包村干部卢国勇在花卉基地
དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་གླིང་ཆུ་ཁ་གྲོང་སྡེར་སྐྱོད་དུས་མཛེས་སྡུག་གི་མེ་ཏོག་ལྡུམ་ར་ཞིག་ཏུ་སླེབས་པའི་སྣང་བ་སྦྱིན་འོང་སྟེ། ལྗང་ལྡེམ་ལྡེམ་གྱི་ལྗོན་པའི་ཚལ་དུ་བོད་ལུགས་ཀྱི་ཁྱད་ཆོས་འབུར་དུ་དོད་པའི་ཁང་ཁྱིམ་རེ་རེ་མངོན་པར་གསལ་ཞིང་། གཙང་དག་གི་ར་སྐོར་རེ་རེའི་ནང་དུ་དཀར་སེར་དམར་ལྗང་གི་མེ་ཏོག་ལྷུག་པོར་བཞད་པ་དང་། ཀྱག་ཀྱོག་ཏུ་འཐེན་པའི་ལམ་ཕྲན་རེ་རེས་གྲོང་སྡེ་འདིའི་དུད་ཁྱིམ་རེ་རེ་མཛའ་མཐུན་གྱིས་སྦྲེལ་ནས་འདུག
གྲོང་སྡེ་འདི་ནི་རྒྱལ་ལམ་317གྱི་ཉེ་འགྲམ་དུ་ཆགས་ཤིང་། ཆུ་ཚན་དང་སྔོ་ཚལ་ལས་རིགས་ལ་བསྟེན་པའི་ཞིང་སྡེ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་སྡེ་ཞིག་ཡིན་ཏེ། དཀར་མཛེས་རྫོང་གིས་ཞིང་འབྲེལ་རྣམ་གྲངས་མཉམ་བསྡུ་བྱས་ནས་གླིང་ཆུ་ཁ་གྲོང་སྡེར་བདེ་སྐྱིད་མཛེས་སྡུག་གི་གྲོང་སྡེ་གསར་པ་ཞེས་པ་འཛུགས་སྐྲུན་བྱས།
དཀར་མཛེས་རྫོང་གིས་ཞིང་ལས་དང་ཡུལ་སྐོར་ལས་རིགས་མཉམ་སྒྲུབ་དང་། ཐོན་ལས་དང་གྲོང་སྡེའི་འཛུགས་སྐྲུན་མཉམ་འདྲེས་ཀྱི་འདོད་ཚུལ་གཞིར་བཟུང་། གླིང་ཆུ་ཁ་གྲོང་སྡེའི་རིག་གནས་ཀྱི་སྙིང་པོ་སྔོག་འདོན་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ཁྲོད་དུ་མཆོད་རྟེན་གཅིག་དང་། སྤྱི་གླིང་གཅིག དྲན་གསོ་ཁང་གཅིག་བཅས་བསྐྲུན་པར་བརྒྱུད། གླིང་ཆུ་ཁ་གྲོང་སྡེའི་ཆོས་ལུགས་རིག་གནས་དང་དམངས་སྲོལ་རིག་གནས། ཡུལ་སྐོར་རིག་གནས་དང་གསར་བརྗེའིི་རིག་གནས་གསལ་པོར་མངོན་པར་མ་ཟད། གཞན་གླིང་ཆུ་ཁ་གྲོང་སྡེ་སྤྱིའི་ཁྱད་ཆོས་དང་ཡུལ་ཁམས་ཀྱི་ཁྱད་ཆོས་ཀྱང་གསལ་པོར་མངོན་ཡོད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། ཤེས་ལྡན་མི་སྣའི་གསོ་སྦྱོང་བཅས་རིགས་ཆེན་པོ་གསུམ་དུ་འདུ་ཞིང་། དེའང་གྲོང་སྡེའི་སྡོད་ཁང་དང་གློག་དྲ། ཆུ་ཚན། དམངས་ཁྱིམ་སྣེ་ལེན་ཁང་གི་བསྒྱུར་བཀོད། དྲོད་ཁང་སྨྱུག་གསོ་དང་འདེབས་འཛུགས་སྤྱིལ་བུའི་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྐྱོང་སྦྱོང་བརྡར་བྱ་བ་སོགས་ནང་གསེས་སུ་རྣམ་གྲངས་ཆུང་གྲས་22ལ་དགར་ཆོག
དཀར་མཛེས་གྲོང་རྡལ་གྱི་གོང་མངགས་ལས་འཛིན་ལས་བྱེད་པ་ལུའུ་ཀུའོ་ཡུང་གིས་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པར་བཤད་རྒྱུར། ཕྱིན་ཆད་གླིང་ཆུ་ཁ་གྲོང་སྡེ་ནི་དཀར་མཛེས་གྲོང་རྡལ་གྱི་ཕྱི་ཕྱོགས་སྒེའུ་ཁུང་ལྟ་བུ་ཞིག་ཡིན་ངེས། དུས་དེར་ཆུ་ཚན་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་ཐུབ་པ་དང་། དེའི་སྟེང་དུ་ཉེ་འགྲམ་གྱི་མཆོད་རྟེན་དཀར་པོའི་སྤྱི་གླིང་དང་ཚེ་ཐར་རྫིང་བུ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་། ན་འདམ་སོགས་ཀྱི་ཐོན་ཁུངས་བསྣན་ན་ཆུ་ཚན་གྱི་ཁྱད་ཆོས་ལྡན་པའི་ཞིང་གྲོང་ཡུལ་སྐོར་བྱ་བ་དེ་འཕེལ་རྒྱས་སུ་གཏང་ཐུབ་ཟེར།
