བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-01


ལེའུ་དགུ་པ།

དགའ་ལྡན་ཕོ་བྲང་གི་སྐབས།

1642-1959

ཆུ་རྟ་དགའ་ལྡན་ཕོ་བྲང་བཙུགས། །

མཛད་སྒོ་བསམ་འགྲུབ་ཕོ་བྲང་སྤེལ། །

རྒྱལ་བ་གོང་ས་ལྔ་པ་མཆོག །

ཆོས་སྲིད་གཉིས་ཀྱི་ཁྲི་ལ་བཞུགས། །

སྲིད་སྐྱོང་བསོད་ནམས་ཆོས་འཕེལ་བསྐོས། །

སྲིད་དོན་གུ་ཤྲི་ཧན་གྱིས་སྐྱོང་། །

ཇོ་བཀའ་གཉིས་ཀྱི་བསྟན་པ་བསྣུབས། །

རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་1642 ལོར་གཙང་པ་རྒྱལ་པོའི་སྲིད་དབང་དངོས་སུ་འཕྲོག། ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། སོག་པོ་གུ་ཤྲི་ཧན་ལྷན་རྒྱས་ཀྱིས་འབྲས་སྤུངས་བླ་བྲང་འོག་མའི་བླ་མ་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་གཞིས་ཀར་རྩེར་གདན་དྲངས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ། མཛད་སྒོ་གྲུབ་ཡོངས་སུ་གྲུབ་པ་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན་སྡེ་སྲིད་ཀྱི་གོ་གནས་ལ་བསྐོ་བཞག་མཛད། ཕྱི་ནང་གི་སྲིད་ཀྱི་ལས་དོན་མཐའ་དག་གི་འགན་གཙོ་བོ་ཁུར། རྒྱབ་རྩ་གུ་ཤྲི་ཧན་གྱིས་བྱས། སྐབས་དེར་སྔར་ཕག་གྲུའི་གོང་མ་ངག་དབང་བཀྲ་ཤིས་གྲགས་པས་སྤྱི་ལོ་1517པའི་མེ་གླང་ལོར་རྒྱལ་བ་དགེ་འདུན་རྒྱ་མཚོ་སྡེའུ་གདོང་དུ་གདན་དྲངས། དེའི་ཕྱི་ལོ་སྟག་ལོར་འབྲས་སྤུངས་སུ་ཡོད་པའི་སྣེ་གདོང་པའི་གཞིས་ཀ་རྡོ་ཁང་སྔོན་མོར་གྲགས་པ་དེ་རྗེ་དགེ་འདུན་རྒྱ་མཚོ་ལ་ཕུལ་པས་དེ་བཞུགས་ཡུལ་གཙོ་བོར་གནང༌། སྐུ་ཕྲེང་གསུམ་པའི་སྐབས་དེ་རྒྱ་བསྐྱེད་ནས་དགའ་ལྡན་ཕོ་བྲང་ཞེས་མིང་བཏགས།རྗེས་རྒྱལ་བ་ལྔ་པས་བོད་ཀྱི་སྲིད་དབང་སྐྱོང་སྐབས་སྲིད་གཞུང་གི་མིང་དུ་ཆགས། གནམ་བསྐོས་དགའ་ལྡན་ཕོ་བྲང་པ་ཞེས་དྲིལ་བསྒྲགས།

ལོ་འདིའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་གཞིས་རྩེ་ནས་ཆིབས་ཁ་བསྒྱུར་ཏེ་ས་གནས་འགའ་ཞིག་ལ་སྐོར་ཞིབ་གནང༌། ཟླ་ཤས་ཀྱི་རྗེས་སུ་ལྷ་སར་ཕྱིར་ཕེབས། ཆོས་སྲིད་ལུགས་གཉིས་ཀྱིས་བོད་ཁམས་སྐྱོང་བའི་འཕྲིན་ལས་ཀྱི་དབུ་བརྙེས། སྐབས་དེར་འབྲས་སྤུངས་བླ་བྲང་གོང་མའི་བླ་མ་གྲགས་པ་རྒྱལ་མཚན་དང་བླ་བྲང་འོག་མའི་བླ་མ་ཏཱ་ལའི་བླ་མ་གཉིས་འགལ་བར་ཆགས་མཐར་བླ་བྲང་འོག་མའི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་ངན་ཇུས་ཀྱིས་འབྲས་སྤུངས་གྲགས་པ་རྒྱལ་མཚན་བཀྲོངས། འབྲས་སྤུངས་བླ་བྲང་ཏུ་དངུལ་གདུང་བཞེངས་ནས་རེ་ཞིག་གདུང་རྟེན་དེར་བཞུགས་ཀྱང་། རྗེས་སུ་བླ་མ་དྲེགས་པར་སྐྱེས་ཚུལ་བཤད་ནས་ནས་སྐུ་གདུང་མཆོད་རྟེན་བཤིགས། དངོས་ཆས་རྣམས་དོལ་གྱི་ཆུ་མིག་ཏུ་སྐྱེལ་ནས་དོལ་རྒྱལ་ཞེས་པའི་ཟེར་སྲོལ་དེ་བྱུང་། །

