བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


( དེབ་གོང་མའི་འཕྲོར་མཐུད། )

སླར་ཡང་བསྐལ་བཟང་རྒྱ་མཚོ་མཆོག །

སྲིད་ཁྲིར་འཁོད་ནས་སྲིད་སྐྱོང་གི། །

སྒྲིག་ཁྲིམས་འགའ་ཞིག་གཏན་འབེབས་བྱས། །

དུས་དེར་བཀའ་ཤག་སྲིད་གཞུང་བཙུགས། །

དེ་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ཚུལ་སྐོར་ལ། 《རྣམ་ཐར་དཔག་སྙེ་མ་》ལས། “གོང་མ་ཆེན་པོའི་བཀའ་ལ་སྔར་ཕན་ཆད་བོད་ཀྱི་དཔོན་པོ་རྣམས་ནས་སྲིད་ཀྱི་འགན་ལེན་བྱས་ཀྱང་། རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཞབས་འདེགས་མི་ཡོང་བར་མ་ཟད། ཆབ་སྲིད་ཀྱི་ལ་རྒྱ་ལའང་མི་འཚམས་པ་དུ་མ་བྱུང་ཞིང་། བོད་འབངས་སྤྱི་ལའང་ཕན་པ་མ་བྱུང་འདུག་པས། ད་ནས་ཆོས་སྲིད་ཐམས་ཅད་ཀྱི་འགན་འཁུར་རྗེ་བླ་མ་ཉིད་ནས་བཞེས་ན། ཞཱ་སེར་གྱི་བསྟན་པ་དང་ཆབ་སྲིད་ཆེན་པོར་ཕན་སླེབས་ཤིན་ཏུ་ཆེ་བས་ངེས་པར་དེ་ལྟར་མཛད་དགོས་ཤིང་།
ཞབས་ཕྱི་བཀའ་བློན་བཞི་བསྐོ་ཞེས་པའི་བཀའ་དོན་བཞིན། སྐུ་མདུན་དུ་མི་དྲག་རྣམས་དང་བཀའ་བགྲོས་ཐོག་གུང་པཎྜི་ཏ་ལ་ལས་རོགས་དུ། ཛ་སག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་། ཛ་སག་ཐོན་པ་སྲི་གཅོད་ཚེ་བརྟན་གཉིས་དང་། རྗེ་རང་གི་སྐུ་མདུན་གྱི་ཞབས་ཕྱིའི་གྲས་ནས་མགྲོན་གཉེར་ཉི་མ་རྒྱལ་མཚན་ལ་ཛ་སག་བླ་མའི་ཆོ་ལོ་བདག་རྐྱེན་བསྩལ། ” ཞེས་གསལ་བ་ལྟར་རོ། །

དེ་ནས་བོད་བཀའ་བློན་བཞི་དང་ཨམ་བན་བཅས་བགྲོས་ནས་སླད་ཕྱིན་བོད་ཀྱི་སྲིད་དོན་འཛིན་སྐྱོང་ཐད་ཀྱི་སྒྲིག་ཁྲིམས་དོན་ཚན་བཅུ་གསུམ་ཅན་ཞིག་བྲིས་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལ་གཟིགས་ཞིབ་ཕུལ། ལོ་དེར་ལ་དྭགས་དཔོན་བློན་མི་མཐུན་པའི་བར་འདུམ་དུ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་ཕེབས་དགོས་པའི་བཀའ་ཤོག་གནང་།
ཆུ་བྱ་སྤྱི་ལོ་1753ལོར་གཙང་བཀྲ་ཤིས་ལྷུན་པོའི་འཆམས་ཀྱི་སློབ་དཔོན་དཀའ་ཆེན་བློ་བཟང་འཕྲིན་ནས་སྐུ་འཁོར་བཅས་པེ་ཅིང་དུ་འགྲོ་རྒྱུའི་ཐོན་ཕྱག་གནང་སྦྱིན་བསྩལ། ཤིང་ཁྱི་སྤྱི་ལོ་1754ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོས་རྩེ་སློབ་གྲྭ་གསར་འཛུགས་གནང་། ཤིང་ཕག་སྤྱི་ལོ་1755ལོར་རྒྱལ་བ་རིན་པོ་ཆེ་སྙུང་གཞི་བཞེས་པ་ལ་སྨན་དཔྱད་རིམ་གྲོ་སོགས་ཀྱིས་ཕན་བསྐྱེད་མ་བྱུང་པའི་སྐབས་སུ། སྨན་པ་རྣམས་བགྲོས་ནས་ནོར་བུ་གླིང་ཁར་ཕེབས་ཏེ་སྒར་ཕྱི་ནང་དང་ཆབ་རྫིང་སོགས་ལ་བཟོ་བཀོད་བྱས་ཤིང་།
ཉིན་ལྟར་ཁྲུས་ཆབ་ཐེངས་གཉིས་རེ་བཞེས་པས་ཅུང་ཟད་ཕན་བསྐྱེད་ལྟ་བུ་མཐོང་། མེ་གླང་སྤྱི་ལོ་1757ལོའི་ཟླ་བ་གཉིས་པའི་ཚེས་3ཉིན་དགོངས་པ་རྫོགས། །

