ཉེ་བའི་ལོ་འདི་འགའི་རིང་། མུ་ལི་རྫོང་གི་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་བསྟུན། རྫོང་ཡོངས་སུ་ཁྱད་ཆོས་ལྡན་པའི་ཞིང་ལས་ཀྱིས་ཡོངས་སུ་ཁྱབ་ཡོད། མུ་ལི་རྫོང་གིས་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་བཞིན་པའི་སྐབས་སུ། ཞིང་ལས་ཚོད་ལྟའི་ས་གནས་འཛུགས་པ་དང་། གསོ་སྦྱོང་གཙོ་བོར་འཛིན་པ། ཚོང་ལས་འབྲེལ་ལམ་གཏོད་པ། ཞིང་ལས་རྟེན་གཞི་འཛུགས་པ། ཁྱད་ལྡན་ཐོན་རྫས་བཟོ་བ། ཡོང་འབབ་འཕར་སྣོན་གཏང་བ་བཅས་ཀྱི་རིག་ལམ་གསར་པ་གཏན་འབེབས་བྱས་ཏེ། ཤིང་འབྲས་སྡོང་པོ་འབྲས་བུས་ཁུར་གྱིས་དུད། སྔོ་ཚལ་གཙང་མའི་རིགས་ཀྱིས་ལྡུམ་ར་བཀང་། སྨན་རྩྭ་གྲགས་ཅན་འདེབས་ཞིང་ནད་རིགས་འཇོམས་ཞེས་པའི་འཕེལ་རྒྱས་ཀྱི་འབོད་ཚིག་བཏོན་ཏེ། ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བྲིས་ཡོད།
དགེ་མཚན་ལྡན་པའི་ཆ་རྐྱེན་ལ་གཞིགས་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ།
依托优势培育特色产业
དམིགས་བསལ་གྱི་ས་རྒྱུས་གནས་ཡུལ་དང་རང་བྱུང་གི་གནམ་གཤིས་ལེགས་པའི་ཆ་རྐྱེན་ལ་གཞིགས་ནས། མུ་ལི་རྫོང་གིས་ཧུར་ཐག་གི་སྒོ་ནས་ཐོན་ལས་སྒྲིག་གཞི་ལེགས་བསྒྱུར་བྱས་ཤིང་། སྐྱོན་བྲལ་གྱི་ཞིང་ལས་དང་ཁྱད་ལྡན་གྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བྱས་ཏེ། མུ་མཐུད་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་ཁོར་ཡུག་གི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བཞིན་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་ད་ལྟའི་བར། རི་ཞིང་མུའུ་ཁྲི་1.96ལེགས་འགྲུབ་བྱུང་ཡོད་པ་དང་། ཞིང་ཁའི་ཐོན་སྐྱེད་བགྲོད་ལམ་སྟོང་སྨི་9.92འཛུགས་སྐྲུན་བྱས་ཡོད་ཅིང་། མ་རྩ་སྒོར་ཁྲི་1428.22བཏང་ཡོད། ཧུར་ཐག་གིས་ཞིང་གྲོང་འཕེལ་རྒྱས་ཀྱི་སྲིད་ཇུས་ལ་གཞིགས་ནས། ཤིང་འབྲས་དང་སྨན་རྩྭ། སྔོ་ཚལ་བཅས་ཀྱི་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།
ཁྱད་ལྡན་སྔོ་ཚལ་ཐོན་ལས་ནི་མི་ལུས་བདེ་ཐང་ལ་གནོད་པ་མེད་པའི་སྐྱོན་བྲལ་གྱི་སྔོ་ཚལ་འདེབས་འཛུགས་གཙོར་བཟུང་ཐོག