མཚན་གཉིད་ལོག་པའི་སྤངས་བླང་བསྟན་པའི་གཏམ་པད་དཀར་ཆུན་པོ།

དཔའ་བུ་ཀརྨ་དགེ་ལེགས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-18


སྤྱིར་ན་ཉིན་དཀར་ནི་ས་སྟེང་གི་སྲོག་ཆགས་ཕལ་ཆེ་བ་ཡར་ལངས་ནས་རང་རང་གི་འཚོ་ཐབས་ལ་འབད་དགོས་པའི་དུས་ཞིག་རེད་ལ། མཚན་མོ་ནི་སྲོག་ཆགས་དེ་ཚོ་ངལ་གསོ་ནས་གཉིད་དགོས་པའི་དུས་ཚོད་ཞིག་རེད། འོན་ཀྱང་དེང་གི་དུས་འདིར་མི་རྣམས་ཀྱི་མཚན་མོ་གཉིད་ཀྱི་དུས་སུ་མི་ཉལ་བ། ཆ་འཕྲིན་གྱི་དེང་རབས་འདིར་ཁ་པར་ནང་གི་འཕྲིན་ཕྲན་དང་། པོད་འཕྲན། ཁྱེའུ་འཕྲིན། འཕུར་འཕྲིན་བཅས་ཀྱི་ནང་དུ་གློག་བརྙན་བལྟ་བ་དང་། དེ་མིན་གྱི་རྩེད་ཆས་སྣ་ཚོགས་ལ་འཚོ་བ་རོལ་ནས་ལོ་ཆུང་ཚོ་མཚན་མོ་གཉིད་ཀྱི་སྐབས་སུ་མི་གཉིད་པར་དུས་ཚོད་བཅུ་གཉིས་ལས་བརྒལ་བ་དང་། ཡང་ན་དུས་ཚོད་གཉིས་གསུམ་བར་གཞི་ནས་གཉིད་བཞིན་ཡོད། ཁྱད་པར་དུ་ཆང་ཁང་དང་བག་ཁང་། ཤོ་ཁང་བཅས་ཀྱི་ནང་ཉིན་མཚན་མང་པོ་གཏན་ནས་མི་གཉིད་པར་འདུག་མཁན་ཇེ་མང་རེད། དེ་ཕྱིར་སྐབས་འདིར་གཉིད་ལོག་གི་སྤྱོད་ལམ་སྤངས་བླང་བསྟན་པ་སྟེ། བོད་ཀྱི་གསོ་རིག་དཔལ་ལྡན་རྒྱུད་བཞི།ལས། མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག།།མ་ལོག་ནང་པར་མྱུང་བྱ་ཕྱེད་གཉིད་ལོག།།ར་རོ་སྟོབས་ཟད་མྱ་ངན་རྩོལ་བས་དུབ། །སྨྲ་མང་རྒས་དང་འཇིགས་པའི་མི་རྣམས་ལ། །སོ་ག་རྩུབ་ཅིང་མཚན་མོ་འཐུང་བས་ན། །
ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར། །ཉིན་པར་གཉིད་ལོག་སྣུམ་ལྕི་འགྱུར་བས་ཕན། །ཞེས་གསུངས་པ་དང་། གཉིད་ཞེས་པ་ནི་ལུས་དང་ངག་དང་ཡིད་གསུམ་སྟེ་སྒོ་གསུམ་གྱི་དབང་པོ་ནང་དུ་བསྡུས་ནས། ལུས་ཀྱི་ཤ་གྲིམས་དང་རུས་ཚིགས་རྩ་རྒྱུས། དོན་ལྔ་སྣོད་དྲུག་རྣམས་ལྷོད་ཅིང་ལུས་སེམས་གཉིས་ཀ་ཅུང་བཏང་སྙོམས་སུ་གནས་ནས་ངལ་གསོ་བའི་དུས་ཞིག་ཡིན་པས། མི་གང་ཞིག་མཚན་མོ་གཉིད་ཀྱི་དུས་སུ་མ་གཉིད་ན། འབྱུང་བ་རླུང་གི་ཡང་གཡོའི་རྩུབ་པའི་མཚན་ཉིད་དེ་ཆེས་ཆེར་འཕེལ་ནས་རླུང་རང་བསྐྱེད་པའི་ཕྱིར། དུས་ཐོག་གཉིད་དགོས་པ་གལ་ཆེ་གསུང་འདུག གལ་ཏེ་མཚན་མོ་གཉིད་གཏན་ནས་མ་ལོག་ན། དེའི་ཕྱི་ཉིན་དུ་ཟས་མ་ཟོས་པར་མྱུང་བར་བྱས་ལ། སྔ་ཉིན་གཉིད་མ་ལོག་པ་དེའི་ཡུན་གྱི་ཕྱེད་ཀ་ཙམ་དུ་གཉིད་ལོག་པར་བྱ་དགོས། དེ་ནི་སྤྱིར་བཏང་གྱི་དབང་དུ་གསུངས་པ་ཡིན་ལ། དམིགས་བསལ་དུ་ཆང་གི་ར་རོ་བ་སྟེ་བཟི་བ་དང་། ལུས་ཟུངས་ཞན་པ་སྟེ་ལུས་ཀྱི་སྟོབས་ཟད་པ། སྨྲ་བ་ཧ་ཅང་མང་བ་དང་། ལོ་ན་རྒས་པའི་མི། འཇིགས་ཤིང་སྐྲག་པའི་མི་རྣམས་ལ་ནི། ནམ་ཟླ་སོ་ག་ཞེས་བོད་ཟླ་གསུམ་པ་དང་བཞི་པའི་དུས་སུ་འབྱུང་བ་རྩུབ་ཅིང་ཡང་བའི་མཐུ་སྐྱེད་ཅིང་མཚན་མོའང་ཐུང་བ་ཡིན་པས། ལུས་ཀྱི་སྟོབས་དང་གཟི་མདངས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར། ཉིན་པར་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བ་འགྱུར་བས་ཕན་ཏེ་རླུང་འཇོམས་ཤིང་སྟོབས་འཕེལ་བར་བྱེད་པ་ཡིན་ནོ། །སྤྱིར་བཏང་ཆུ་ཚོད་ཀྱི་དབང་གི་ངོས་འཛིན་ན་ཉིན་ཞག་གཅིག་ནང་ཆུ་ཚོད་བདུན་དང་། མཚན་མོ་ཐུང་བའི་དུས་ཆུ་ཚོད་བརྒྱད་ཙམ་གཉིད་ལོག་དགོས་པ་རེད། གཉིད་པའི་དུས་ཚོད་ཆེས་ལེགས་ཤོས་ནི་དགོང་མོ་ཆུ་ཚོད་བཅུ་པ་ནས་ཐོ་རེངས་ཆུ་ཚོད་བཞི་པ་དང་ལྔ་པའི་བར་དུ་ཡིན་ཟེར། མཚན་གཉིད་ལེགས་པོ་མི་ཁུག་པའི་རྒྱུ་ནི་འདི་ལྟ་སྟེ། ཕྱི་ལུས་ཀྱི་འབྱུང་བ་འཁྲུགས་ནས་ལུས་ཁམས་མི་བདེ་བས་མཚན་གཉིད་མི་ཁུག་པ་དང་། ནང་སེམས་ཁམས་མི་སྙོམས་པས་རིག་པ་གཅུན་དྲགས་པ་དང་སེམས་ལས་མང་བ། ཡང་ན་དགའ་ཆེ་བ་དང་། སྡུག་དྲགས་པ་སོགས་ཀྱི་གཉིད་ལེགས་པོ་མི་ཁུག་པ་རེད།