བསམ་འགྲུབ་ཕོ་བྲང་ཞེས་པ་རྒྱལ་བ་ལྔ་པའི་སྐབས་སུ་སོག་པོ་གུ་ཤྲཱི་ཧན་བཞུགས་གནས་གསར་བསྐྲུན་བྱས་པའི་ཕོ་བྲང་ཞིག་ཡིན་ཞིང་། དེ་རྗེས་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུའི་གཅུང་པོ་གུང་ཀུན་དགའ་བསྟན་འཛིན་དང་ཡབ་ཚང་སྐུ་ལྟོས་རྣམས་བཞུགས་ཡུལ་དུ་ཕུལ་བ་ཞིག་རེད། དེས་ན་ཡབ་གཞིས་བསམ་འགྲུབ་ཕོ་བྲང་ནི་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡབ་གཞིས་ཡིན་ལ་བོད་ཀྱི་ལོ་རྒྱུས་ཐོག་གི་ཡབ་གཞིས་དང་པོ་ཡང་དེ་ཡིན་པ་འདྲ། འདི་ལ་གཞུང་ནས་ལྷོ་ཁ་གྲ་ནང་དང་། ཟངས་རི་སོགས་གཞིས་ཁ་རྒྱ་ཆེ་གནང་བས་དུས་ཕྱིར་གཞུང་ཞབས་སྡེ་དཔོན་ཆེ་གྲས་ཞིག་ཡིན་པར་གྲགས། །

