ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་དེ་ཚེས་20ཉིན་གྱི་སྔ་དྲོ་ཨའོ་མོན་གྱི་ཨ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་25སོང་རིང་། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཨའོ་མོན་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅིང་། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བསྟན་གནང་ཡོད། ཁོང་ནས། སྐབས་གསར་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། གོ་སྐབས་དམ་འཛིན་གྱིས་བསྒྱུར་བཅོས་བྱེད་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་སྔར་བས་ལེགས་པ་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་སྤུས་མཐོའི་གོང་འཕེལ་གྱི་གནས་བབ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ཐུགས་རེ་གནང་ཡོད།
ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་རྣམ་པས་ཡོངས་སུ་ཕྱུག་ཅིང་། ཀྲུའུ་ཞི་སྟེགས་བུའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས། དེ་བཞིན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་མངོན་གསལ་ལྷག་ཏུ་དོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་ཁོང་གི་སྐུ་ཟླ་ཧོང་ཁེ་ཕིང་རྣམ་གཉིས་ཀྱི་ཕེབས་རོགས་འོག་ཚོགས་རར་ཕེབས་སྐབས། ཚང་མ་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།
སྔ་དྲོའི་ཆུ་ཚོད་10པར། རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་ཡོད། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད།
ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས་དམ་འཇོག་ལ་ལྟ་སྐུལ་གནང་ཡོད། ཚེན་ཧའོ་ཧུའེ་ཡིས་ཐོག་མར་འགན་བཞེས་དམ་འཇོག་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་ལ་ཕྱོགས་ནས་ཕྱག་གཡས་པ་ཡར་བཀྱགས་ཏེ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་གྱི་གཏན་འབེབས་གཞིར་བཟུང་རྔམ་བརྗིད་ལྡན་པའི་དམ་བཅའ་འཇོག་གནང་ཡོད། དམ་བཅའ་བཞག་ཚར་རྗེས། ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་དང་ཕྱག་བཏང་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོས་ཚེན་ཧའོ་ཧུའེ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་འཇོག་གནང་བར་ལྟ་སྐུལ་གནང་ཡོད། དམ་བཅའ་བཞག་ཚར་རྗེས། ཞི་ཅིན་ཕིང་གིས་ཁོང་ཚོ་དང་རེ་རེ་བཞིན་ཕྱག་བཏང་ནས་འཚམས་འདྲི་ཞུས་ཡོད།
དེ་རྗེས། ཚེན་ཧའོ་ཧུའེ་ཡིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་གྲོས་ཚོགས་ཀྱི་ཨུ་ཡོན་ཚོའི་འགན་བཞེས་དམ་འཇོག་ལ་ལྟ་སྐུལ་གནང་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད།
ཞི་ཅིན་ཕིང་ནས་དང་ཐོག་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། གསར་དུ་བསྐོ་བཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་སྐུ་ཞབས་ཚེན་ཧའོ་ཧུའེ་དང་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ། དེ་བཞིན་སྲིད་འཛིན་གྲོས་ཚོགས་ཀྱི་ཨུ་ཡོན་བཅས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་དང་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་དང་གོང་འཕེལ་ཆེད་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་ལྷག་བསམ་རྣམ་པར་དག་པའི་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་25སོང་རིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་བ། གྲོང་མིའི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་ཤུགས་ཆེན་ཕྱིན་པ། ཕྱི་ཕྱོགས་ཀྱི་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་བྱུང་བ། “ལྟེ་གནས་གཅིག་དང་། སྟེགས་བུ་གཅིག