དབྱར་ཁ་སྐྱེལ་བ།

ཀྱེ་ཕུར་མཆོག་གསུམ། (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


དབྱར་གྱི་དུས་ཚིགས་ཕྱུགས་ཆུང་བུ་མོ་སྟེ།།

ལང་ཚོ་སྣུམ་པོས་ནོར་འཛིན་ཕང་བ་བརླན།།

མེ་ཏོག་སྐྲ་ལོ་གཡོས་པས་ཤག་སྒྲ་ལས།།

ལྷ་བྱ་ཁུ་བྱུག་མགྲོན་གྱི་དང་པོར་བསུས།།

ལྷ་བྱའི་གསུང་དབྱངས་དུས་ཀྱི་གཡེར་དྲིལ་ཏེ།།

ནགས་ཀྱི་འཇོལ་མོར་དགའ་མགུའི་མཆི་མ་སྙིལ།།

གསང་ཚིག་ལོ་མའི་ཤོག་ལྷེའི་ངོས་དག་ཏུ།།

གཤོག་པའི་སྨྱུ་གུ་ལྗང་གུས་ཡུན་གྱིས་བྲིས།།

དབྱར་ནི་སྣུམ་ཚོན་རི་མོ་ཁྲ་ཁྲ་ཞིག།

ཉིན་ལ་གཡང་གི་རུ་མ་དཀར་པོར་ལྟེམ།

སྲིབ་ལ་འགལ་འདུའི་སྨུག་པ་ནག་པོར་ཆགས།།

དེ་ཡི་བར་ལ་ཚེམ་གྱི་སྐུད་རིས་མངོན།།

རོལ་དབྱངས་འཇམ་པོར་སྦྱར་བའི་ཚིག་འབྲུ་དག།

ཀུན་རྟོག་ཡིད་ཀྱི་མཁའ་ན་གར་དུ་འཕྱོ།།

སྨུག་སྤྲིན་གྱ་གྱུའི་གསེབ་ཀྱི་གླུ་སྐད་ཀྱིས།།

ང་དང་ཁྱོད་བཅས་དག་པའི་ཞིང་ལ་དྲངས།།

གཙང་བོའི་གོམ་སྒྲ་མེ་ཏོག་ཚལ་ཡངས་སུ།།

དལ་བུར་བསྒྱུར་བའི་ཤག་སྒྲའི་རྒྱུད་མངས་ཀྱིས།།

ཨ་མའི་འཇོ་དབྱངས་ལྷས་རའི་ནམ་མཁའ་ལ།།

ཆུ་འཛིན་དཀར་པོའི་ཕྲེང་བ་བཞིན་དུ་སྟོར།།

ལྗང་མྱུག་དག་གི་སྲོག་གི་དབུགས་རྒྱུན་ལ།།

བསེར་བུའི་འཕར་ལྡང་ཙམ་ཞིག་འཕྲོས་པ་ལས།།

བཞིན་གྱི་མདངས་ལ་གསེར་གྱི་ཁུ་བ་ཡིས།།

ཅུང་ཙམ་བྱུགས་པས་སྲོག་རྩ་སེར་པོར་གྱུར།།

གཡང་འབྲིའི་ནུ་ཁ་བྲི་སྟེ་ཤེད་ཤུགས་རྒྱས།།

རྟ་ཕོའི་དྲུག་ལ་ཤུར་གྱི་རི་མོ་བབས།།

གཡང་དཀར་ལུག་གི་འབའ་སྒྲ་རི་ཤོད་ལ།།

དལ་བུར་བབས་པ་དུས་ཀྱི་འགྲེ་ལྡོག་གོ།།

ཁུ་བྱུག་བུ་མོས་སྨྲེང་སྐྱོ་གཤོག་སྒྲ་རུ།།

བསྐྱོན་ནས་ལྷོ་མོན་ཡུལ་དུ་བག་ལ་ཆས།།