དཀར་མཛེས་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་དེ་མཛེས་པའི་གྲོང་སྡེ་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་རུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་རོགས་སྐྱོར་དང་ཕྱོགས་བསྡུས་མ་འཇོག་ལ་ཤུགས་སྣོན་བརྒྱབ་ནས། ཞིང་པ་མང་ཚོགས་ཀྱི་སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་དང་། ཆུ་ཚན་སྣེ་ལེན་ཁང་། དམངས་ཁྱིམ་སྣེ་ལེན་ཁང་། ཐུན་མོང་དཔལ་འབྱོར་སོགས་ཐོན་ལས་གསུམ་པར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱ་བར་མ་ཟད། གྲོང་སྡེའི་དམངས་ཁྱིམ་དང་བོད་ཀྱི་རིག་གནས། ཁྱད་ལྡན་ཟས་རིགས་སོགས་ཀྱི་འབྱུང་རྒྱུ་མཉམ་དུ་བསྲེས་ཏེ་ལྟད་མོ་དང་སྤྲོ་གསེང་། ཉམས་ལེན་བཅས་གཞི་གཅིག་ཏུ་བྱས་པའི་གྲོང་སྡེའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་བར་ཁྱམས་གསར་པ་ཞིག་བསྐྲུན་ཏེ་ཕྱོགས་ཡོང་ནས་ཞིང་གྲོང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་བཞིན་ཡོད།
གྲོང་གསར་འཛུགས་སྐྲུན་ལེགས་གྲུབ་བྱུང་རྗེས་གནས་འདིར་ཡོང་སྟེ་སྤྲོ་གསེང་གཏོང་མཁན་ཇེ་མང་ཡིན་པས་ཚོང་ཡང་ཇེ་བཟང་དུ་འགྲོ་ངེས་རེད། བདག་གིས་སྡོད་ཁང་གསར་པ་འདི་བརྒྱབ་ཚར་རྗེས་བརྩེགས་འོག་གི་ཁང་མིག་བཅུ་པོ་ཆུ་ཚན་སྣེ་ལེན་ཁང་དུ་བསྒྱུར་རྒྱུ་ཡིན་ཞེས་གྲོང་མི་པདྨ་མགོན་པོས་སེམས་པ་ཡིད་ཆེས་ཀྱིས་ཁེངས་ཏེ་གསར་འགོད་པར་རང་ཉིད་ཀྱི་འཆར་གཞི་གླེང་།
རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་རྫོང་གིས་གླིང་ཆུ་ཁ་གྲོང་སྡེའི་དུད་ཁྱིམ་12ལ་ཆུ་ཚན་སྣེ་ལེན་ཁང་དང་། དུད་ཁྱིམ་15ལ་དམངས་ཁྱིམ་སྣེ་ལེན་ཁང་བཙུགས་ཡོད་པར་མ་ཟད། སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་སྤྱིལ་བུ་སྨི་གྲུ་བཞི་མ་3600བཙུགས་ཡོད་པ་དང་། གཞན་ད་དུང་ཡུལ་སྐོར་ལས་གཉེར་མི་སྣ་དང་འཛུགས་སྐྲུན་ལག་རྩལ་མི་སྣ། སྔོ་ཚལ་དང་མེ་ཏོག་འདེབས་འཛུགས་མི་སྣ་སོགས་ལ་གསོ་སྐྱོང་སྦྱོང་བརྡར་བྱས་ཡོད།
ཡིད་འོང་གི་སྐྱེ་ཁམས་ཁོར་ཡུག་དང་ཆ་ཚང་བའི་རྨང་གཞིའི་སྒྲིག་ཆས། མཛེས་སྡུག་གི་ཐོན་ལས་མདུན་ལྗོངས་སོགས། ད་ལྟ་གླིང་ཆུ་ཁ་གྲོང་སྡེ་འདི་དཀར་མཛེས་རྫོང་གི་མཛེས་པའི་གྲོང་སྡེ་འཛུགས་སྐྲུན་གྱི་མཚར་སྡུག་གི་ཡུལ་ལྗོངས་ཤིག་ཏུ་གྱུར་ཞིང་། གྲོང་སྡེ་འདིའི་མང་ཚོགས་ཀྱི་གདོང་ན་ཤར་བའི་འཛུམ་མདངས་ནི་མཛེས་པའི་གྲོང་སྡེ་གསར་པའི་བདེ་སྐྱིད་ཀྱི་ཕྲ་རྒྱན་ཞིག་གོ། །
ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྡོད་ཁང་། དཀོན་རྡོས་པར་བླངས།
具有地域特色的民居 图 / 根多