ཡིད་ཆེས་ནི་བརྩེ་དུང་གི་ཡང་སྙིང་ཡིན།
ལི་སྨད་ཉི་བཞོན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
ད་ལོ་གོང་རིམ་གྱི་མངགས་བཀོད་ལྟར་ང་ཚོའི་སྡེ་བའི་སློབ་ཆུང་དུ་དགེ་རྒན་གསར་བ་དུ་མ་ལས་བགོ་བྱས། ཁོ་ཚོ་ནི་མཛེས་སྡུག་ཡིད་དུ་འོངས་བའི་ན་ཆུང་གཞོན་ནུ་མ་ཤ་སྟག་ཡིན་སྟབས་སྐྱེས་པ་ཚོའི་ཡིད་སེམས་གཉིས་ཀ་དབང་མེད་དུ་མི་འཕྲོག་ཁ་མེད་ཞིག་དུ་གྱུར་འདུག
སྤྱིར་ང་ཚོའི་སྡེ་བར་མཚོན་ན་སློབ་གྲྭར་འགྲོ་མཁན་ཉུང་སྟབས་སློབ་ཆེན་སློབ་མ་ཉི་མ་གཅིག་པུ་མ་གཏོགས་མེད། འོན་ཀྱང་ཁོས་ད་དུང་ལས་བྱེད་ལ་རྒྱུགས་འཕྲོད་མེད་སྟབས་སློབ་གྲྭ་རེ་འགའ་ན་ཚབ་ཁྲིད་བྱས་ནས་བསྡད་ཡོད། དེ་ནི་ང་ཚོའི་སྡེ་བར་མཚོན་ན་ཧ་ཅང་གི་ཡིད་ཕངས་པ་ཞིག་དང་འབྲོག་པ་ཚོའི་བུ་ཕྲུག་སློབ་གྲྭར་མི་གཏོངས་བའི་རྐྱེན་ཆེན་པོ་ཞིག་ལའང་ཐུགས་ཡོད། རྒྱུ་མཚན་ནི་ཉི་མས་སློབ་འབྲིང་འདོན་སྐབས་ཨ་མྱེས་དང་ཨ་ཡེ། ཨ་མ་སོགས་ཚང་མ་ཤི་སོང་། གཉེན་ཉེ་ཚོས་ཁོ་ལ་འབྲོག་ལས་བྱས་ནས་རང་ཁ་གསོས་ན་བཟང་ཞེས་བཤད་ནའང་ཁོས་དེ་ལ་མི་འཐད་པར་རང་ཤུགས་བརྟན་པོའི་ངང་ཡིན་གཅིག་མིན་གཉིས་ཀྱིས་སློབ་གྲྭར་འགྲོ་བའི་རེ་བ་བཏོན་དེ་སྙིང་རྗེ་ཅན་འགའི་རོགས་སྐྱོར་འོག་སློབ་ཆེན་ནས་མཐར་ཕྱིན་ལ། ནམ་རྒྱུན་ཕུལ་བྱུང་ཅན་གྱི་བྱ་དགའ་རབ་དང་རིམ་པ་བླངས་པས་ན་ཡུལ་མི་ཚོའི་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་བྱེད་ཀྱི་ལག་ཆ་བཟང་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཁོང་སློབ་མཐར་ཕྱིན་རྗེས་ལས་བྱེད་དུ་ཞུགས་མ་ཐུབ། དེ་ནས་བཟུང་སྡེ་མི་ཚོས་ནམ་རྒྱུན་རང་གི་བུ་ཕྲུག་ལ་ལས་བྱེད་ཞེས་པའི་སྐྱིད་ཉལ་བྱས་ནས་སྒོར་མོ་བཙལ་བའི་ཐོད་པ་ནི་ང་ཚོ་ལ་མེད། དཔེར་ན་ཉི་མར་ལྟོས་ཞེས་ཉི་མ་ནི་ད་སྐབས་སྡེ་བའི་ནང་གི་སློབ་བཤོལ་བྱེད་སྤྱད་ཀྱི་དཔེ་མཚོན་ལེགས་པོ་ཞིག་དུ་གྱུར་ཡོད།