མེ་གླང་དེ་མོས་སྲིད་སྐྱོང་གནང་། །

ལྕགས་ཡོས་རྒྱ་དང་རྒྱལ་རོང་བར། །

དམག་འཁྲུག་མི་ལོ་དྲུག་ལ་བྱས། །

རྒྱ་དམག་ཆིག་ཁྲི་བཞི་སྟོང་དང་། །

རྒྱ་དཔོན་ཆེ་ཆུང་དགུ་བརྒྱ་ཤི། །

བོད་གྲོང་ཉིས་བརྒྱ་མེ་ལ་བསྲེགས། །

བོད་དམག་ཉི་ཁྲི་ཙམ་ཞིག་གྲོངས། །

ཐ་མར་རྒྱ་ཡིས་དབང་དུ་བསྒྱུར། །

མེ་གླང་སྤྱི་ལོ་1757ལོ་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་གཤེགས་པ་དང་། བཀའ་ཤག་དང་ཨམ་བན་བཅས་ཀྱི་ཆིང་གོང་མ་ལ་སྙན་གསན་ཕུལ་བ་ལྟར། དེ་མོ་བདེ་ལེགས་རྒྱ་མཚོ་བོད་ཀྱི་སྲིད་སྐྱོང་དུ་བསྐོས། རྟེན་གསུམ་མདུན་དུ་བརྟག་སྒྲིལ་གནན་བབས་ལྟར་སྐུ་དམག་གདུང་བཞུགས་པའི་གསེར་གདུང་མཆོད་རྟེན་བཞེངས། ཚང་མ་གསུང་མོལ་ཐོག་ནས་གསེར་སྦྱངས་རང་ལས་བཞེངས་པ་ཐག་བཅད་པའི་ཚེ། པཎ་ཆེན་རིན་པོ་ཆེས་གསེར་སྲང་སྟོང་ཕྲག་བདུན་དུས་གཅིག་ལ་ཕུལ། དེ་ནས་རྒྱལ་བའི་ཡང་སྲིད་བརྩད་འཚོལ་སྐོར་ལ། ཐོག་མ་སྲིད་སྐྱོང་བདེ་ལེགས་རྒྱ་མཚོའི་དབུས་བཀའ་ཤག་ནས་འོས་སྤྲུལ་བརྩད་ཞིབ་ཆེད་དུ་ཕྱོགས་མཐའ་དག་ལ་མི་སྣ་བཀོད་མངགས་བྱས་ཏེ། ཕ་མའི་ཟེར་ཚོད་དང་། ཆོས་སྐྱོང་ཁག་ནས་ལུང་ཕེབས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཀྱང་འཁྲུལ་མེད་མཛུབ་བཙུགས་འོས་པ་ཞིག་མ་རྙེད། ལོ་དེའི་ཟླ་བ་བཅུ་གཉིས་པའི་ནང་ཆིང་གོང་མས་ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་སྐུ་འཁོར་ཨམ་བན་གཅིག་དང་། དཔོན་ཆུང་ཁ་ཤས། གོང་མའི་བླ་སྨན་བཅས་རྒྱལ་བའི་ཡང་འཁྲུལ་བྲལ་ངོས་འཛིན་གྱི་ཆེད་དུ་པེ་ཅིང་ནས་བོད་དུ་བཏང་། སྐབས་ཞིག་ན་ལྕང་སྐྱ་རིན་པོ་ཆེས། སྐུ་རྩེད་ཀྱིས་རྡོ་རིང་པཎྜི་ཏ་ལ་གསུང་པར། རྒྱལ་བའི་ཡང་སྲིད་རྩ་ཆེ་བས་རང་ཅག་གིས་བློ་ཡིས་མ་འཁྱུད། ཆོས་སྐྱོང་ཁག་ལ་མངོན་ཤེས་ཡོད་པའི་རེ་བས་བརྟག་ལུང་ཞུས་ཀྱང་། ལོང་བའི་འཁར་བ་ལྟ་བུ་ལས་མི་འདུག ལུང་ཕེབས་ཚད་ཚང་མ་པོ་ཏ་ལའི་ཁྲིར་ལ་སྡེབས་གཅིག་བསྐྱལ་བས་ནི་མ་འཐུས། འདི་མུས་ཡུན་རིང་འགྱངས་ན་སྐུ་གེགས་ཇི་ཡོང་མི་ཤེས་པའི་ཁར། གོང་མ་ཆེན་པོས་ཀྱང་ཅི་གསུང་མི་ཤེས། དེས་ན་པཎྜིི་ཏ་ཁྱེད་ལ་ཆོས་སྐྱོང་སྐུ་གསོལ་ཞིག་ཞུ་དགོས་རྒྱུ་ཨེ་ཡིན་ཞེས་གསུངས་པ་ན། པཎྜི་ཏས་ལན་དུ། སྤྱན་འདྲེན་ཇི་ཙམ་བྱས་ཀྱང་ལྷ་འདྲེ་ཁོག་ཞུགས་ནི་ཕྲན་ལ་གཏན་ནས་མི་ཡོང་། དེ་བས་གོང་མ་ཆེན་པོས་ཀྱང་ང་ཚོ་མདའ་ལ་ཡིད་མ་ཆེས་ནས། མདུང་ལ་སྲང་གང་སྤྲད་དེ་བཀའ་ཡིས་མངགས་པ་ནི་སྐྱབས་མགོན་ཆེན་པོ་ཁྱེད་ཉིད་ཡིན་སྟབས་ཁྱེད་ཀྱིས་ཡེ་ཤེས་སྤྱན་གྱིས་གཟིགས་པས་ཐག་ཆོད་པ་ཞིག་མཛད་ན། ཞེས་ཞུས། ལྕགས་འབྲུག་སྤྱི་ལོ་1760ལོར་མཐར་ལྕང་སྐྱ་རིན་པོ་ཆེས། ད་ནི་རང་ཅག་ཐམས་ཅད་ཀྱིས་པཎ་ཆེན་རིན་པོ་ཆེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བཀའ་གང་ཕེབས་ཆ་བཞག་བྱེད་པ་ལས་འོས་མི་འདུག་གསུངས་པར། འོས་སྤྲུལ་རྣམས་ཀྱི་ནང་ནས་བསྐྱར་འདེམས་བྱས་ཏེ་གཙང་པ་གཅིག འོལ་དགའ་བ་གཅིག ཁམས་པ་གཅིག་བཅས་ཁྱེའུ་གསུམ་པོ་གང་འོས་པཎ་ཆེན་རིན་པོ་ཆེ་ལ་ཞུས་པས། པཎ་ཆེན་རིན་པོ་ཆེས་གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་འཁྲུངས་པའི་ཁྱེའུ་དེ་ཡང་སྲིད་འཁྲུལ་བྲལ་ཡིན་པར་ཐུགས་ཐག་བཅད། ལྕགས་སྦྲུལ་སྤྱི་ལོ་1761ལོར་ཟླ་བ་དང་པོའི་ནང་རྒྱལ་བའི་ཡང་སྲིད་གཙང་བཀྲ་ཤིས་ལྷུན་པོར་གདན་དྲངས་ནས་པན་ཆེན་རིན་པོ་ཆེའི་མདུན་ནས་གཙུག་ཕུད་བཞེས། ཆུ་རྟ་སྤྱི་ལོ་1762ལོར་ཟླ་བ་བདུན་པའི་ཚེས་10ཉིན། པཎ་ཆེན་རིན་པོ་ཆེའི་དབུས། སྲིད་སྐྱོང་བདེ་ལེགས་རྒྱ་མཚོ་དང་། རྒྱ་བོད་ཀྱི་དཔོན་རིགས་རྣམས་ལྷན་འཛོམས་པའི་གདན་ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་མཛད། ཆུ་ལུག་སྤྱི་ལོ་1763ལོར་དེ་མོ་སྲིད་སྐྱོང་ལྷ་སར་བཞུགས་གནས་བསྟན་རྒྱས་གླིང་བླ་བྲང་གསར་དུ་བཞེངས། ལྕགས་སྟག་སྤྱི་ལོ་1770ལོར་ཆིང་གོང་མས་བཞད་ཧོར་(热河)པོ་ཏ་ལའི་རྟེན་བཞེངས་ཆེད་དུ། མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བཤེས་དང་། དབུ་མཛད་བཅས་གཏོང་དགོས་པའི་བཀའ་ཕེབས་ལྟར། མཁན་པོ་སངས་རྒྱས་འོད་ཟེར། ཞབས་དྲུང་ངག་དབང་ཆོས་གྲགས། རྒྱུད་བློ་བཟང་དགེ་ལེགས། དབུ་མཛད་ངག་དབང་རིན་ཆེན་རྣམས་ལ་རྫོང་བདའ་སོ་སོའི་བབ་ཐོབ་དང་བསྟུན་པ་གཟབ་རྒྱས་གནང་སྟེ་པེ་ཅིང་དུ་བཏང་། །

