རླུང་མཁྲིས་བད་ཀན་གསུམ་གྱི་བྱེད་ལས་།
སྒྲོལ་མ་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
སངས་རྒྱས་སྨན་གྱི་བླ་དང་དྲང་སྲོང་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ། གཅིག རླུང་མཁྲིས་བད་ཀན་གསུམ་གྱི་དེའི་དང་པོ་རླུང་ནད་བཤད་པ། རླུང་ཞེས་པ་དེ་གང་འདྲ་ཞིག་ཟེར་ན་སྙིང་དང་ཀླད་པ་སོགས་སྲོག་རྩ་དཀར་ནག་ལ་གཙོ་ཆེར་གནས་ཤིང་ཡུལ་ལྔའི་རྣམ་ཤེས་བདག་ཏུ་འཛིན་པར་བྱེད་པའི་ལུས་ཀྱི་འབྱུང་ཁམས་རླུང་དང་ཤེས་པ་གཉིས་ལྡན་གྱི་མིང་སྟེ། རླུང་ནི་གཡོ་བའི་མིང་ཡིན་ཏེ། ཞེས་དང་།
རླུང་ནི་མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་པའི་ཡུལ་སོ་སོར་འཇུག་པའི་བྱ་བ་བྱེད་མཁན་གྱི་འབྱུང་ཁམས་ཀྱི་མིང་ངོ་། རླུང་དེ་ལ་དབྱེ་ན་ལྔ་ཙམ་ཡོད་ལ་སྲོག་འཛིན་གྱི་རླུང་དང་། གྱེན་རྒྱུ་རླུང་། ཁྱབ་བྱེད་ཀྱི་རླུང་། མེ་མཉམ་གྱི་རླུང་། ཐུར་སེལ་གྱི་རླུང་བཅས་སོ། །
དེ་ཡང་རྒྱུད་ལས། 1.ཁྱད་པར་སྲོག་འཛིན་རླུང་ནི་སྤྱི་བོར་གནས། གྲེ་བ་བྲང་གཞུང་རྒྱུ་ཞིང་ཟས་སྐོམ་མིད། དབུགས་རྔུབ་མཆིལ་འདོར་སྦྲིད་པ་སྒྲེག་པ་འབྱིན། བློ་དང་དབང་པོ་གསལ་ཞིང་སེམས་འཛིན་བྱེད། སྲོག་འཛིན་པའི་རླུང་དེ་སྤྱི་བོ་གནས། རྒྱུ་བའི་ལམ་ནི་གྲེ་བ་དང་བྲང་དུ་རྒྱུ། ལས་ནི་ཟས་སྐོམ་མིད་པ་དང་།
དབུགས་རྔུབ་པ་དང་། མཆིལ་མ་འདོར་བ་དང་། སྦྲིད་པ་དང་སྒྲེགས་པ་དང་འབྱིན་པ་དང་། བློ་གསལ་བ་དང་། དབང་པོ་གསལ་ཞིང་སེམས་ཀྱི་འཛིན་པ་གསལ་བར་བྱེད། 2.གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས། སྣ་ལྕེ་ལྐོག་མར་རྒྱུ་ཞིང་ཚིག་འབྱིན་ལ། སྟོབས་མདངས་ཁ་དོག་འབད་རྩོལ་དྲན་གསལ་བྱེད། ཅེས་པས་བསྟན་ལ། གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས། རྒྱུ་བའི་ལམ་ནི་སྣ་ལྕེ་དང་ལྐོག་མར་རྒྱུ། ལས་ནི་ཚིགས་འབྱིན་པ་དང་། སྟོབས་སྐྱེད་མདངས་གསལ་དྲན་པ་གསལ་བར་བྱེད། 3.ཁྱབ་བྱེད་རླུང་ནི་སྙིང་ལ་གནས་པ་སྟེ། ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོག་འགྲོ །
