ལི་ཐང་རྫོང་ཁ་ཤུས་སྡེ་བ་རྗེས་ལུས་ནས་སྔོན་ཐོན་གྲོང་གིའགྱུར་ལྡོག

ཡེ་ཆང་ཐིང་། ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-17


མཐོ་སྒང་གི་གནམ་གཤིས་གྲང་བར་འགྱུར་བ་དང་བསྟུན་ནས་ཡུལ་སྐོར་བ་ཇེ་ཉུང་དུ་སོང་བས་དཀར་མཛེས་ཁུལ་ལི་ཐང་རྫོང་དཔོན་སྐོར་ཡུལ་ཤོག་ཁ་ཤུས་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་པེན་གྱིས་སྡེ་བའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་བསྡུས་ནས་སང་ལོར་ཧོ་ཆུ་བཀྲ་ཤིས་འབྲོག་ར་ཇེ་ཆེར་གཏང་བ་དང་ཆེད་ལས་མཉམ་ལས་ཁང་སྟོབས་ཆེར་གཏང་དགོས་པའི་སྐོར་ཇུས་འགོད་བྱེད་འགོ་ཚུགས། ལོ་མང་པོའི་སྔོན་ལ། གྲོང་སྡེ་འདི་ནི་དོ་དམ་རྙོག་འཛིང་ཆེ་ཞིང་ཁྲིམས་འགལ་ལུགས་དཀྲུག་གི་དོན་རྐྱེན་རྒྱུན་དུ་བྱུང་བའི་གནད་དོན་མང་བའི་གྲོང་སྡེ་དཔེ་མཚོན་ཅན་ཞིག་ཡིན། ལོ་གཉིས་ཀྱི་རིང་འབད་བརྩོན་བྱས་པར་བརྒྱུད། གྲོང་སྡེ་རིམ་པའི་འགོ་ཁྲིད་ཚན་ཁག་གི་འཐབ་ཤུགས་མངོན་གསལ་ཐོན་པས་དེང་རབས་འབྲོག་ར་བསྐྲུན་པ་དང་མ་ཁ་འདེབས་འཛུགས་གོང་སྤེལ་བཏང་ནས་གོམ་པ་རེ་རེ་བཞིན་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེའི་ཕྱོགས་སུ་སྐྱོད་བཞིན་ཡོད།

ཁ་ཤུས་སྡེ་བར་ཁྱོན་དུད་ཚང་157དང་མི་གྲངས་1112ཡོད་ལ། དཔོན་སྐོར་ཡུལ་ཤོག་གི་སྲིད་འཛིན་གྲོང་ཚོ་ཆེ་ཤོས་ཤིག་ཡིན། དུས་ད་ལྟའི་བར་དུ། ཁ་ཤུས་སྡེ་བ་ནི་བརྟན་བརླིང་སྲུང་སྐྱོང་གི་གཙོ་གནད་ས་ཁུལ་དུ་བཟུང་ཞིང་། སྡེ་བའི་ནང་གི་འགལ་བ་མང་པོ་ཞིག་ཐག་གཅོད་བྱ་མ་ཐུབ་པས་དམངས་ཕན་སྲིད་ཇུས་དང་དམངས་འཚོའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་མ་ཐུབ་པར་དཔལ་འབྱོར་འཕེལ་རྒྱས་རྗེས་སུ་ལུས་པས་སྡེ་མི་རྣམས་ལ་ལེ་བདའ་དང་འཁང་ར་མང་པོ་ཡོད།