རྟེན་གཞི་གཅིག”བཅས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱིས་སྐྱེ་བོ་ཀུན་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་བཟང་ཆ་མངོན་གསལ་དོད་པ་དང་གསོན་ཤུགས་ཆེན་པོ་ལྡན་ཞིང་། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པའི་ལམ་ལུགས་བཟང་པོ་ཞིག་ཡིན་པ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཞབས་འདེགས་ཞུ་བའི་ལམ་ལུགས་བཟང་པོ་ཞིག་ཡིན་པ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ཞི་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་ཐུབ་པའི་ལམ་ལུགས་བཟང་པོ་ཞིག་ཡིན་པ་བཅས་ར་སྤྲོད་ཐུབ་ཡོད་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ནང་འདུས་པའི་ཞི་བདེ་དང་ཁོང་ཡངས། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་རིན་ཐང་འདུ་ཤེས་ནི་ཀྲུང་གོའི་ཡིན་ལ། འཛམ་གླིང་གི་ཡང་ཡིན་པས། ཐུན་མོང་ཐོག་སྲུང་སྐྱོང་བྱེད་རིན་ཡོད་པ་ཞིག་རེད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་གྱི་ལག་ལེན་དངོས་ཀྱི་ཉམས་མྱོང་ལས་ང་ཚོར། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་པར་མུ་མཐུད་སྐུལ་འདེད་གཏོང་བར་གཤམ་གསལ་གྱི་དོན་ཚན་བཞི་པོ་ཁོང་དུ་ཆུད་པ་བྱེད་དགོས་པ་བསྟན་གྱི་ཡོད་དེ།
གཅིག་ནི“རྒྱལ་ཁབ་གཅིག”གི་གཞི་རྩ་བརྟན་སྲུང་དང“ལམ་ལུགས་གཉིས”ཀྱི་སྟབས་བདེ་སྤྱོད་མཁས་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ཡོད་ཚད་ལས་མཐོ་བར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གིས་ཁྱོན་ཡོངས་ལ་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་བྱེད་ཅིང་། དུས་གང་རུང་ཞིག་ལའང་གཡོ་འགུལ་གཏོང་མི་རུང་། དེ་དང་དུས་མཚུངས། “ལམ་ལུགས་གཉིས”ཀྱི་ཧེ་བག་ལ་བརྩི་འཇོག་བྱས་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་སྲུང་གང་ལེགས་བྱེད་པ་དང་། མུ་མཐུད་ཁྱོན་ཡོངས་གནད་འཕིགས་དང་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མན་བས་ཨའོ་མན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་འཐབ་ཕྱོགས་ལག་བསྟར་བྱས་ནས། འགྱུར་བ་མེད་པ་དང་གཡོ་འགུལ་མེད་པའི་འགན་སྲུང་བྱེད་པ་དང་། རྣམ་པ་དང་གྲུབ་ཚུལ་མི་འགྱུར་བའི་འགན་སྲུང་བྱེད་དགོས།
གཉིས་ནི་ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན་པས། བདེ་འཇགས་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཀར་བློ་རྩ་བརྟན་པོ་དགོས། མིག་སྔའི་ལས་སླ་པོར་ཐོབ་པ་མིན་པའི་ཞི་བདེ་བརྟན་ལྷིང་གི་དུས་བབ་ལ་གཅེས་སྤྲས་བྱས་ནས། སེམས་ནུས་ཡོད་རྒུས་དཔལ་འབྱོར་གོང་འཕེལ་དང་འཕེལ་རྒྱས་དོན་གཉེར། འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐོག་ནས། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
གསུམ་ནི་དམིགས་བསལ་གྱི་བཟང་ཆ་འདོན་སྤེལ་བྱེད་པ་དང་ཕྱི་ནང་འབྲེལ་མཐུད་ལ་ཤུགས་རྒྱག་དགོས། དེ་བས་སྒོ་དབྱེ་ཁོང་ཡངས་ཀྱི་ཉམས་འགྱུར་ཐོག་ནས་རྒྱལ་སྤྱིའི་འབྲེལ་བ་རྒྱ་སྐྱེད་བཏང་སྟེ། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་གནས་བབ་ཧྲིལ་པོའི་ནང་གང་མགྱོགས་ཞུགས་ཐུབ་པ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་ཁྲོད་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
བཞི་ནི་ལྟེ་བའི་རིན་ཐང་དར་སྤེལ་གཏོང་བ་དང་ཁོང་ཡངས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་ལྟེ་བའི་རིན་ཐང་རྒྱུན་འཛིན་བྱེད་པ་དང་། སྣ་མང་རིག་གནས་སྤེལ་རེས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་མཚན་ལྡན་པའི་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པའི་སེམས་མཐུན་སྒོར་དབྱིབས་ཆེ་ཤོས་དེ་བསྐྲུན་དགོས་པ་བཅས་ཡིན།
