ཁ་རོག་གེར།
བཙན་མི། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
རྐང་འཇབས་ལག་འཇབས་བྱེད་མི་དགོས།
འགྲོ་བ་ཐམས་ཅད་རྨི་ལམ་གྱི་ཀློང་དུ་བཞུད་ཟིན།
འཇིག་རྟེན་འདིར་སད་ཡོད་པ་ནི།
འུ་གཉིས་ཁོ་ནའོ།
མཚན་མོ་ནི་ཞེ་སྡང་གི་མིག་ལྤགས་བཤུས་ཚར་བའི་རྗེས་ཀྱི།
འཁོར་བའི་ཁྲོད་ཀྱི་དཀར་ཐིགས་གཅིག་པུ་དེ་ཡིན།
ངས་ཁྱོད་ཀྱི་བྲང་གཞུང་དུ་མཚན་མོ་བསུས་ཡོད།
ཁྱི་སྐད་ཙམ་ཡང་མེད་པའི་མཚན་མོ་ཞིག་བསུས་ཡོད།
གལ་ཏེ། ཟླ་བའང་བསུ་དགོས་ཟེར་ན།
ངས་བར་སྣང་ལ་ལག་སྙོབ་བྱ་ཆོག
སྙིང་ཉེ། ཁ་རོག་གེར།
ཁང་མིག་ནང་གི་འཇིག་རྟེན་གྱུར་སོང་།
དེ་ནི་ཁྱོད་ཀྱི་བྱིན་རླབས་ཀྱི་མེ་རི་འབར་དྲག་པས་ཡིན་ནམ།
དགུན་ཟླ་ལས་ཚེས་མ་མྱོང་བའི་ཁང་མིག་འདི་རུ།
ཕྱེ་ལེབ་དང་སྦྲང་མ་ལྡིང་བྱུང་། མེ་ཏོག་ཀྱང་སྐྱེས་བྱུང་།
ཁ་རོག་གེར། དོན་དུ་ཁ་རོག་གེར་ཟེར་བ་དེ་ཁྱོད་རང་རེད།
དེ་ནི་རླུང་འཇགས་རྗེས་ཀྱི་ནམ་མཁའ་བཞིན།
མི་གཙང་བ་དག་ཕྱོགས་གཞན་དུ་དེད་ཟིན་པའི་ཁོ་ར་ཞིག
ཡང་ན། ང་རང་ཁྱོད་དང་ཁ་རོག་གེར་འཕྲད་པ་ནི་ཚོར་བ་ཞིག་གོ