ལྕགས་ཡོས་སྤྱི་ལོ་1771ལོར་སླར་ཡང་རྒྱལ་རོང་དང་རྒྱ་ནག་བར་དམག་འཁྲུག་ཐེངས་གཉིས་པ་ལངས། རྒྱ་ནག་གོང་མས་བྱང་ཤར་ས་ཁུལ་ཚུན་ཆད་ཀྱི་རྒྱལ་ཡོངས་ཀྱི་དམག་ཕྱེད་བསྡུས་ཏེ་དམག་མི་འབུམ་ཕྲག་གཅིག་དང་ཁྲི་གཉིས་སྟོང་ཕྲག་ལྔ་ལྷག་ཙམ་ 125,000རྒྱལ་རོང་ས་ཁུལ་དུ་བཏང༌། འགྲོ་སོང་རྒྱ་དངུལ་དཀར་པོ་སྲང་བྱེ་བ་བདུན་70,000,000ལྷག་ཙམ་བཏང༌། 1776ལོའི་ཟླ་བ་བཞི་པའི་བར་ལོ་ལྔ་ལྷག་རིང་དམག་འཐབ་བྱས། རྒྱ་དམག་ཆིག་ཁྲི་བཞི་སྟོང་བདུན་བརྒྱ་ཙམ་ཤི། དེའི་ནང་རྒྱ་དཔོན་ཆེ་ཆུང་དགུ་བརྒྱ་ཙམ་ཤི། བོད་དམག་ཁྲི་གཉིས་ཤི། བོད་ཤིང་ཁང་ཅན་གྱི་གྲོང་ཚོ་ཉིས་བརྒྱ་ཙམ་མེར་བསྲེགས། ཞེས་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་རྒྱ་ཡིག་པར་མའི་ནང་དུ་གསལ། སྐབས་དེར་ཧ་ཅང་འདུལ་དཀའ་བའི་སྲ་མཁྲེགས་ཅན་གྱི་བོད་མི་དུད་ཚང་ཉིས་བརྒྱ་ལྷག་ཙམ་འཛིན་བཟུང་བྱས་ཏེ་པེ་ཅིང་དུ་ཁྲིད་ནས་ཤང་ཧྲན་དུ་བཞག་པ་དེང་སངས་ཡང་བོད་ཀྱི་རྒྱུད་པ་ཡིན་པའི་གྲོང་ཚོ་ཞིག་འདུག མེ་བྱ་1777ལོའི་ཟླ་བ་དང་པོའི་ཚེས་22ཉིན་སྲིད་སྐྱོང་བདེ་ལེགས་རྒྱ་མཚོ་ལྷ་སར་སྐུ་གཤེགས། །