ཉིན་འདི་འགའི་རིང་ལ་ཉི་མས་རྫོང་ཐོག་གི་སློབ་གྲྭ་ཞིག་ན་ཚབ་ཁྲིད་དགེ་རྒན་བྱེད་ཀྱིན་ཡོད། འོན་ཀྱང་རང་གི་གྲོགས་པོ་དུ་མར་འཕྲད་པར་འོངས་བའི་གོ་སྐབས་དང་བསྟུན་ནས་ཡིད་དུ་འོངས་པའི་བུ་མོ་ལྷ་མོ་དང་མ་གྲོས་རང་མཐུན་གྱིས་གྲོགས་པོ་བཟང་པོ་ཞིག་ཏུ་གྱུར་སོང་། གྲོགས་པོ་ཚོས་ཉི་མར་དེང་སང་གི་བུ་མོའི་ཚོའི་སེམས་པ་རྒྱུ་དང་ལུས་པོར་ཐོགས་པས་རང་ལ་གཡོ་སྒྱུའི་མགོ་བསྐོར་ཐེབས་སྲིད་ཅེས་ཁ་ཏ་སློབ་གསོ་མང་དུ་བཏང་ཡང་། སྔོན་གྱི་ལས་ལ་གཟུར་རྒྱུ་མེད་ཅེས་པའི་དཔེ་ལྟར་ཉིན་ཞག་ཐུང་ཐུང་དེའི་རིང་ལ་ཁོང་གཉིས་བར་བྲལ་མི་ཐུབ་པའི་བརྩེ་བ་ཟབ་མོ་ཞིག་ཆགས་སོང་།
ཉིན་འགའི་རྗེས་ནས་ཡུལ་ཚོ་རུ་ལས་འགུལ་ཞིག་བཙུགས་ནས་རྫོང་རིམ་པའི་འགོ་ཁྲིད་ཐོབ་ཐང་ཅན་དུ་མའང་དེ་རུ་ཉིན་འགར་བསྡད། དེང་སང་གི་ཁ་དཔེར་སྨན་མཛེས་མ་མེད་ན་ཆང་མི་འཐུང་། ཆང་བདུད་རྩི་མ་འཐུང་དོན་མི་འགྲུབ་ཅེས་པ་ལྟར། ཉིན་འདི་འགའི་རིང་མཚན་མོར་གོང་རིམ་གྱི་ལས་བྱེད་ཚོ་དང་ལྷན་དུ་ཆང་འཐུང་དགོས་ལ་ད་དུང་ལས་བྱེད་བུ་མོ་མཛེས་མའང་ཡོངས་རྫོགས་ཁོང་ཚོ་དང་ལྷན་དུ་ཆང་འཐུང་རོགས་བྱེད་དགོས། གལ་ཏེ་འགོ་ཁྲིད་དག་གི་སེམས་མ་མགུ་ན་ཡུལ་ཚོ་དང་སློབ་གྲྭ་སོ་སོའི་ལས་དོན་ངོས་མི་འཕྲོད་སྟབས། སློབ་གཙོ་དང་ཡུལ་ཚོའི་འགོ་ཁྲིད་དག་སེམས་ནད་ལྕི་མོ་ཞིག་གིའ་མནན་ནས་ལྐོག་ཏུ་འགོ་ཁྲིད་མོ་དགའ་མ་འདི་ཚོ་ཟེར་ནས་སྡིགས་མོ་འགའ་བྱས་ནས་ཡང་རང་གི་ལས་གྲོགས་བུ་མོ་ཚོ་ཁྲིད་ནས་ཆང་འཐུང་དུ་མི་འགྲོ་ཐབས་མེད་བྱུང་། ལྷ་མོར་དགའ་བའི་འགོ་ཁྲིད་ནི་ལྷག་དུ་མང་སྟབས་ནམ་རྒྱུན་ལྷ་མོ་མེད་ན་ཁོ་ཚོ་ཚིག་པ་ཟ་འགྲོ་བས། སློབ་གཙོས་ལྷ་མོ་ལ་ཅིས་ཀྱང་འགྲོ་དགོས་པའི་བཀོད་སྒྲིག་བྱེད།
