གཟན་དང་རླུང་།

ཀླུ་པད་བཟང་།( དཀར་མཛེས། ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


གཟན་དམར་སྨུག་འོག་གི་ངོ་གདོང་སྐྱ་བོ།

ཀློང་འབྱམས་པའི་རྨི་ལམ་གྱི་པང་དུ་ཉལ་ན་ཡང་།

སྨག་རུམ་དང་ཁ་གྱེས་པའི་ཞོགས་པ་ནས་ས་རུབ་རག་བར་དུ།

ཉི་མ་གཡོ་ཞིང་ཟླ་བ་སྒུལ་བའི་རླུང་འཚུབ་ནག་པོས།

མེ་ལོང་གི་ངོས་སུ་ས་རྡུལ་སྤར་བ་གང་གཏོར་སོང་།

མེ་ལྕེ་དྲག་པོ་ཞིག་གིས་སྲེག་པ་དང་མཚུངས་པའི་ཕུང་པོ་འདི་ཉིད།

གཟན་དམར་སྨུག་དང་ཁ་བྲལ་ནས་གཅེར་བུར་བརྒྱུགས་གྱུར་ན།

སུ་ཡིས་ཁོང་དགོད་བྱེད་བཞིན་མཆེ་བ་གཙིགས་མི་ཡོང་ངམ།

སྣང་བ་དང་འོད་ཀྱིས་བཏེགས་པའི་རྩྭ་ཐང་།

རི་སྒང་གི་དར་ལྕོག་དམར་པོའི་ཁོང་གསེང་དུ་སྦྲུམ་པའི།

མེ་ཏོག་དམར་པོ་ལས་འདབ་མ་རེ་རེ་ཕྱིར་བཏོན་ཚེ།

རླུང་བུ་ལྡང་ཕྱོགས་དང་མཉམ་དུ་བསྐྱོད་པའི་གཟན་དམར་གྱི་སྣེ་མོ།

ཞབས་བྲོ་རྡུང་བར་མཁས་པའི་ཕྱེ་ལེབ་བཞིན།

རྒྱང་རིང་གི་རྒྱང་རིང་མ་ཡིན་པའི་ཡུལ་དུ་འཕུར་གྱུར་ན།

ང་ནི་གཅེར་བུའི་ལུས་ལ་འཐམས་ཏེ་རྨི་ལམ་གྱིས་རྫོགས་དགོས་སམ།

མེ་ལོང་ལ་འབྱར་བའི་ས་རྡུལ་འདི་དག

སྒེའུ་ཁུང་ནས་འཚེར་བའི་ཉི་ཟེར་གྱི་དྲོ་སྣང་འདི་དག

བྱང་རླུང་གི་བྲང་ཁོག་ནས་མར་འཛག་ཡོང་དུས།

རལ་ཞིང་འཐོར་བའི་གཟན་དམར་གྱི་སྣེ་མོ་ཡུག་ཅིག

ཁྱོད་ཀྱི་སེམས་སུ་མྱག་བཞིན་པའི་མེ་ཏོག་གི་འདབ་ལོ་དེའོ།

ངས་ཆུང་དུས་ཀྱི་རྩེད་རྡོ་ལ་བྲིས་པའི་རི་མོ་དེ་དག

མཚན་གང་བོར་རྨི་ལམ་གྱིས་མཐོང་བའི་སྙན་ངག་དེ་དག

གཟན་སྣེ་རླུང་གིས་གཡུག་ཚུལ་ལྟར་སེམས་ཀྱིས་འབྲི་འདོད་དུས།

ཁྱོད་རང་སྨུག་པའི་ཀློང་ནས་རབ་རིབ་མག་མོག་ཏུ་འགྱུར་གྱིན་འདུག

སྣང་བ་འདི་ལ།

ཕུང་པོ་ལ་ཕུང་པོ་སྦྱོར་བའི་གྲིབ་མ་མགྱོགས་པོ་དེས།

ཞེད་སྣང་གི་དཀྱིལ་འཁོར་དུ་མི་ཕོ་སུ་ཞིག་མཚོན་པར་ནུས་སམ།

རུས་ཐུར་གྱི་གསེབ་ནས་བཙིར་བའི་རྐང་མར་སེར་པོ།

རྨི་ལམ་གྱི་ཀློང་དུ་བྱིངས་ཏེ་གློ་རྡེག་གིས་གསལ་བར་གྱུར།

རྒྱུ་སྐར་གྱི་གཡས་སུ་ཉལ་བའི་ལྷ་མོ་གཅེར་བུ་མ།

འཇའ་འོད་དང་མཉམ་དུ་དམར་ཧྲེང་ངེར་ཡར་བཞེངས་ཙ་ན།

ཁྱོད་ཀྱིས་བྲང་ཁོག་ནས་ཕར་སྲིང་པའི་ལག་པ་དཀར་པོ་དེ།

ཁྱོད་རང་གི་རྒྱབ་ཕྱོགས་ནས་འབར་བའི་མེ་ལྕེས་བསྲེགས་པར་བྱས།

འདམ་མྱགས་སུ་གྱུར་པའི་ལུས་ཕུང་འདི།

སྡོང་པོའི་ཤུན་ལྤགས་བཤུས་པ་བཞིན་ཡོངས་སུ་དོར་རྗེས།

འཁར་བ་ཐོགས་པའི་བགྲེས་མོ་ཞིག་གི་མངལ་དུ་སྦྲུམ་པ་དག

འཇིག་རྟེན་བརྗེད་ཐེངས་བཅུ་དྲུག་གི་རྣམ་སྨིན་ལས་བྱུང་བའི།

མཐར་ཐུག་གི་བསྐྱར་ཟློས་དེ་ཡིན་གྱུར་ན།

ཆུ་བུར་མིག་གིས་རྙེད་པ་དག

ནོར་འཆུག་མེད་པར་རྨི་ལམ་གྱི་ཁོངས་སུ་བསྡུ་བར་བྱ།

འཕག་འཚག་ཅིག་གིས་མི་རྣམས་དགའ་བར་བྱེད་སླ་སྟེ།

འོད་ཟེར་ལས་མུན་པ་སྟུག་པོར་འཐིབ་པ་འདིས།

རྣམ་ཤེས་ཀྱི་མེ་ཐབ་ལ་ཚ་བ་རྒྱས་སུ་བཅུག

ཡོལ་བ་མཐུག་པོའི་གས་སྲུབས་ནས་མངོན་པ་དག་ལ།

སེམས་མ་ལྔ་མཚོན་བྱེད་དུ་དབུ་རྒྱན་སོགས་རེ་རེ་བཏགས་ཚེ།

ཁྱོད་ཀྱིས་བྲང་ཁོག་ནས་ཕར་སྲིང་པའི་ལག་པ་དཀར་པོ་དེ།

ཁྱོད་རང་གི་རྒྱབ་ཕྱོགས་ནས་འབར་བའི་མེ་ལྕེས་བསྲེགས་པར་བྱས།


རྩོམ་ཡིག་སྔོན་མ།
མི།
རྩོམ་ཡིག་རྗེས་མ།
དྭངས་གཙང་གི་མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1