༄༅།།སེང་བློན་གྱིས་བླང་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 12-26


   གླུ་ཐ་ལ་ཐ་ལ་ཐ་ལ་ལེན། །

   གླུ་ཨ་ལ་ཨ་ལ་ཨ་ལ་ལེན། །

   ལྷ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུངས། །

   ཆོས་ལམ་སྣ་དྲོངས་དང་སྤྲུལ་བའི་སྐུ། །

   རྐྱེན་བར་ཆད་མེད་པར་བྱིན་གྱིས་རློབས། །

   སྟོང་དབྱེར་མེད་ཁ་ལོ་ཆོས་ལ་སྒྱུར། །

   ས་འདི་ཡི་ས་ངོ་མ་ཤེས་ན། །

   རྨ་དེལ་ཡག་སྟག་ཐང་ཁྲ་མོ་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   རི་སྒང་རྒྱུད་མ་ཆད་གེར་འཚོའི་རི། །

   ཆུ་འབབ་རྒྱུན་མ་ཆད་རྨ་ཡུལ་ཆུ། །

   རྗེ་གདུང་རྒྱུད་མ་ཆད་སྨུག་པོ་ལྡོང་། །

   མི་དཔོན་རབས་མ་ཆད་སེང་བློན་ཡིན། །

   རང་སྐྱིད་ནས་སྐྱིད་ངོ་མ་ཤེས་ན། །

   མི་མང་འདུས་ཇ་ཆང་མཚར་གླུ་ལེན། །

   སེམས་སྡུག་ནས་སྡུག་ངོ་མ་ཤེས་ན། །

   སྡུག་ཁུར་བོ་འོག་ནས་སྐྱོ་གླུ་ལེན། །

   སྟེང་ལྷ་ཡུལ་ཕྱོགས་ན་གྲགས་ཆེ་བ། །

   ལྷ་དབང་ཕྱུག་ཚངས་པ་ཁྱབ་འཇུག་རེད། །

   དགུང་ལྷོ་སྤྲིན་ཕྲུག་མོའི་འགྲིམ་ལམ་ན། །

   འོད་ཆེ་བ་ཉི་ཟླ་སྐར་གསུམ་རེད། །

   སྟོད་དབུས་གཙང་ལྷ་སའི་ནང་རྟེན་ལ། །

   ཁམས་ཆེ་བ་ཇོ་བོ་རྣམ་གསུམ་རེད། །

   བོད་མི་ཡུལ་འཛམ་གླིང་ས་སྟེང་ན། །

   གྲགས་ཆེ་བ་སེང་བློན་བུ་གསུམ་ཡིན། །

   བུ་ཆེ་བ་རྒྱ་ཚ་ཞལ་དཀར་ཡིན། །

   ལྷ་ངང་ཡག་དཀར་པོའི་སྐྱེ་མཐའ་ཡིན། །

   སེང་ཕོ་ཐོང་དཀར་མོའི་འགྱིང་ཡ་ཡིན། །

   སྟག་དམར་ཡག་མཆོང་བའི་འཛུམ་ཡ་ཡིན། །

   ལྷོ་གཡུ་འབྲུག་སྔོན་མོའི་ངར་ཡ་ཡིན། །

   བུ་རྒྱ་ཚ་རྒྱ་བྱ་ཡ་ཟི་གསུམ། །

   བོད་མགོ་ནག་གཞུང་ན་འགྲན་མེད་ཡིན། །

   དགྲ་ནག་པོར་ཁྲོ་བོ་རྟ་མགྲིན་ཡིན། །

   ནང་ལྷ་སྡེར་ཐུགས་རྗེ་ཆེན་པོ་ཡིན། །

   ཕ་ཨ་ཁུ་རྒྱ་དར་དཀར་པོ་ཡིན། །

   མ་སྲུ་མོ་གསེར་གཞོང་མར་ཁུ་ཡིན། །

   དེ་ཧོར་གླིང་གཉིས་ཀ་འཁྲུག་དུས་སུ། །

   ས་སྒང་སྒང་རོ་ཡིས་བཀང་བར་བྱས། །

   དམའ་གཤོང་གཤོང་ཁྲག་གིས་བཀང་བར་བྱས། །

   སྤང་བདེ་བདེ་རུས་པས་བཀང་བར་བྱས། །

   རྒོད་ཐང་དཀར་ཤ་ལ་སུན་པ་གཅིག །

   སྤྱང་རི་ཁྱི་ཁྲག་ལ་འདྲོགས་པ་གཉིས། །

   བྱ་ཁྭ་ཏ་མིག་ལ་ཞེན་ལོག་གསུམ། །

   ལས་དེ་བྱས་ཐ་མ་ཧོར་ལ་ཤོར། །

   བུ་འབྲིང་བ་སེང་ཆེན་རྒྱལ་པོ་ཟེར། །

   ལྷ་སངས་རྒྱས་སྟོང་གི་ཐུགས་སྲས་ཡིན། །

   མ་མཁའ་འགྲོ་འབུམ་གྱི་ཚོགས་དཔོན་ཡིན། །

   ས་དོག་མོར་བྱོན་པའི་སངས་རྒྱས་ཡིན། །