དཀའ་སྡུག་ཇི་འདྲ་ཆེ་ནའང་བློ་སྤོབས་ཞུམ་མི་རུང་། རྒྱལ་གཅེས་ཁྲིམས་སྲུང་དང་དྲིན་ཚོར་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་བྱེད་པའི་དུས་མཚུངས་སུ། སྤྱི་ལོ་2013ལོའི་ཟླ་6པར་རྫོང་ཐོག་ནས་ཁ་ཤུས་གྲོང་ཚོ་མི་གྲངས་60ཡིས་དུས་ཡུན་ཉིན་15ཡི་རིང་ཁྲིམས་ལུགས་གསོ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས། ཁོ་ཚོས་བཅའ་ཁྲིམས་འདུ་ཤེས་མཐོར་འདེགས་སུ་བཏང་ནས། གསོ་སྦྱོང་མི་སྣར་ནང་སེམས་ཀྱི་སློབ་གསོ་ཐོབ་ཏུ་བཅུག་པ་དང་རང་ངོས་ཀྱི་ནོར་འཁྲུལ་ངོས་འཛིན་བྱས། སྡེ་བའི་ནང་གི་དུས་ཡུན་རིང་པོར་ཐག་གཅོད་བྱ་མ་ཐུབ་པའི་འགལ་འདུ་དང་ཁྱིམ་རྒྱུད་ཀྱི་འགལ་ཟླ་ཐག་གཅོད་གང་ལེགས་བྱས་ཏེ་འཆམ་མཐུན་དང་བདེ་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན།

2013ལོའི་ཟླ་7པར། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེ་བའི་ཚོད་ལྟའི་ལས་ཀ་དང་ཟུང་འབྲེལ་བྱས་ནས། རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཐེངས་མང་པོར་ཞིབ་འཇུག་བྱས་མཐར་ཁ་ཤུས་སྡེ་བར་ཚོད་ལྟའི་ལས་ཀ་སྤེལ། ཁ་ཤུས་སྡེ་བའི་སྐབས་བརྗེའི་འདེམས་བསྐོ་ལ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བདེ་བླག་ངང་བདམས་ཐོན་བྱུང་བ་དང་དེ་སྔོན་གྱི་ཡོང་འབབ་མཉམ་བགོ་དང་ཁྱིམ་རྒྱུད་དབང་འཛིན་ཅན་སོགས་ཀྱི་གནད་དོན་ཐག་གཅོད་བྱས། དེ་མིན་སྡེ་བའི་གྲོང་ཚོའི་རྩིས་གཉེར་པ་དེ་རྒྱུགས་སྤྲོད་དང་དཔྱད་ཞིབ་ལམ་ནས་མང་ཚོགས་དང་རྩ་འཛུགས་ཀྱི་འདོད་བློ་དང་མཐུན་པ་བྱུང་ནས་རྫོང་ཡོངས་སུ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་ལས་ཀ་སྤེལ་བར་ཉེན་བརྡ་དང་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་བྱས།

མང་ཚོགས་སྣེ་ཁྲིད་ཡག་པོ་བྱེད་པ་ནི་འཇོན་ཐང་ཞིག་ཡིན་ལ། མང་ཚོགས་ཕྱུག་འགྱུར་ཕྱོགས་སུ་ཁྲིད་པ་ནི་ནུས་པ་ཤིག་ཡིན། ཁ་ཤུས་སྡེ་བ་ཡིས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཤིང་དམངས་འཚོའི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱས། 2013ལོར་། ལི་ཆུ་ཟམ་ཆེན་ལས་འགོ་ཚུགས་རྗེས། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་མི་ཐེངས་2000 ལྷག་ཙམ་ལས་ཞུགས་བྱེད་དུ་འཇུག 2014 ལོར་ལས་གཞི་བསྐྲུན་ཚར་རྗེས། སྡེ་མི་འགྲོ་འོང་བྱེད་པར་འགྲིམ་འགྲུལ་སྟབས་ཇེ་བདེ་རུ་གྱུར།