ཞི་ཅིན་ཕིང་གིས་སྐབས་གསར་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་ཐུགས་རེ་བཞི་བཏོན་གནང་བ་སྟེ། གཅིག་ནི་དཔལ་འབྱོར་འོས་འཚམ་ངང་སྣ་མང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། གཉིས་ནི་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ནུས་པ་ཤུགས་ཆེར་གཏོང་རྒྱུ། གསུམ་ནི་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྟེགས་བུ་ཧུར་ཐག་གཏོད་རྒྱུ། བཞི་ནི་སྤྱི་ཚོགས་ཀྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་ཧུར་ཐག་བྱ་རྒྱུ་བཅས་རེད།
ཞི་ཅིན་ཕིང་གིས། གཞོན་ནུ་ནི་ཨའོ་མོན་གྱི་རེ་བ་དང་འབྱུང་འགྱུར་ཡིན་ལ། ཨའོ་མོན་འཛུགས་སྐྲུན་དང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱེ་ལྡན་སྟོབས་ཤུགས་ཀྱང་ཡིན་པས། རྒྱ་ཆེའི་གཞོན་ནུ་ཚོས་སེམས་ནང་ཨའོ་མོན་དང་རྒྱལ་ཁབ་བཅངས་ཐོག མིག་རྒྱང་རིང་པོ་དང་ཏན་ཏན་ཏིག་ཏིག་ངང་ལས་སྒྲུབ་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཡག་པོ་ཞིག་བྱས་ནས། གཞོན་ནུའི་ལང་ཚོའི་མེ་ཏོག་མེས་རྒྱལ་སྟོབས་ཆེན་དང་མཛེས་སྡུག་ལྡན་པའི་ཨའོ་མོན་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཐོག་བཀྲག་མདངས་རབ་ཏུ་འཚེར་བར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་ཅིང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་ལག་ལེན་ནང་ཞུགས་ཟིན་པ་མ་ཟད་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཡང་མངོན་ཡོད་དེ། ཀྲུང་ཧྭ་མི་རིགས་འདི་ཉིད་འགོག་ཐབས་བྲལ་བའི་གོམ་སྟབས་ཀྱི་ཐོག་ནས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་གནད་འཕིགས་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན། རླབས་ཆེན་མེས་རྒྱལ་གྱིས་སྲ་ཞིང་བརྟན་པའི་རྒྱབ་རྟེན་བཅས་བྱས་ཚེ། ཨའོ་མོན་གྱིས་གོང་འཕེལ་གྱི་རྣམ་པ་གསར་པ་དང་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་གསུངས་ཡོད།
ཚེན་ཧའོ་ཧུའེ་ཡིས་ཤིས་ཚིག་གསུང་སྐབས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཡིན་པའི་ངོས་ནས། ང་རང་ལ་ལས་འགན་ལྕི་ལ་འགན་འཁྲི་གཟི་བརྗིད་ལྡན་པའི་ཚོར་སྣང་ཟབ་མོ་འདུག ང་ཚོས“སྙིང་སྟོབས་ཆེར་བསྐྱེད་ཀྱིས་མཉམ་སྐྱོད་དང་དྲང་འཛིན་གསར་བཅོས”ཀྱི་སྲིད་སྐྱོང་འདུ་ཤེས་རྒྱུན་འཛིན་བྱས་ཏེ། སེམས་མཐུན་སྟོབས་སྒྲིལ་དང་དྲང་སྲུང་གསར་གཏོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་གནད་འཕིགས་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་བསྟར་བྱས་ཐོག རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན། རླབས་ཆེན་མེས་རྒྱལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡོད་པ་དང་ཨའོ་མོན་གྱི་གྲོང་མི་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་ཡོད་པས། ང་ཚོར་མེས་རྒྱལ་གྱི་འོད་འཚེར་མུ་ཏིག་ལྟ་བུའི་ཨའོ་མོན་འདི་ཉིད་དེ་བས་བཀྲག་མདངས་འཚེར་ཐུབ་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ལེགས་པ་འདོན་ཐུབ་པ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་སེམས་ཤུགས་དང་ནུས་པ་ཡོད་ཅེས་གསུངས་ཡོད།
ཚའེ་ཆི་དང་ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཝང་ཞའོ་ཧུང་། ཝང་ཏུང་ཧྥེང་། ཞ་པའོ་ལུང་སོགས་ཞུགས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་དང་ཧོ་དབྱི་ཁྲེང་། དེ་བཞིན་ཨའོ་མོན་ལས་རིགས་ཁག་གི་འཐུས་མི་དང་དམིགས་བསལ་གདན་ཞུས་སྐུ་མགྲོན་ཡང་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོར་ཞུགས་ཡོད། །