རྟོད་ཐག་མེད་པའི་མི།

འབྲོག་ཤེས་རབ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ལག་རྩལ་མེད་པའི་རྐང་བ་དེ།

ངོ་ཚ་སྲུང་བྱེད་ཅིག་ཏུ་བརླམས་པ་ནས།

དམར་ཧྲེང་ཧྲེང་གི་ངོ་གདོང་མཐའ་དག

རྒྱ་ཆད་པའི་དུག་སྦྲུལ་གྱི་ཕུང་བོ་བཞིན

སྔས་འབོལ་གྱི་ཤ་ལྤགས་ཡོངས་སུ་བསླུས།

རྭ་ཅོ་ཁུར་བའི་མི་རབས་ཀྱི་སྙིང་ཚིལ་དེ།

ཟླ་འོད་ཀྱི་རྟོད་ཐག་ཅར་གྱིས་མནན་ནམ་ཅི།

མུན་ནག་གི་འཇའ་འོད་ནག་ཤིག་ཤིག

སྒེའུ་ཁུང་ཁྱམས་རར་འཕྲོས་པའི་དཔྱིད་ཀར།

སིལ་སྡོང་གི་ཡལ་གར་འཇུས་ནས།

ཞི་མི་དེ་ལ་དུས་ཚོད་ཀྱི་སྐྲ་ལོ་ཤད།

ལྦུ་ཆང་གི་འཕར་འགྲོས་དབུགས་ཀྱིས་འདེགས།

ང་རང་ནམ་མཁའི་པང་དུ་ལྕེབས་ནས།

གྲེ་བ་ནས་ལྟོག་སྐོམ་གྱི་མཆི་མ་བསྐྱིལ།

ཁང་བའི་མཐིལ་དུ་སྔོ་ཡུག་ཡུག་གི་དུ་ཞགས་ཀྱིས་ན་ཚ་གཏོང་།

མདུན་ངོས་སུ་ལྷུང་བའི་བ་སྤུའི་འགུལ་སྟངས་དེ།

རླུང་གི་མཆུ་ཏོས་སྒེག་ཉམས་ཀྱི་ནགས་ཚལ་འཚིག་པ་ལྟར།

མལ་སྟན་གྱོན་པའི་མར་མེ་རྐང་གཅིག་འབར་རྗེས།

རྒོད་པོ་ཚོ་ཡབ་ཆེན་གྱི་བཟོ་ལྟ་ཞོན་ནས།

རང་གི་རྒྱན་གོས་འབྱུང་བར་བརྡར།

ཁེར་ཧྲེང་གི་འགྲུལ་བ་རྐང་འཇབ་ལག་འཇབ་ངང་ནེམ་ཁྲིར་སྡད་དེ།

རྟེན་འབྲེལ་གྱི་ཁྲིམས་ལུགས་སྤེལ།

མཐའ་མི་ལོན་པའི་ཤོག་དཀར་གྱི་གཙང་ངོཊ་སུ།

མིག་མེད་པའི་སྒེའུ་ཁུང་གི་ནང་རོལ་ཏུ་འཛུལ།

གནམ་ནས་སར་བབས་པའི་སྡིག་སྒྲིབ་ཀྱི་མིག་ཆུ།

རིང་ས་ནས་ཉེ་སར་བཅར།

ཀུན་རྫོབ་ཀྱི་རྡོ་བའི་ངོས་སུ་དལ་གྱིས་ལྷུང་།

ངས་རང་ཉིད་ཐ་སྙད་ཀྱི་སྒྱེ་སྣོད་དུ་བཅུག་རྗེས།

ངའི་ས་ཞིང་གི་བདེ་ཐང་སླར་གསོན་མེད་པར་བཏང་།

ལོ་རབས་འདིའི་བཙའ་ཆགས་པའི་ངོ་གདོང་སྟེ།

ངའི་ལག་པ་དང་ཁ་ལྕེ་ཉེས་པ་མེད་པའི་གཤོག་ངོས་སུ་དྲུད་སོང་།


རྩོམ་ཡིག་སྔོན་མ།
ཁ་རོག་གེར།
རྩོམ་ཡིག་རྗེས་མ།
མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1