རི་ཁྲོད་ནང་གི་ལ་གཞས་།

དུར་མིག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


གཙང་བོ་ཁ་ཞེངས་ཆེ་ས།།

བརྩེ་བ་ཆུ་མིག་དགུ་སྒྲིལ།།

མཚོ་མཐའི་གླུ་སྐད་ནང་ལ།།

ལས་ཀྱི་མེ་ཏོག་བཏབ་ཡོད།།

གྱང་རྙིང་ནང་གི་གླག་རྒོད།།

འཕུར་འགྲོ་བསམ་ན་སྐྲག་གི།

ཞོགས་པའི་ཉི་ཟེར་འཆར་ཚེ།།

རྣ་ལོང་ཆ་ཡ་འགུལ་འདུག།

ཕ་ཡུལ་ནམ་མཁའ་མཐོང་ན།།

ཆུང་འདྲིས་རྟག་པར་དྲན་ངེས།།

བདག་མོ་མེད་པའི་གུར་ཆུང་།།

འཁོར་བའི་ཐབ་ཚང་ཆུ་རེད།།

ཉི་འོད་ཁ་དོག་འཚེར་བཞིན།།

ཤེལ་སྒོའི་ཕྱི་ནང་གཉིས་ལ།།

དོ་དགོང་སྐད་ཆ་བཤད་པ།།

ཚེ་ཡི་ཐག་པ་བསླ་འོངས།།

དབྱར་ཟླ་བརྒྱད་པའི་ནང་ལ།།

ཆུ་དང་ཆར་བ་འཛོམས་སྲིད།།

མིག་ཆུ་ཁོག་ཏུ་མིད་བཞིན།།

གླུ་ཚིག་ནང་ལ་ལེན་ཡོང་།།

དགོན་གྲྭའི་བར་ཤག་ནང་དུ།།

ཏིང་འཛིན་རོལ་མོ་དཀྲོལ་བ།།

སྐྱིད་སྡུག་ངག་ལ་བཀུག་པའི།།

ཚེ་གང་སྐྱབས་འཇུག་ཞུས་ཡོད།།

བར་དུམ།

ས་སྲོད་ནང་གི་བསང་མེ།།

བྲག་ཐོག་འདི་ནས་སྒྲོན་པ།།

བདག་གི་ཕུག་རོན་དཀར་པོ།།

རྩྭ་སྐྱ་ཁམ་གང་བཟུང་འདུག།

འབྲོག་སྡེའི་རི་སྒོ་རླུང་རེད།།

སེམས་ཁྲལ་ལྷག་མ་ཞིག་ལ།།

ལུག་ཁྱུ་སྨུག་ལ་འདྲེས་ཉིན།།

དྲན་པའི་ལྕགས་ཀྱུ་ཁྱོད་ཡིན།།

མཚན་མོའི་འོད་ཀོར་ནང་ལ།།

ལྷ་སའི་སྲང་ལམ་བྲིས་ཡོད།།

སྐྱིད་ཆུའི་འགྲམ་ངོགས་དེ་རུ།།

མིག་ཟུང་མཉམ་དུ་ཨེ་ཡོད།།

གནམ་གཤིས་ཧ་ཅང་འཁྱག་ན།།

སྔར་བཞིན་སེམས་ཁུར་ཨེ་བྱས།།

ལམ་འགྲམ་ཆུ་འཁྱིལ་ཞིག་ནས།།

ཞལ་ངོ་བཙལ་ནས་རྙེད་དགོས།།

ལྷགས་རླུང་ནང་གི་དར་ཐག།

རྟ་ཕོ་རྐྱང་དཀར་རྒྱུག་ཡོང་།།

ལམ་གྱི་ཟམ་པར་ཁེན་བཞིན།།

རྒྱུག་ཆུའི་གཞུང་ལ་བལྟས་ཡོད།།

སེམས་ཀྱི་ཉིན་སྲིབ་མཚམས་སུ།།

ཉི་ཤུའི་སྣང་བ་དགུང་ཡིན།།

ཐང་གི་འཕྲིན་པ་འབྲི་བཞིན།།

འུ་གཉིས་རྨི་ལམ་གཅིག་རེད།།

ཕྱི་དུམ།

དབྱིངས་ན་འཕུར་བའི་བྱ་ཁྱུ།།

གང་ནས་ཡོང་བ་ཡིན་ནམ།།

ཉིན་མཚན་གཉིས་ཀྱི་སྐྱོ་བ།།

ཆུ་གཙང་ནང་དུ་བཀྲུ་ཆོག།

ཕྱི་མིག་ནང་གི་མཚན་མོ།།

བྱུ་རུའི་སྡོང་བོ་སྐྱེས་ཡོད།།

འདོད་པའི་མེ་ཏོག་ངུ་བ།།

ད་ནི་གཞིས་ཀ་ཚེས་དགོས།།

སྐར་ཁུང་འགྲམ་གྱི་བྱང་ཐང་།།

མ་འོངས་འཚོ་བ་ཆགས་པ།།

མི་ཚེའི་སྐྱ་ཡ་གྲགས་འོང་།།

ཡོལ་བའི་རྒྱབ་ལ་གབ་འདུག།

འུར་ཆ་ཁུར་བའི་རྫི་རོགས།།

སྐྱོ་སྡུག་གླུ་ཆུང་ལེན་ས།།

ཚེ་སྔོན་ལས་འཕྲོ་དེ་ལ།།

འགྲོ་ཞོར་ཆར་བ་ཤག་ཤག།

མེ་ཏོག་རླུང་གིས་བཏུས་པ།།

དགའ་བོ་ཡོང་བ་ཁྱོད་ཡིན།།

ཞེན་ཆགས་འདུན་པ་དཀར་པོ།།

ཚོར་བའི་གཤོག་པ་གཡུ་རེད།།

རི་བོང་རྣ་ཅོག་མཐོང་ཉིན།།

འབུད་ཤིང་བཏུས་ནས་ང་ཐོན།།

མེ་ཁ་གསོ་མཁན་ཁྱོད་ཡིན།།

འབྲོག་ལུང་སྡེ་བའི་སྐྱིད་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1