རྒྱལ་ནང་གི་སྔོན་ཐོན་ལག་རྩལ་ནང་འདྲེན་གྱིས་ཉེར་སྤྱོད་ཚོད་ལྟའི་ལག་རྩལ་འཐུས་ཚང་བར་སྒྲིག་ཡོད། ཚོད་ཞིབ་བྱས་པར་བརྒྱུད་མུ་ལི་ས་ཆའི་མཚོ་འཕགས་དང་འཚམས་པའི་སྔོ་ཚལ་གྱི་གནོད་མེད་སྤུས་ལེགས་ཚོང་རྫས་ཐོན་སྐྱེད་ལག་རྩལ་ལེགས་གྲུབ་བྱུང་ཡོད། ཁྲོམ་རའི་མདུན་ལམ་ཅུང་ལེགས་པའི་གྲོང་རྡལ་དང་ཡུལ་ཤོག་ཏུ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ལག་རྩལ་དར་ཁྱབ་ཏུ་བཏང། སྔོ་ཚལ་ཐོན་སྐྱེད་ཀྱི་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་དེས་སྣེ་ཁྲིད་ཅིང་། ལག་རྩལ་མ་ལག་ཆ་ཚང་བེད་སྤྱོད་དང་འདེབས་འཛུགས་སྒྲིག་བཀོད་གང་ལེགས་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱས། ད་ལྟའི་བར། སྔོ་ཚལ་ཚོང་རྫས་ཀྱི་རྟེན་གཞི་མུའུ་2700གསར་དུ་བསྐྲུན་ཡོད་ལ། སྔོ་ཚལ་སྤྱིལ་ཁང་ཆེན་མོ་མུའུ་160དང་སྤྱིལ་ཁང་ཆུང་བ་མུའུ་1300སྒྲིག་བཀོད་དང་འཛུགས་སྐྲུན་བྱས་ཡོད། དེ་བཞིན་འགྱིག་ཁེབས་ས་ཞིང་མུའུ་2100སྒྲིག་བཀོད་བྱས་ཡོད།
ཁྱད་ལྡན་ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་ཐད་དུ་མུ་ལི་རྫོང་ཀྲུང་ལུགས་སྨན་རྫས་དཔེ་སྟོན་ལྟེ་གནས་འཛུགས་སྐྲུན་གྱི་འགོ་ཁྲིད་ཚོ་ཆུང་ཆེད་དུ་བཙུགས་ཤིང་། ས་གནས་ཀྱི་རྒྱ་བོད་སྨན་རྫས་རྩ་ཆེན་གཙོ་བོར་བཟུང་ཞིང་ཐོན་ཁུངས་ལེགས་པའི་ཆ་རྐྱེན་བེད་སྤྱོད་གང་ལེགས་བྱས་ཏེ། མཐུན་འབྲེལ་སྤྱི་གཉེར་ཁང་དང་སྨན་རྫས་བཟོ་སྐྲུན་ཁང་དུ་སྨན་རྫས་བཟོ་རྩལ་དར་སྤེལ་བྱས། དམིགས་འབེན་འཆར་འགོད་དང་ཉོ་ཚོང་གཙང་སྒྲུབ། མངག་ཉོ་གན་རྒྱ་བཅས་ཀྱི་རྣམ་པའི་སྒོ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གསོ་རིག་འཕེལ་རྒྱས་བཏང་ཡོད། སྲིད་གཞུང་སྡེ་ཁག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་སྨན་རྩྭ་འདེབས་འཛུགས་ལ་སྐུལ་འདེད་བཏང་ཞིང་། ཀྲུང་ལུགས་སྨན་རྫས་ཀྱི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་དང་སྣེ་ཁྲིད་བྱེད་པའི་ཐད་དུ་སྲིད་ཇུས་དང་མ་རྩ། ལག་རྩལ་བཅས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་ད་ལྟའི་བར། ཀྲུང་ལུགས་སྨན་རྫས་དཔེ་སྟོན་ལྟེ་གནས་ཀྱི་རྒྱ་ཁྱོན་མུའུ་560འཛུགས་སྐྲུན་བྱས། རྫོང་ཡོངས་ཀྱི་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་མུའུ་6800ལ་སྣེ་ཁྲིད་བྱས་ཏེ། ཐོན་སྐྱེད་ཚད་ཏུན་380ཟིན་ཡོད་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི་722ཟིན་ཡོད།