སློབ་དུས་ཤིག་གི་མཇུག་རྫོགས་ནས་ཡང་བསྐྱར་སློབ་དུས་གསར་བ་ཞིག་གི་འགོ་ཚུགས་སྐབས། ཉི་མས་རྫོང་ཐོག་ནས་རང་གི་དགའ་གྲོགས་ལྷ་མོ་སློབ་གྲྭ་རུ་བསྐྱལ་ནས་ཕྱིར་རྫོང་ཐོག་ཏུ་འབྱོར། ཁོ་རང་ཐང་ཆད་པའི་ངང་ངལ་གསོ་བྱེད་འགོ་བརྩམས། གློ་བར་དུ་རྨི་ལམ་ཡ་མཚན་ཅིག་རྨིས།
“ཁོ་རང་ནམ་རྒྱུན་གྲོགས་པོ་ཚོ་དང་ལྷན་དུ་རྩེད་མོ་བརྩེས་ནས་སྡོད་ཡོད་སྐབས། ལྷ་མོས་སྐད་གསེང་མཐོན་པོས་ཉི་མ་ལ་ང་ཡུལ་ཚོའི་སྨན་ཁང་དུ་གྲོགས་པོ་ཞིག་དང་ཁ་བརྡ་བྱེད་པར་འགྲོ་རྒྱུ་ཡིན་ཞེས་བཤད་ཞོར་དུ་བུད་སོང་། ཉི་མའི་གྲིབ་ཆེན་སློབ་གྲྭ་རུ་འགུགས་པའི་སྐབས་སུ་དེ་སྔོན་ལྷ་མོར་དགའ་བའི་འགོ་ཁྲིད་དེ་སློབ་གྲྭར་འོངས་ནས་ཁོས་ཉི་མའི་གྲོགས་པོ་ཞིག་ལ། དེ་རིང་བདག་ལ་བུ་མོ་ཁྲིད་སའི་ས་ཆ་བཟང་པོ་ཞིག་སྟོན་རོགས་ཞེས་ལྐོག་ལབ་བྱེད་པ་ཉི་མས་ཐོས། སྐབས་དེར་ཉི་མའི་སེམས་སུ་རང་གི་དགའ་གྲོགས་ལྷ་མོ་ཡིན་ནམ་སྙམ་བཞིན་སྙིང་རླུང་དྲག་པོ་ཞིག་ལྡངས་ནས་མྱུར་དུ་སློབ་གྲྭའི་ལྟག་རྒྱབ་བརྒྱུད་ནས་དེའུ་འབུར་ཆུང་ཆུང་ཞིག་གི་འགྲམ་ནས་བལྟས་པ་ན། ཅུང་ཙམ་འགོར་རྗེས་ལྷ་མོས་འགོ་ཁྲིད་དེའི་སྐེ་ལ་འཁྱུད་ཞོར་རྩྭ་གསེབ་ཅིག་ན་ཉལ་གྲབས་བྱེད་སྐབས།”ཉི་མ་གློ་བར་དུ་གཉིད་ལས་སད། དེ་དུས་མཚན་གུང་དུས་ཚོད་གཉིས་ཕྱེད་ཙམ་ལ་སླེབས་འདུག་ཉི་མས་བསམ་བློ་གཏོང་བཞིན་རང་གི་ཆུང་མར་དྲན་གདུང་དང་སྐྱོ་ངལ་གྱི་སྒོ་ནས་ཁ་པར་ཞིག་བཏང་། ཆུང་མ་སྔར་བཞིན་ཉིན་གཅིག་གི་བྱ་བར་མཇུག་སྡོམ་བྱེད་པ་ལྟར་སློབ་གྲྭ་རུ་གཉིད་དུ་ཡུར་འདུགམོས་གཉིད་སད་ལ་མ་སད་ཀྱི་ངང་ནས་ཁ་པར་ཉན་ཞོར་འོ་ཞིག་བྱས་ནས་སེམས་སུ་ཡིད་ཆེས་དང་རེ་བས་ཁེངས་བཞིན་ཡང་བསྐྱར་གཉིད་དུ་ཡུར་སོང་།
ཉི་མས་དེ་མ་ཐག་ཁ་པར་ནང་དུ༼ཡིད་ཆེས་ནི་བརྩེ་དུང་གི་ཡང་སྙིང་ཡིན༽ཞེས་པའི་བརྩེ་དུང་གི་སྒྲུང་ཐུང་ཡིག་བརྒྱ་མ་འདི་བྲིས་སོ།།