   ཆོས་དགེ་བཅུའི་བསྟན་པ་འཛིན་མི་ཡིན། །

   བདུད་ནག་པོ་འབུམ་གྱི་ཁ་གནོན་ཡིན། །

   དགུང་ཉི་ཟླའི་འོད་ཀྱིས་གར་ཁྱབ་ལ། །

   བུ་སེང་ཆེན་སྙན་པས་མ་ཁྱབ་མེད། །

   དེ་ཡར་ཁམས་བྱང་མའི་རི་ལ་ཕེབས། །

   དུས་ད་རུང་ཚུར་ལ་མ་འཁོར་ལགས། །

   བུ་ཆུང་བ་རོང་ཚ་དམར་ལེབ་ཟེར། །

   དེ་རིན་ཆེན་སྣ་ལྔའི་བང་མཛོད་ཡིན། །

   རྟ་འདོ་བ་འཁོར་བའི་རྟེན་འཕུར་ཡིན། །

   ཕྱུགས་ནོར་ལུག་གཡང་གི་ར་བ་ཡིན། །

   ང་སེང་བློན་འཁོར་བའི་གཞི་རྟེན་ཡིན། །

   དེས་ཧོར་དམག་ཁྲག་དམར་དཀྲུག་དཀྲུག་བྱས། །

   མཚོན་ཡར་གཡུག་གནམ་གྱི་འཇུ་ཐག་བཅད། །

   མཚོན་མར་གཡུག་ས་ཡི་རྟེན་ཕུར་ཕྱུང་། །

   མི་དེ་དྲག་བསད་ནས་ཐ་མ་ཤོར། །

   དུས་དེང་སང་དཔོན་པོ་ཁྲོ་ཐུང་བྱས། །

   ཁ་ཕར་འཁོར་ཌ་རུ་ངོ་གཉིས་ཡིན། །

   ཁ་ཚུར་འཁོར་ཕུར་བུ་ཟུར་གསུམ་ཡིན། །

   གཏམ་ཕུགས་མེད་སྒོ་ཁྱི་ཟུག་ཟུག་ཡིན། །

   ལས་ཅི་བྱས་དམའ་འབབ་ཁུར་ཁུར་ཡིན། །

   གཞིས་བུད་མེད་ཐོག་ལ་ང་རྒྱལ་ཆེ། །

   ཤ་ཕུ་ནུའི་ནང་ན་དཔའ་བོ་སྟག །

   སྡང་དགྲ་བོ་མཐོང་ན་སྡར་མ་ཝ། །

   གླིང་ལྷ་སྡེ་དཀྱིལ་ན་ཁ་ཕོ་ཅན། །

   ཧོར་གུར་དཀར་རིག་ན་ཡ་མཆུ་འདར། །

   ཧོར་ཤན་པ་རིག་ན་བརྒྱ་ཕྱག་འཚལ། །

   ཧོར་འབུམ་དམག་རིག་ན་སྒུར་སྒུར་བྱེད། །

   དགྲ་རྒྱུགས་སྣ་དཔུང་ཁྲིད་བྱེད་མཁན་ཡིན། །

   ཆར་འབབ་སྣ་རླུང་ཁྲིད་བྱེད་མཁན་ཡིན། །

   མི་དེ་ལ་ཡག་བཤད་གཅིག་ཀྱང་མེད། །

   གཏམ་ལན་པོ་མེད་ན་ལྐུགས་པ་ཟེར། །

   དགྲ་ལན་པོ་མེད་ན་ཝ་མོ་ཟེར། །

   ཟས་ལན་པོ་མེད་ན་ཁྲམ་པ་ཟེར། །

   གཏམ་དྲང་པོར་དྲིས་དུས་དྲང་བཤད་ཡིན། །

   ངའི་ལག་ལ་བཟུང་བའི་དཀར་ཡོལ་འདི། །

   བུ་སེང་ཆེན་རྒྱལ་པོ་ནོར་བུ་དེའི། །

   ཇ་བཞེས་དཀར་ཕུན་ཚོགས་འཁྱིལ་བ་འདྲ། །

   ཤ་ཟ་སྤྱད་གྲི་ཆུང་རྣོན་པོ་འདི། །

   རྣོ་གྲི་ཆུང་ཤེལ་གྱི་ཡུ་དཀར་འདྲ། །

   དེ་མཐོང་མ་ཐག་ཏུ་དགའ་བ་དང་། །

   དྲན་ཆེ་ནས་ཡུས་ཀྱིས་ངུས་པ་ཡིན། །

   ང་ཡོང་དོན་ཁྲོ་ཐུང་དཔོན་གྱིས་བཏང་། །

   རི་རྩྭ་ཐང་རྩྭ་བཀག་བྱེད་པའི་ཁྲིམས། །

   ཞག་རེ་ལ་རྟ་རེ་སྟེར་དགོས་ཟེར། །

   ད་རྒད་པོ་ང་ཡིས་གཏམ་ཞིག་འདྲི། །

   ས་ཡར་ཁམས་བྱང་ཕྱོགས་བདུད་ཡུལ་ལ། །

   གཏམ་ཕར་འཕྲིན་ཚུར་འཕྲིན་ཨེ་ཡོད་ལགས། །

   བདུད་ཀླུ་བཙན་ཕར་འདུལ་ཅི་འདྲ་ལགས། །

   བུ་སེང་ཆེན་ཕེབས་སྐད་ཨེ་འདུག་ལགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1