མེ་བྱ་ཤར་རྩེའི་མཁན་ཆེན་མཆོག། །

ངག་དབང་ཚུལ་ཁྲིམས་སྲིད་ཁྲིར་འཁོད། །

ལྕགས་གླང་འཇམ་དཔལ་རྒྱ་མཚོ་མཆོག །

སྲིད་ཁྲིར་འཁོད་ཀྱང་སྲིད་དོན་ཉམས། །

རྟ་ཚག་རྗེ་དྲུང་སྲིད་རོགས་བསྐོས། །

ཚེ་སྨོན་གླིང་པས་སྲིད་སྐྱོང་བ།མེ་བྱ་སྤྱི་ལོ་1777ལོའི་ཟླ་བ་3པར་ཆིང་གོང་མའི་བཀའ་ལུང་ལྟར། ཤར་རྩེའི་མཁན་པོ་ངག་དབང་ཚུལ་ཁྲིམས་པེ་ཅིང་ནས་ལྷ་སར་འབྱོར། ཟླ་བ་བདུན་པའི་ཚེས་14ཉིན་སྲིད་སྐྱོང་གི་ཁྲི་ལ་འཁོད། ཤར་རྩེའི་མཁན་པོ་སྲིད་སྐྱོང་གི་ཁྲི་ལ་འཁོད་ཚུལ་སྐོར། “དེ་དུས་བོད་དུ་དེ་མོ་ཧུ་ཐོག་ཐུ་ཞི་བར་གཤེགས་པས། གོང་མ་ཆེན་པོས། ཁོང་གི་ཚབ་ཏུ་བོད་ཀྱི་ལས་དོན་བྱེད་མཁན་གྱི་བླ་མ་ཞིག་གཏོང་དགོས་འདུག་པས་སུ་བཏང་ན་ལེགས་ཞེས་བཀའ་ཕེབས་པར། ལྕང་སྐྱ་རིན་པོ་ཆེས། སྨིན་གྲོལ་སྤྲུལ་སྐུ་བཏང་ན་ཞུས་པར། གོང་མའི་དགོངས་པ་མ་སོན། དེ་ནས་ལྕང་སྐྱ་རིན་པོ་ཆེས། རང་ཉིད་ན་ཚོད་སྨིན་ནའང་གོང་མའི་སྐུ་དོན་ཡིན་པས་འགྲོ་ཆོག་ཅེས་གསུངས་པར། གོང་མས། བོད་ས་ཐག་རིང་བ་དང་ལོ་ཡང་མང་ཙམ་འགོར་བས་ཧུ་ཐོག་ཐུ་ཉིད་གཏོང་མི་ཕོད། ཤར་རྩེ་མཁན་པོ་ནོ་མོན་ཧན་བཏང་ན་ཇི་འདྲ་གསུངས་པར། ལྕང་སྐྱ་རིན་པོ་ཆེས། དེ་ཀས་འཐུས་ཞུས། དེ་ནས་རྒྱལ་ཡུམ་གཤེགས་པའི་དགོངས་རྫོགས་སྒྲུབ་མཁན་དང་བོད་ཀྱི་ལས་དོན་བྱེད་པ་ཐུན་མོང་དུ། ཅོ་ནེ་ནོ་མོན་ཧན་ངག་དབང་ཚུལ་ཁྲིམས་གཏོང་བ་གནང་། ” ཞེས་ལྕང་སྐྱའི་རྣམ་ཐར་ལས་གསལ། ཁོང་ཐོག་མར་བོད་དུ་འབྱོར་པ་དང་དགའ་ལྡན་ཁང་གསར་དུ་བཞུགས་ཞིང་། དེ་རྗེས་ཚེ་སྨོན་གླིང་དུ་སྤོར་བཞུགས་མཛད་པས་ཚེ་སྨོན་གླིང་པ་ཞེས་འབོད། སྲིད་སྐྱོང་དེའི་ཡང་སྲིད་ངོས་འཛིན་བྱས་པ་ལ་ཚེ་སྨོན་གླིང་པ་སྐུ་ཕྲེང་རིམ་བྱོན་རྣམས་བྱུང་། །

དུས་དེར་རྒྱ་ནག་གོང་མའི་མ་ཡུམ་གཤེགས་པར་མྱ་ངན་ཞུས་པའི་སྐོར་ལ། རྡོ་རིང་པཎྜི་ཏའི་རྣམ་ཐར་ལས། “ འདི་སྐབས་ཨམ་བན་རྣམ་གཉིས་སོགས་རྒྱ་དཔོན་རྣམས་རྒྱ་ལུགས་མྱ་ངན་གྱི་གྱོན་པ་དཀར་པོ་དང་། ཞྭ་མོ་ཇ་ལར་མེད་པ་གྱོན་ཞིང་། གུང་། བཀའ། མདའ། ཛ་སག་སོགས་གོང་མའི་མིང་དང་ཆོ་ལོ་འཛིན་པ་རྣམས་ཀྱང་དེ་དོན་ལྟར་བྱེད་དགོས་པ་ཨམ་བན་གཉིས་ནས་གསུང་འདུག་དོན་ལལྟར་འདི་སྐབས་བོད་ཀྱི་མི་དྲག་རྣམས་ཞག་ཤས་བར་དབུ་ཞྭ་འབོག་དོ་དང་། ན་བཟའ་འགོ་སྣམ་དཀར་པོ་དང་། སྣམ་ཕྲུག་དཀར་པོ་ཞེ་གཅིག་གྱོན་བཞེས་མཛད་དགོས་པ་བྱུང་སོང་གཤིས། རྒྱ་ནག་གི་མྱ་ངན་ཆ་ལུགས་བོད་ཀྱི་རྟེན་འབྲེལ་ལེགས་ཆས་སུ་གྱུར་པའི་ཡ་མཚན་པ་ཞིག་བྱུང་།” ཞེས་གསུངས། །