འཇོལ་མོའི་སྐྱོ་ཤས་སྡོང་ལོའི་འདབ་མ་དག།

གཅིག་དང་གཉིས་ཀྱིས་ས་ལ་ཡུན་གྱིས་ཟགས།

འབྲུ་སྙེ་མགོ་བོ་དུད་པའི་ཨ་སྐྱོ་བ།།

རྣང་ཞིང་གྲུ་བཞིའི་བར་དུ་ངལ་བས་དུབ།།

ཕྱག་ལ་ཟོར་བ་ཐོགས་པའི་སོ་ནམ་པས།།

ལག་མཐིལ་མཆིལ་མས་སྦངས་ཏེ་སྟ་གོན་བརྩམ།།

གཡུ་ལྗང་ཁུ་བས་བྱུགས་པའི་ཕྱོགས་ཀྱི་ཆར།།

སེར་པོ་གསེར་གྱི་ལོ་འདབ་དག་ཀྱང་འབུས།།

ཁྲུང་ཁྲུང་ཁུ་བྱུག་མང་པོ་གཤོག་རྡང་གིས།།

ལྷོ་ནས་ལྷོ་རུ་འཕུར་བའི་སེམས་ངལ་ལྕི།།

དབྱར་ནི་བཅུ་དྲུག་སྨན་ཤར་གནས་འགྲོ་ཞིག།

ལང་ཚོའི་མྱོས་བུམ་དག་ཀྱང་འབུས་པའི་ཚེ།།

ཕྱི་མིག་སུ་ཡི་ཐུགས་སུ་འཁྲེང་བཞིན་དུ།།

གང་ཞིག་ཡིད་ལ་བསྒོམས་ནས་རྒྱང་ལ་བཞུད།།

མེ་ཏོག་སྐམ་པའི་འདབ་མ་རྡུལ་དུ་འཐག།

ཁུ་ལོ་འཕུར་བའི་གཤོག་སྒྲ་ཡིད་ལ་འཇགས།།

སྦྲང་མའི་དར་དིར་གཞས་ཀྱང་སྙན་ལམ་དུ།།

མྱ་ངན་ཚིག་གིས་ཞུས་པ་གསར་དུ་ཐོས།།

སྔོན་པོའི་ནམ་མཁའ་རས་ཡུག་དར་ཅིག་སྟེ།།

སྤྲིན་པའི་ར་རི་ཕྱིས་པའི་མེ་ལོང་ངོ་།།

ཁྲུང་ཁྲུང་བསྟར་ཕྲེང་བསྒྲིགས་པའི་ཡུ་བ་རུ།།

དབྱར་ལ་གྱེས་ཚིག་འགའ་ཡང་བྲིས་ནས་ཕྱིན།།

དབྱར་གཞུང་ཕ་མའི་གམ་ནས་རང་སེམས་གསོས།།

དབྱར་གྱི་སྣ་ཚོགས་གཞས་ལ་སེམས་པ་གླན།།

དྲི་བསུང་འཐུལ་བའི་དབྱར་གྱི་ཐ་སྙད་དག།

གློ་སྙིང་མཆིན་གསུམ་བར་དུ་བརླན་གྱིས་འཁྱིལ།།

དབྱར་གྱི་བུ་མོས་འཛུམ་བག་ཁུར་ནས་སོང་།།

མཁའ་དབུགས་རྩུབ་པོས་སྐྱུག་ལྡད་ཡང་ཡང་དམུར།

དུས་ཀྱི་ཆོས་ཉིད་འཁོར་འགྲོས་ལྡོག་ཏུ་མེད།།

ངས་ཀྱང་ཚིག་གིས་དབྱར་ལ་སྐྱེལ་མ་བྱེད།།


རྩོམ་ཡིག་སྔོན་མ།
རི་ཁྲོད་ནང་གི་ལ་གཞས་།
རྩོམ་ཡིག་རྗེས་མ།
ལས་ལ་བཏབ་པའི་རྨི་ལམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1