མཛོད་དགེ་རྫོང་གིས་དམག་སྒར་དུ་འོས་འགན་སྨན་བཅོས་ལས་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-24


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་དོན་འཁྱོལ་བྱས་ཏེ། ས་མཐོར་བཅའ་སྡོད་བྱས་པའི་དཔོན་དམག་རྣམས་ལ་སྤུས་ལེགས་ཀྱི་སྨན་བཅོས་བདེ་ཐང་ཞབས་ཞུ་མཁོ་འདོན་བྱ་ཆེད། སྤྱི་ཟླ་12པའི་ཚེས་22ཉིན། རྔ་བ་ཁུལ་མི་དམངས་སྨན་ཁང་དང་བོད་སྨན་ཁང་། རྔ་བ་ཁུལ་མ་བུ་བདེ་སྲུང་ཁང་བཅས་ཀྱིས་མཛོད་དགེ་རྫོང་དུ་བཅའ་སྡོད་དཔུང་སྡེར་འོས་འགན་སྨན་བཅོས་བྱས།

འོས་འགན་སྨན་བཅོས་བྱ་ཡུལ་དུ་ཆེད་མཁས་པ་རྣམས་ཀྱིས་འཐབ་འཛིང་པའི་གཟུགས་པོར་བརྟག་དཔྱད་ཞིབ་ཚགས་བྱས། ནད་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་ནད་གཞི་ལྟར་སྨན་བཅོས་བསམ་འཆར་བཏོན། ད་དུང་རིན་སྤྲོད་མི་དགོས་པར་བོད་སྨན་དང་ཕྱི་ལུགས་སྨན་བཅོས་མཁོ་འདོན་བྱས།

འོས་འགན་སྨན་བཅོས་བྱེད་སྒོ་འདི་ནི་དམག་དཔུང་དང་ས་གནས་ཕན་ཚུན་རོགས་རེས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་དངོས་ཤིག་ཡིན་ཞིང་། རྣམ་པ་མི་འདྲ་བའི་ལམ་ནས་གཉིས་བཀུར་སྲོལ་རྒྱུན་དར་སྤེལ་བཏང་ཡོད། “དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི”རྣམ་པ་བཟང་པོ་བཏོད་དེ། དཔོན་དམག་རྣམས་ཀྱི་གཟི་བརྗིད་ཀྱི་བསམ་པ་དང་ཐོབ་སེམས། སྐྱིད་སྣང་བཅས་ཆེ་རུ་ཕྱིན། ཁོ་ཚོས་གཅེས་སེམས་དེ་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་སུ་བསྒྱུར་ནས། རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བཞིན་ལས་གནས་བརྟན་སྲུང་བྱ་ངེས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1