མི།
འབའ་སྨད་རྒྱལ་ལོ་ཚེ་རིང་། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
ང་ཚོ་མི་འདིས་མི་གཞན་གྱི་སྐྱོན་གླེང་བར་སྤྲོ།
རང་ཉིད་མི་གཞན་གྱི་སྐྱོན་ལ་འབྲེལ་བ་ཏིལ་ཙམ་མེད་ཀྱང་།
ད་དུང་ཡང་གཞན་གྱི་སྐྱོན་གླེང་བར་སྤྲོ།
ང་ཚོ་མི་འདིས་མི་གཞན་ལ་ཕྲག་དོག་བྱེད་པར་སྤྲོ།
རང་ཉིད་ཀྱི་ཕྲག་དོག་གིས་གཞན་གྱི་ཕུན་སུམ་ཚོགས་པའི་འཚོ་བ་ལ་ཁབ་རྩེ་ཙམ་ཡང་གནོད་མི་ཐུབ་ནའང་།
ད་དུང་ཡང་མི་གཞན་ལ་ཕྲག་དོག་བྱེད་པར་མོས།
ང་ཚོ་མི་འདིས་གཞན་ལ་རྫུན་བཤད་པར་སྤྲོ།
རྫུན་གཅིག་གིས་མི་ཚེ་གང་བོར་རང་ཉིད་ཀྱི་མིང་འདི་བརླག་སྲིད་ནའང་།
ད་དུང་ཡང་མི་གཞན་ལ་རྫུན་བཤད་པར་ཞེན།
ང་ཚོ་མི་འདིས་གཞན་ལ་རྩོད་པ་སློང་བར་སྤྲོ།
རྩོད་པ་ཐེངས་གཅིག་གིས་རང་ཉིད་ཀྱི་མཐུན་པ་བརྒྱ་ལ་གནོད་སྲིད་ནའང་།
ད་དུང་ཡང་མི་གཞན་ལ་རྩོད་པ་བྱེད་པར་དུངས།
ང་ཚོ་མི་འདིས་མི་གཞན་ལ་ངན་ཁག་བཀྲི་བར་སྤྲོ།
དེ་ནི་རང་ཉིད་ལ་ནུས་པ་མེད་པ་མཚོན་བྱེད་ཙམ་ལས་ཅི་ཡང་མིན་ནའང་།
ད་དུང་ཡང་མི་གཞན་ལ་ངན་ཁག་བཀྲི་བར་དགའ།
ང་ཚོ་མི་འདིས་མི་གཞན་ལ་དམའ་འབེབ་བར་སྤྲོ།
གཞན་ལ་དམའ་ཇི་ལྟར་ཕབས་ཀྱང་ཕོག་ས་ནི་རང་གི་མི་གཞི་ཡིན་ནའང་།
ད་དུང་ཡང་མི་གཞན་ལ་དམའ་འབེབ་བར་ཆགས།
ང་ཚོ་མི་འདིས་མི་གཞན་ལ་འགྲན་སེམས་སྐྱེ་བར་སྤྲོ།
འཇིག་རྟེན་འདིར་རང་ལ་འགྲན་ཡ་གྲངས་ཀྱིས་མི་ཟིན་ནའང་།
ད་དུང་ཡང་མི་གཞན་ལ་འགྲན་སེམས་སྐྱེ་བར་གོམས།
ང་ཚོ་མི་འདིས་མི་གཞན་ལ་ངན་སེམས་འཆང་བར་སྤྲོ།
ངན་སེམས་ཀྱིས་རང་གི་དགེ་བའི་སེམས་རྒྱུད་བརླག་འགྲོ་ནའང་།
ད་དུང་ཡང་མི་གཞན་ལ་ངན་སེམས་འཆང་བར་སྤྲོ།
ང་ཚོ་ཡང་མི་འདིས་མི་གཞན་ལ་བསླུ་བྲིད་བྱེད་པར་སྤྲོ།
བསླུ་བྲིད་ཐེངས་གཅིག་གིས་རང་ལ་ཡིད་མི་ཆེས་པའི་མི་བརྒྱ་འབྱུང་ནའང་།
ད་དུང་ཡང་མི་གཞན་ལ་བསླུ་བྲིད་བྱེད་པར་མོས།
ང་ཚོ་མི་ནི... ...
སེམས་ཁམས།
སྐབས་རེར། ང་ནི་གླུ་གཞས་སྙན་མོ་ཞིག་ཡིན་ན་སེམས།
གླུ་གཞས་དེའི་ནང་གི་དགའ་སྐྱོ་ཆགས་སྡང་དེ་བྱེད་འདོད།
སྐབས་རེར། ང་ནི་དོངས་ཞབས་མེད་ཅིག་ཡིན་ན་སེམས།
དོངས་ཞབས་མེད་ནང་གི་མུན་ནག་དེ་ཡིན་ན་སེམས།
སྐབས་རེར། ང་ནི་ནགས་ཚལ་ཞིག་བྱེད་འདོད།
ནགས་ཚལ་གྱི་ང་རྒྱལ་དེ་བྱེད་འདོད།
སྐབས་རེར། ང་ནི་སྤྲིན་དཀར་ཞིག་བྱེད་འདོད།
སྤྲིན་དཀར་གྱི་རང་དབང་དེ་བྱེད་འདོད།
སྐབས་རེར། ང་ནི་རྒྱ་མཚོ་ཞིག་བྱེད་འདོད།
རྒྱ་མཚོ་ལྟ་བུའི་རང་གཤིས་དེ་བྱེད་འདོད།
སྐབས་རེར། ང་ནི་ཡུལ་ལྗོངས་ཤིག་བྱེད་འདོད།
མིག་ལ་མཛེས་པའི་ཡུལ་ལྗོངས་དེ་བྱེད་འདོད།
སྐབས་རེར། ང་ནི་དུས་བཞིའི་དུས་ཚིགས་དེ་བྱེད་འདོད།
སེམས་ལ་ཚོར་བ་འདྲ་མིན་སྟེར་བའི་ཚོར་བ་དེ་བྱེད་འདོད།
སྐབས་རེར། ང་ནི་མི་རྣམས་ཀྱིས་རིས་སུ་སྤྱུགས་པའི་སྡུག་བསྔལ་དེ་བྱེད་འདོད།
སྡུག་བསྔལ་གྱི་རྣམ་ཤེས་དེ་བྱེད་འདོད།
མཚམས་རེར། ངས་ཅི་ཡང་བྱེད་མི་འདོད་དེ།
རྡོ་ཕ་བོང་ཞིག་ཏུ་འགྱུར་ཐུབ་ན་སེམས།
མཚམས་རེར། ང་ནི་མི་དམངས་ཀྱིས་བློར་འབབ་པའི་དམག་དཔོན་དེ་བྱེད་འདོད།
མི་རྣམས་ཀྱི་ལག་པ་དང་ཁ་འབྲལ་ཐབས་མེད་པའི་རི་མོ་དེ་བྱེད་འདོད།