གཉིད་ལོག་པའི་ཐབས་ཤེས་བསྟན་པ། སྤྱིར་ན་ལུས་ཁམས་ལ་བདེ་ཐང་ཡོང་ཐབས་དང་སེམས་ཁམས་སྙོམས་སྒྲིག་བྱ་རྒྱུ། དེངས་རབས་སྤྱི་ཚོགས་ཀྱི་རྙོག་འཛིང་ཅི་འདྲ་ཆེ་རུང་། དགའ་སྡུག་གང་འདྲ་བྱུང་ཚེ་བློ་བརྟན་པོའི་སྒོ་ནས་བཟོད་པའི་སྙིང་པོ་ལེན་དགོས་པ་དང་། གལ་ཏེ་མཚན་གཉིད་མི་ཁུག་པ་ཉིན་ཞག་གསུམ་ཡན་བྱུང་ན། འོ་མ་དང་། མར་ཁུ། ཤ་ཁུ། བུ་རམ་སྨུག་པོ། ཆང་རྙིང་བ་བཅས་ནུས་པ་དྲོ་ལ་བཅུད་དང་ལྡན་པའི་ཟས་སྐོམ་རྣམས་བསྟེན་དགོས་སོ། །

གོང་གི་གཉིད་ཀྱི་དུས་ཚོད་བསྟན་ཟིན་པ་ལས། འོག་ཏུ་གཉིད་ཆེ་བའི་སྐྱོན་མདོར་ཙམ་བསྟན་པ་ལས། དུས་རྒྱུན་ཉིན་དཀར་སོགས་ཉལ་ནས་གཉིད་ཆེ་བ་ཡིན་ན་བད་ཀན་འཕེལ་བས་ལུས་ཀྱི་ཤ་ངན་རྒྱག་པ་ཆགས་པ། ཕོ་བའི་མེ་དྲོད་ཞན་ནས་ཟས་སྐོམ་མྱག་བཞུ་དངས་སྙིགས་ལེགས་པོ་མི་ཕྱེད་པ། མ་ཞུ་བའི་ནད་རིགས་དུ་མ་བསྐྱེད་པའི་རྒྱུ་འགྱུར་བར་བྱེད་པ། རིག་པ་མི་དྭངས་བར་མ་ཚད། མགོ་ན་བ། སྒྱིད་པ་སྐྱུར་བ། ཁྲག་གི་འཁོར་རྒྱུགས་མ་ལག་དལ་རུ་འགྲོ་ནས་སྙིང་ཀླད་ཁྲག་རྩའི་ནད་རིགས་དུ་མ་བསྐྱེད་པ། གལ་ཏེ་གཉིད་འཕེལ་དྲག་ན་སྐྱུགས་བཏང་བ་དང་། ཟས་མི་བཟའ་ཉུང་བར་བྱ་རྒྱུ། བུད་མེད་མཛེས་མ་བསྟེན་རྒྱུ་བཅས་བྱའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1