ས་ཕག་སྤྱི་ལོ་1779ལོའི་ཟླ་བ་དྲུག་པར་པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་། ལོ་དེའི་ཟླ་བ་བཅུ་པར་ས་ངན་པ་རྣམས་ཀྱིས་ཆིང་གོང་མས་རྒྱལ་བ་རིན་པོ་ཆེ་ལ་གནང་རྟེན་སྐྱེལ་བའི་བདལ་པ་བཅོམ་འཕྲོག་བྱས་པར། རྒྱ་བོད་བླ་དཔོན་བཀའ་མོལ་གྱི་སྟེང་ནས་རྒྱ་བོད་ཕྱོགས་སོ་སོ་ནས་ཁམས་ཕྱོགས་སུ་དམག་དཔུང་བཏང་། བོད་ནས་མདའ་དཔོན་ལྕང་ལོ་ཅན་པ་བཀྲ་ཤིས་ཕུན་ཚོགས་དང་། པ་ལྷ་བསྟན་འཛིན་རྣམ་རྒྱལ། ལྷ་བུ་གླང་ཆེན། མེ་རུ་རྒྱབ་པ་བཅས་ཀྱིས་དམག་དཔུང་དྲངས་ཏེ་ས་ངན་རི་ཁ་གཤིས་པ་རྣམས་ཀྱི་སྣོད་བཅུག་མེར་བསྲེག ས་ངན་འགོ་གཙོ་སྡེ་རོ་ཨ་ཚོགས་ཟེར་བ་ཡང་གུང་པཎྜི་ཏས་བསླུ་ཁྲིད་ཀྱིས་གསོན་བཟུང་བྱས་ཏེ་སི་ཁྲོན་ཅང་ཅུང་ལ་རྩིས་སྤྲད། རྒྱ་དམག་རྣམས་ཕྱིར་ལོག་རྗེས་ཐའི་ཇི་མེ་རུ་རྒྱབ་པས་བོད་དམག་ཁྲི་དནས་ས་ངན་རྟ་རྒོད་བྱམས་པ་ནང་མི་ཡོངས་རྫོགས་གསོན་བཟུང་བྱས་ཏེ་རྟ་རྒོད་བྱམས་པ་དང་། བུ་ཆེ་བ་གཉིས་སྲོག་ཆད་བཅད། བུ་ཆུང་བ་དང་། ཆུང་མ། མ་རྒན། བུ་མོ་བཅས་གསང་རྫོང་རི་མ་ལྕང་རར་རྒྱང་འབུད་བཏང་། ས་ངན་པ་རྣམས་སྔོན་ཆད་བོད་གཞུང་ལ་མར་ཁྲལ་འཇལ་དགོས་པ་རྣམས་སླར་གསོ་བྱས། ལྕགས་བྱི་སྤྱི་ལོ་1780ལོའི་ཟླ་བ་བཅུ་གཅིག་པའི་ཚེས་1ཉིན། པཎ་ཆེན་དཔལ་ལྡན་ཡེ་ཤེས་པེ་ཅིང་ལྷ་ཁང་སེར་པོར་སྐུ་གཤེགས།