ཁྱད་ལྡན་ཤིང་འབྲས་ཐོན་ལས་ཀྱི་ཐད་དུ། ཁྱད་ལྡན་ཤིང་འབྲས་ཚ་ལུ་མ་གཙོ་བོར་བཟུང་ནས་འཕེལ་རྒྱས་བཏང་བ་དང་། ཧུར་ཐག་གི་སྒོ་ནས་རྣམ་གྲངས་ཁ་སྣོན་བྱས་ཏེ་ཡར་རྒྱས་ཡོང་ཐབས་བྱས། རྒྱལ་ཁབ་ཞིང་ལས་པུའུ་ལ་མུ་ལི་བོད་རིགས་རང་སྐྱོང་རྫོང་དཔལ་འབྱོར་ལོ་ཏོག་དོ་དམ་ས་ཚུགས་དེ་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཚ་ལུ་མའི་ས་རྒྱུས་རྟགས་མཚན་དུ་བསྒྱུར་བའི་ཡིག་ཐོག་སྙན་ཞུ་ཕུལ་ཡོད་ཅིང་། རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་རྒྱུས་རྟགས་མཚན་དུ་བསྒྱུར་རྒྱུ་དེ་འགོ་ཚུགས་གནས་བྱས་ཏེ། ཚོང་རྟགས་གསར་བཟོ་དང་། ཚོང་རྫས་སྙན་གྲགས་ཅན་དུ་གཏང་དགོས་པ་དང་། དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་དང་འཆར་འགོད་བྱས། ཁྱད་ལྡན་ཤིང་འབྲས་ཀྱི་ཆེད་ལས་ཐོན་སྐྱེད་མཉམ་ལས་ཁང་འཛུགས་སྐྲུན་དང་སྣེ་ཁྲིད་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ནས་ད་ལྟའི་བར། ཚ་ལུ་མའི་འཕེལ་རྒྱས་ཀྱི་རྒྱ་ཁྱོན་མུའུ་2500འཕེལ་རྒྱས་བཏང་ཡོད་ལ་ཐོན་ཚད་ཏུན་1500ཟིན་ཡོད།
ཞིང་ལས་ཐོན་ལས་ཅན་གྱི་འཕེལ་ཚད་ལ་སྐུལ་སྤེལ་བཏང་།
推进农业产业化进程
མུ་ལི་རྫོང་གིས་ཡུལ་ཤོག་རེ་ལ་ཐོན་ལས་རེ། གྲོང་ཚོ་རེ་ལ་ཐོན་རྫས་རེ་ཞེས་པའི་ས་ཁོངས་ཅན་དང་སྒྲིག་གཞི་ཅན། ཕན་ཁེ་ཅན་བཅས་ཀྱི་རྩ་དོན་ལ་གཞིགས་ཤིང་། ད་ལོའི་ཞིང་གྲོང་གི་ས་ཞིང་འཁོར་རྒྱུག་ཐད་རྒྱ་ཁྱོན་འཕར་སྣོན་བྱས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འབྲུ་རིགས་ཐོན་ཚད་བརྟན་འཇགས་ཡོང་བར་ཁག་ཐེག་བྱས་པའི་རྨང་གཞིའི་ཐོག ནུས་ཤུགས་ཆེན་པོས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ལོ་ཏོག་གི་ཐོན་ལས་གསར་འཛུགས་བྱས།
རྫོང་ཡོངས་སུ་མུ་ལི་རྫོང་གི་སྔོ་ཚལ་གཙང་མ་འདེབས་འཛུགས་བྱ་བའི་ཆེད་ལས་མཉམ་ལས་ཁང་དང་། མུ་ལི་རྫོང་བཀྲ་ཤིས་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་ཁྱད་ལྡན་ཞིང་ལས་ཀྱི་ཆེད་ལས་མཉམ་ལས་ཁང་19བཙུགས་ཡོད་ཅིང་། མུ་ལི་རྫོང་ཤམྦྷ་ལ་བཟོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་སོགས་ཞིང་ལས་ཀྱི་སྣེ་ཁྲིད་མཁན་གྱི་ཁེ་ལས་ཀྱང་བཙུགས་ཡོད། ཆེད་ལས་མཉམ་ལས་རྩ་འཛུགས་དང་སྣེ་ཁྲིད་ཁེ་ལས་ཀྱི་སྐུལ་ཁྲིད་འོག རྫོང་ཡོངས་སུ་གོམ་པ་རིམ་བགྲོད་ཀྱིས་སྒྲིག་གཞི་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་དུ་བསྐྲུན་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ལས་ཐོན་སྤེལ་དང་ཞིང་བའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ་བཏང། །