ས་སྐྱའི་གདན་སར་ཞབས་སོར་འཁོད་པ་དང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་གཙོ་འགན་གཅིག་ལྕོགས་སུ་བཞེས་ཏེ་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་སྲིད་དབང་དངོས་སུ་འགོ་ཚུགས་སོ། །