རྒྱལ་བ་འཇམ་དཔལ་རྒྱ་མཚོས་སྲིད་སྐྱོང་བ།ལྕགས་གླང་སྤྱི་ལོ་1781ལོ་ཟླ་བ་དྲུག་པའི་ཚེས་1ཉིན། རྒྱལ་བ་འཇམ་དཔལ་རྒྱ་མཚོ་སྲིད་སྐྱོང་གི་ཁྲིར་འཁོད། དེ་ཡང་པོ་ཏ་ལའི་ཚོམས་ཆེན་དུ། སྲིད་ཟུར་ཚེ་སྨོན་གླིང་པ་ངག་དབང་ཚུལ་ཁྲིམས་དང་།
བཀའ་བློན་རྣམས་པ། སེར་འབྲས་དགའ་གསུམ་གྱི་སྐུ་ཚབ། དགོན་སྡེ་ཁག་གི་འཐུས་མི་དང་། བོད་བཞུགས་ཨམ་བན། འབྲུག ལ་དྭགས། ཧོར་སོག གློ་བོ། བལ་པོ་སོགས་ཕྱོགས་མཐའི་སྐུ་མགྲོན་བཅས་ཀྱིས་དབུས། མདུན་ན་འདོན་སྨྱུག་འཛིན་ཆེན་པོ་བསྐལ་བཟང་བསྟན་དར་ནས། རྒྱ་ནག་གོང་མས་གནང་བའི་གཟེངས་བསྟོད་ཀྱི་བཀའ་ལུང་སྐད་གསང་མཐོན་པོས་བསྒྲགས། བོད་བཞུགས་ཨམ་བན་བརྒྱུད་ནས་གོང་མས་གནང་བའི་གསེར་སྲང་བདུན་ཅུ་ལས་གྲུབ་པའི་པང་ལེབ་བཅུ་བདུན་ལ་འཇའ་སའི་ཡི་གེ་གཟོང་བརྐོས་ཀྱི་མན་ཇུ་དང་། རྒྱ་ཡིག སོག་ཡིག བོད་ཡིག་བཞི་སྦྱར་ཅན་དང་། གསེར་ཐམ་བཅས་ཕུལ། ལོ་དེའི་ཟླ་བ་བཅུ་པའི་ནང་རྒྱ་ནག་གོང་མས་སྐུ་མཆེད་ཇོ་ལགས་ལ་གུང་གི་ཆོ་ལོ་དང་། ཁུ་བོ་རྗེ་དྲུང་བློ་བཟང་ཕུན་ཚོགས་ལ་ཨ་ཆི་ཐུ་མཁན་པོའི་ཆོ་ལོ་གནང་།
བཀའ་བློན་ར་ག་ཤག་པ་དང་། ཐོན་པ་གཉིས་ལ་བྱེ་རུའི་ཏོག་དང་། དམར་བྱའི་སྒྲོ་མདོངས་འཕར་མ་བསྩལ། ཆུ་སྟག་སྤྱི་ལོ་1782ལོར་གོང་མས་བོད་ཡིག་སློབ་སར་མངགས་པའི་རྒྱ་དཔོན་བཞི་འབྱོར་པ་དེ་དག་གི་དགེ་རྒན་རྩེ་དྲུང་ཆོས་ཀྱི་རྒྱ་མཚོ་དང་། སྐུ་ཞང་བསྐལ་བཟང་བདེ་ལེགས་གཉིས་བསྐོ་བཞག་གནང་། ཆུ་ཡོས་སྤྱི་ལོ་1783ལོར་རྡོ་རིང་ནོ་ཡོན་པཎྜི་ཏ་བཀའ་བློན་དགོངས་ཞུས་བྱས་ཤིང་། དེའི་ཚབ་ཏུ་སྲས་རྡོ་རིང་བསྟན་འཛིན་དཔལ་འབྱོར་བཀའ་བློན་བསྐོས། ཤིང་འབྲུག་སྤྱི་ལོ་1784ལོར་ནོར་བུ་གླིང་ཁར་བསྐལ་བཟང་ཕོ་བྲང་གསར་བཞེངས་མཛད་པ་འདི་ནི་ནོར་བུ་གླིང་ཁའི་ནང་གི་ཕོ་བྲང་དང་པོ་ཡིན། འོན་ཀྱང་ཁོང་གི་གཉེན་ཉེ་རྣམས་ཀྱི་གཞུང་ཞབས་ལས་དོན་ལེགས་གྲུབ་མ་བྱུང་སྟབས་འགའ་ཞིག་གནས་དབྱུང་བྱུང་བ་དང་། སྤྱི་ལོ་1791ལོར་རྒྱ་ནག་གོང་མས་རྟ་ཚག་རྗེ་དྲུང་སྲིད་སྐྱོང་གི་ལས་རོགས་པ་བསྐོས། །