བརྐྱང་བསྐུམ་འབྱེད་འཛུམ་ཕལ་རག་ལས། ཁྱབ་བྱེད་རླུང་ནི་སྙིང་ཁར་གནས་ནས། རྒྱུ་བའི་ལམ་ལུས་ཀུན་ཁྱབ་པར་རྒྱུ། བྱེད་པའི་ལས་ནི་རྐང་པ་འདེགས་པ་དང་འཇོག་དང་། རྐང་ལག་ལྕེ་རྒྱུད་བསྐུམ་པ་དང་། བུ་ག་རྣམས་འབྱེད་པ་འཛུམ་པ་དང་། ལུས་ཀྱི་བྱ་བ་ཕལ་ཆེར་རག་ལས་ཤིང་ཡོད་པ་རེད། 4.མེ་དང་འདྲ་པའི་རླུང་ནི་ཕོ་བ་གནས། ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ། དྭངས་སྙིགས་འབྱེད་ཅིང་གནོད་བྱ་སྨིན་པར་བྱེད། ཅེས་གསུངས་སོ། མེ་མཉམ་རླུང་ནི་ཕོ་བའི་ཟངས་ཚགས་ལ་གནས། རྒྱུ་བའི་ལམ་ནི་ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་། བྱེད་པའི་ལས་ནི་ཁ་ཟས་འཇུ་བ་དང་།
དྭངས་སྙིགས་འབྱེད་པ་དང་། ལུས་ཟུངས་བདུན་སྨིན་པར་བྱེད་པའོ། 5.ཐུར་སེལ་རླུང་ནི་གཞང་ལ་གནས། ལོང་དང་ལྒང་པ་གསང་བ་བརླ་ནང་རྒྱུ། ཁུ་ཁྲག་བཤང་གཅི་མངལ་ནང་འབྱིན་སྡོམ་བྱེད། ཅེས་པ་དེ། ཐུར་སེལ་གྱི་རླུང་ནི་གཞང་ལ་གནས་ནས། རྒྱུ་བའི་ལམ་ནི་ལོང་ཁ་དང་ལྒང་པ་དང་། གསང་བ་བརླའི་ནང་དུ་རྒྱུ། བྱེད་ལས་ནི་ཁུ་ཁྲག་ཕྱིར་འབྱིན་བྱེད་པ་དང་ནང་དུ་སྡོམ་ནས་ཕྱི་རུ་མི་འགྲོ་བའི་ལས་བྱེད་པའོ། །
གཉིས་པ། མཁྲིས་པ་ཞེས་ངོ་བོ་ལ་བལྟོས་ནས་ལུས་ཀྱི་མེ་དྲོད་ཁམས་སྤྱི་ཡི་མིང་དང་། གནས་ལ་བལྟོས་ནས་སྣོད་མཁྲིས་ཀྱི་མིང་ལ་གོ་བ་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་རིག་མིང་ཚིག་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། མཁྲིས་པ་ཞེས་པ་འབར་བའི་མིང་། ལུས་ཀྱི་དྲོད་ཁམས་སྣུམ་མཁྲིས་ནས་མེ་འབར་ལྟ་བུ་དྲོད་སྐྱེད་པས། མཁྲིས་པ་ཞེས་སུ་བཤད་པ་ཡིན། ཞེས་དང་། མཁྲིས་པ་དེ་ལ་ལྔ་ལས། འཇུ་བྱེད་དང་། མདངས་སྒྱུར་དང་། སྒྲུབ་བྱེད་དང་། མཐོང་བྱེད་དང་། མདོག་གསལ་ལྔ། 1.འཇུ་བྱེད་ཞུ་དང་མ་ཞུའི་བར་ན་གནས། ཟས་འཇུ་དྭངས་སྙིགས་འབྱེད་ཅིང་ལུས་དྲོད་དང་། ལྷག་མ་བཞི་ཡི་གྲོགས་དང་སྟོབས་བསྐྱེད་བྱེད། གསུངས་ཡོད་རེད། དེ་ཡང་མཁྲིས་པ་འཇུ་བྱེད་གནས་ཞུ་དང་མ་ཞུ་བར་ཕོ་བའི་ཟངས་ཚགས་ཀྱི་འོག་རྒྱུ་མའི་འོག་ལྟེ་བའི་ཐད་ཀ་ན་གནས། བྱེད་པའི་ལས་ནི་ཁ་ཟས་འཇུ་ཞིང་། དྭངས་སྙིགས་འབྱེད། ལུས་ལ་དྲོད་སྐྱེད། ལྷག་མ་བཞི་པོའི་རྟེན་བྱེད། 2.