2014 ལོར། རྒྱལ་ལམ་318དང་ཞིང་ཆེན་རིམ་པའི་གཞུང་ལམ་217གིས་གཞུང་ལམ་དང་ལམ་རྒྱུད་ཀྱི་ཁྱད་ཆོས་ལ་བརྟེན་ནས། གྲོང་ཚོ་དེའི་འབྲོག་ལས་དང་ཡུལ་སྐོར་ཟུང་འབྲེལ་བཅས་གཙོ་བོར་བྱས་པའི་དེང་རབས་ཀྱི་འབྲོག་ཁུལ་བསྐྲུན་པ་དང་ཧོ་ཆུ་བཀྲ་ཤིས་འབྲོག་ཁུལ་ཆེད་ལས་མཉམ་ལས་ཁང་བཙུགས། འབྲོག་ར་གཉེར་ལས་བྱེད་འགོ་བཙུགས་རྗེས་སྡེ་བའི་མ་མཐའི་འཚོ་བ་འགན་སྲུང་མི་སྣ་8ཀྱིི་ལས་ཞུགས་ཐག་གཅོད་བྱས་ཐུབ་ཡོད་པར་མ་ཟད། སྡེ་བའི་འབྲོག་པ་མང་ཚོགས་ཀྱི་ལོ་རེར་ཡོང་འབབ་སྒོར་ཁྲི་50 ལྷག་ཙམ་འཕར་བས་ཐོན་སྐྱེད་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཤིང་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་།

གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་སྣེ་ཁྲིད་འོག་ས་ཞིང་འཁོར་རྒྱུག་དང་ཚོང་འགུག་དངུལ་འདྲེན་བྱེད་སྟངས་བརྒྱུད་ནས་ལི་ཐང་རྫོང་གྲོང་ཁྱེར་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་འབྱེད་སྤྱི་གཉེར་ཁང་ནང་འདྲེན་བྱས་ནས་གྲོང་ཚོ་དེའི་བཀོལ་སྤྱོད་མ་བྱས་པའི་ས་ཞིང་དུ་མ་ཁ་འདེབས་འཛུགས་བྱས་པས་སྡེ་བའི་འབྲོག་པའི་ལོ་རེའི་ཡོང་འབབ་སྒོར་ཁྲི65.5ལ་ཟིན་ཡོད། སྡེ་བའི་གཞོན་ནུ་རྣམས་ལ་སྤྱི་གཉེར་ཁང་དེས་འདེབས་འཛུགས་གསོ་སྦྱོང་བྱས་སྟེ་རྗེས་མར་སྡེ་བ་ཡོངས་སུ་ཁྱབ་སྤེལ་གཏང་རྒྱུ་རེད། སྡེ་བའི་ཨུ་ལྷན་གཉིས་དང་་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་བྱས་པར་བརྒྱུད། གྲོང་སྡེ་སྤྱིའི་ལོ་རེའི་ཡོང་འབབ་སྒོར་ཁྲི་130ལྷག་ལ་ཟིན་ཞིང་། གྲོང་སྡེའི་དུད་ཚང་157དང་མི་གྲངས་1112ལ་ཕན་པ་ཐོབ་ཡོད།

ད་ལྟ་ཁ་ཤུས་སྡེ་བའི་གྲོང་ཨུ་ལྷན་གྱི་ཚོགས་ཁག་གིས་འཐབ་འཛིང་གི་ནུས་ཤུགས་དང་གཅིག་སྒྲིལ་གྱི་ནུས་ཤུགས་ཧ་ཅང་ཆེན་པོ་ལྡན་ཞིང་ཏང་ཡོན་མང་ཚོགས་ཀྱི་ལས་ཀའི་ཧུར་སེམས་སྔར་བས་ཇེ་མཐོར་ཕྱིན་ཡོད། དཔལ་འབྱོར་གོང་འཕེལ་དང་མང་ཚོགས་ཕྱུག་འགྱུར། གྲོང་སྡེའི་ཁོར་ཡུག་གི་རྣམ་པར་འགྱུར་བ་ཆེན་པོ་བྱུང་ཡོད་ལ་ལས་ཀ་ཁག་ནི་ཡུལ་ཤོག་ཡོངས་དང་ཐ་ན་རྫོང་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད་པས་སྔོན་ཆད་ཀྱི་རྗེས་ལུས་གྲོང་སྡེ་ད་ལྟ་སྔོན་ཐོན་གྲོང་སྡེ་རུ་རིམ་འགྱུར་བྱུང་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1