ཤིང་སྦྲུལ་སྤྱི་ལོ་1785ལོར་བོད་ནས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་སྐུ་དཀར་གསོལ་མཁན་དང་། ཞར་དུ་སྤོས་སྨན་ཉོ་སྒྲུབ་བྱེད་མཁན་རྩེ་དྲུང་དགའ་ལྡན་བཀའ་བཅུ་པ་དང་། ནང་ཟན་ཨེམ་ཆི་གཉིས་བཏང་བ་རེད། ཁོ་ཚོ་བལ་ཡུལ་དུ་འབྱོར་པ་དང་གོར་ཁ་རྒྱལ་བློན་ཚོས་བཟུང་ནས། བལ་པོ་ཡམ་བུ་རྒྱལ་པོའི་སྐབས་སུ་འགྲེམ་སྤེལ་བྱས་པའི་བལ་ཊམ་རྣམས་ལྷད་ཅན་ཤ་སྟག་རེད། གོར་ཁའི་སྲིད་གཞུང་གསར་པའི་སྐབས་དཔར་འགྲེམ་བྱས་པའི་ཊམ་ཀ་རྣམས་ལྷད་མེད་ཡིན་ཡང་། བོད་དུ་དེ་གཉིས་ཁྱད་མེད་འགྲོ་རྒྱུག་བྱེད་པ་མ་འོས་པའི་ལས་ཡིན། བལ་ཊམ་རྙིང་པ་འགྲོ་རྒྱུག་མེད་པ་བྱ་རྒྱུའམ། ཡང་ན་གཉའ་ནང་དང་། རོང་ཤར། སྐྱིང་གྲོང་གསུམ་གོར་ཁ་ལ་རྩིས་སྤྲོད་བྱ་དགོས་པའི་གདམ་ཁ་གྱིས། བོད་ནས་དེའི་ལན་མ་འབྱོར་པ་ཁྱོད་གཉིས་མི་བཏའ་ཉར་རྒྱུ་ཡིན་ཞེས་བཀག་སྡོམ་བྱས། སྐབས་དེར་ཞྭ་དམར་ཆོས་གྲུབ་རྒྱ་མཚོ་དང་། འབྲུག་པ་བདེ་ཆེན་སྤྲུལ་སྐུ་གཉིས་བལ་ཡུལ་དུ་ཡོད་སྐབས་དང་འཁེལ། གནས་ཚུལ་དེ་གོ་འཕྲལ་འབྲུག་བདེ་ཆེན་སྤྲུལ་སྐུ་རྙོག་དྲའི་ནང་དུ་ཚུད་དོགས་ཀྱིས་མཚན་གུང་དེ་རང་ལ་བལ་ཡུལ་ནས་ཐོན་དེ་བོད་དུ་ཕྱིར་ལོག ཞྭ་དམར་རིན་པོ་ཆེས་གོར་ཁ་ལ་ཞུ་བ་ཕུལ་ཞིང་རྟེན་བཞེངས་པ་ཕྱིར་བོད་དུ་བཏང་ཞིང་བོད་ནས་ལན་མ་བྱུང་བར་ཁོང་རང་ཉིད་བལ་ཡུལ་དུ་མི་བཏའ་བཞུགས་རྒྱུ་ཁས་བླངས། རྟེན་བཞེངས་པ་གཉིས་ལ། ཁྱོད་གཉིས་ནས་ཆུ་ཐོན་ཟམ་དཔེ་མ་སོང་བ་རྒྱ་བོད་བླ་དཔོན་རྣམས་ལ་གོར་ཁས་བསྐུར་བའི་གདམ་ཁ་དེའི་ལན་གསལ་པོ་ཡོད་པ་དང་།
ཞྭ་དམར་རང་ཉིད་བལ་ཡུལ་ནས་འདོན་ཐབས་བོད་གཞུང་གིས་གནང་རྒྱུ་ཆད་དོན་བྱས་ཚུལ་གྱི་ཞུ་ཤོག་བཀའ་ཤག་ལ་ཕུལ་ཏེ་བོད་དུ་བཏང་། མེ་རྟ་ལོའི་ལོ་འགོ་སྲིད་སྐྱོང་ཟུར་པ་ཚེ་སྨོན་གླིང་པ་པེ་ཅིང་དུ་མ་ཕེབས་པའི་སྔོན་ཙམ་ན་ཁོང་གཉིས་ལྷ་སར་འབྱོར། ཁོང་གཉིས་ཀྱིས་ཞྭ་དམར་བའི་སྙན་ཞུ་ལས་ལྡོག་སྟེ། ཞྭ་དམར་བའི་ཡིག་དོན་ཐམས་ཅད་མཛེས་ཟོལ་གཡོ་སྐོར་ཁོ་ན་ལས། དོན་དུ་གོར་ཁ་རྒྱལ་པོའི་ཨ་ཁུ་དང་ཞྭ་དམར་བ་མཆོད་ཡོན་སྐྱིད་སྡུག་གཅིག་པའི་འབྲེལ་བ་ཡིན་པས། རྙོག་དྲ་འདི་གོར་ཁ་རྒྱལ་པོ་ལ་ཤོག་སྦུག་རླུང་འཚང་བྱེད་མཁན་ཞྭ་དམར་བ་ཡིན་ཚུལ་སོགས་ཞུས་འདུག །

མེ་རྟ་སྤྱི་ལོ་1786ལོ་ཟླ་བ་གསུམ་པའི་ནང་། ལྕང་སྐྱ་སྐུ་གཤེགས་པའི་བླ་ཚབ་ཏུ་སྲིད་སྐྱོང་ཟུར་པ་ངག་དབང་ཚུལ་ཁྲིམས་གོང་མའི་དབུ་བླར་ཕེབས་དགོས་པའི་བཀའ་ལུང་འབྱོར་པ་ལྟར་ཚེ་སྨོན་གླིང་པ་པེ་ཅིང་དུ་ཕེབས། བོད་ནས་ཞྭ་དམར་བ་ལ་དོགས་གཞི་དང་བཅས་རྒྱ་བོད་བླ་ཆེན་བཅས་ཚང་མས་གྲོས་མཐུན་བྱས་ཏེ་གོར་ཁས་བཏོན་པའི་གྲོས་གཞི་རྣམས་འགྲིག་རེ་བྲལ་བའི་ཡིག་ལན་བཏང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1