མཁྲིས་པ་མདངས་སྒྱུར་མཆིན་པར་གནས་པ་སྟེ། དྭངས་མ་ལ་སོགས་ཁ་དོག་མ་ལུས་བསྒྱུར། ཅེས་པས་སྟོན། མདངས་བསྒྱུར་གནས་ནི་མཆིན་པ་ལ་གནས། ལས་ནི་དྭངས་མ་སོ་སོར་སྒྱུར། དྭངས་མ་དེ་ཁྲག་དམར་པོར་བསྒྱུར་བ་ལ་སོགས་གནོད་བྱ་བཅུའི་ཁ་དོག་འགྱུར་བ་བྱེད་པའི་བདག་ཉིད་ཅན་ནོ། 3.མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པ་སྟེ། ཡིད་གཞུང་ང་རྒྱལ་བློ་དང་འདོད་པ་སྒྲུབ། ཅེས་གསུངས་ཡོདལ། སྒྲུབ་བྱེད་སྙིང་ལ་གནས་ནས། ལས་ནི་ཡིད་གཞུངས་བར་བྱེད། ང་རྒྱལ་བསྐྱེད། བློ་དང་འདོད་པ་འགྲུབ་པར་བྱེད་པའོ། །4.མཐོང་བྱེད་མིག་ལ་གནས་ནས་གཟུགས་མཐོང་བྱེད། མཁྲིས་པ་མཐོང་བྱེད་མིག་ལ་གནས་ནས། ལས་ནི་གཟུགས་མཐོང་བར་བྱེད་དོ། ། 5.མདངས་གསལ་པགས་གནས་པགས་མདངས་གསལ་བར་བྱེད། གསུངས་ཡོད་ལ། མཁྲིས་པ་མདངས་གསལ་པགས་ལ་གནས་པགས་མདོག་གསལ་བར་བྱེད།
གསུམ་པ་བད་ཀན་ནི། ལུས་ཀྱི་ས་ཆུའི་ཁམས་འཕེལ་བའི་དོན་དང་། བད་ཀན་ཞེས་ངོ་བོའི་སྒོ་ནས་བཏགས་པའི་ལུས་ཀྱི་ས་ཆུའི་ཁམས་ཀྱི་མིང་དང་། གསོ་དཔྱད་སོ་མ་ར་ཛ་ལས་། བད་ཀན་སྣུམ་ལྕི་ས་དང་ཆུ། ཞེས་དང་། བྱང་པའི་ཡན་ལག་བརྒྱད་པ་ལས། བད་ཅེས་ཆུ་ཡི་མིང་ལ། ཀན་ཞེས་ས་ཡི་མིང་ཡིན་ནོ། ལུས་ཀྱི་ས་ཆུའི་ཁམས་གཉིས་ཀྱི་མིང་ལས་གཞན་ལ་མི་འཇུག་གོ། ཨ་ཙ་ཕྱག་རྡུམ་གྱིས།བད་ཀན་ཆུ་ཡིན་གྲང་བ་གཏོགས།དེ་ལས་གྲང་སྐྲན་མ་ཞུ་འཕེལ། གྲང་བ་གང་བྱུང་བད་ཀན་ཡིན།
དང་པོ། བད་ཀན་རྟེན་བྱེད་བྲང་ལ་གནས་པ་སྟེ། ལྷག་མ་རྣམས་ཀྱི་རྟེན་དང་ཆུ་ལས་བྱེད། ཅེས་གསུངས་ཡོད་ལ། བད་ཀན་རྟེན་བྱེད་བྲང་ལ་གནས་པ་སྟེ། 1.བྲང་ལ་གནས་ནས། མྱག་བྱེད་ལ་སོགས་ལྷག་མ་རྣམས་ཀྱི་རྟེན་བྱེད་ཅིང་། ཆུའི་ལས་ལུས་ཀྱི་བརླན་རྣམས་དང་། བསིལ་བར་བྱེད་དོ། 2.བད་ཀན་མྱག་བྱེད་མ་ཞུ་བ་ལ་གནས། ཟས་སྐོམ་མྱག་ཅིང་འདྲུལ་བར་བྱེད་པ་ཡིན། ཞེས་གསུངས་པས། བད་ཀན་མྱག་བྱེད་མ་ཞུ་བའི་ཕོ་བ་ལ་གནས། ལས་ཟས་སྐོམ་མྱག་པར་བྱེད་པའོ། 3.བད་ཀན་མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། ཅེས་པས་སྟོན་ལ། རོ་མྱོང་བར་བྱེད་པའི་བདག་ཉིད་ཅན་ཞིག་ཡིན་ལ། 4.ཚིམ་བྱེད་མགོར་གནས་དབང་པོ་ཚིམ་པར་བྱེད། བད་ཀན་ཚིམ་བྱེད་མགོ་ལ་གནས། བྱེད་ལས་ནི་དབང་པོ་ཡུལ་གྱིས་ཚིམ་པར་བྱེད་དོ། 5.བད་ཀན་འབྱོར་བྱེད་ཚིགས་མིག་ཀུན་ལ་གནས། ལས་ནི་ཚིགས་རྣམས་འབྱོར་ཞིང་བརྐྱང་བསྐུམ་ལ་སོགས་མཉེན་པར་བྱེད་པའོ། །