དེ་ནས་སྨོན་འགྲོ་བ་ཡབ་སྲས་ཀྱིས་ངན་སྐུལ་འོག་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དུ་དམག་དྲངས་ཏེ། གྲྭ་མང་རྣམས་མདོ་ཁམས་སུ་བྲོས། གསུང་རབ་སྤར་ཤིང་དང་བཅས་པ་མེར་བསྲེགས། དགོན་པ་དགེ་ལུགས་པར་བསྒྱུར་ནས་དགེ་ལྡན་ཕུན་ཚོགས་གླིང་ཞེས་བསྒྱུར། དེ་ནས་བཟུང་དབུས་གཙང་ཡུལ་དུ་ཇོ་ནང་པའི་བསྟན་པའི་མིང་ཙམ་ཡང་མེད་པར་བཟོས། དུས་མཚུངས་སུ་ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་བརྒྱན་ཞེས་པ་དེ་གཏོར། གྲྭ་པ་སྟོང་ཚོ་མང་པོ་ཞིག་ཤི་རྨས་བྱུང་། སྤྱི་ལོ་1645ལོར་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས་ནས་འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་གནང་། ཁྲི་དམག་གཉིས་དབུས་སུ་བཏང་ནས་དགྲ་ཤ་ལེན་པའི་ཁས་འཆེར་ཡང་ཀརྨ་པས་བཤོལ། དབུས་གཙང་དང་མདོ་ཁམས་ཕྱོགས་ཀྱི་བཀའ་བརྒྱུད་པའི་དགོན་པ་མང་པོ་ཞིག་དགེ་ལུགས་པར་བསྒྱུར་ཡང་། མཚུར་ཕུ་དགོན་པ་རང་རྐྱལ་དུ་བཞག །

ལོ་དེར་ཕུན་ཚོགས་རྣམ་རྒྱལ་གྱིས། །

འབྲས་ལྗོངས་རང་གི་རྒྱལ་ཁབ་བཙུགས། །

ཆུ་འབྲུག་རྒྱལ་བ་ལྔ་པ་ཆེ། །

རྒྱ་ནག་རྒྱལ་པོས་མགྲོན་ཏུ་བསུས། །

ཤིང་རྟ་གུ་ཤྲི་ཚེ་དུས་བྱས། །

སོག་པོའི་དབང་ཤུགས་དབྱིངས་སུ་ཡལ། །

བོད་སོག་དཔོན་རྣམས་འགལ་བར་གྱུར། །


འབྲས་ལྗོངས་རྒྱལ་ཁབ།དགའ་ལྡན་ཕོ་བྲང་གཙུག་པའི་ལོ་དེར་འབྲས་ལྗོངས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་འབྲས་ལྗོངས་ཡུལ་སྡེ་ཐམས་ཅད་གཅིག་གྱུར་བྱས་ཏེ་འབྲས་ལྗོངས་རྒྱལ་ཁབ་ཅེས་པ་བཙུགས། དེ་ནས་བཟུང་འབྲས་ལྗོངས་རྒྱལ་པོ་ཕུན་རྣམ་རྒྱལ་ཞེས་པའི་འབོད་སྲོལ་དེ་བྱུང་། །

ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་པ། མན་ཇུ་གོང་མ་ཐབས་སྐྱོང་རྒྱལ་པོས་བོད་དུ་ཕོ་ཉ་བ་མངགས་ཏེ་ཏཱ་ལའི་བླ་མ་གདན་འདྲེན་ཞུས་པར། ཆུ་འབྲུག་སྤྱི་ལོ་1652ལོའི་ཟླ་4པར། རྒྱ་ནག་ཏུ་ཆིབས་བསྒྱུར་གནང་། སྡེ་སྲིད་བསོད་ནམས་ཆོས་འཕེལ་དང༌། སོག་པོ་གུ་ཤྲི་ཧན་སོགས་ཀྱིས་ཕེབས་སྐྱེལ་ཞུས། པེ་ཅིན་དུ་འབྱོར་ཁར་ཕེབས་བྱམས་སེར་པོ་གསེར་ཏོག་ཅན་ལ་བཞུགས་ཏེ་རྒྱལ་ས་པེ་ཅིན་ཕྱོགས་སུ་ཕེབས། རྟ་པ་སྟོང་ཕྲག་གསུམ་གྱིས་ཕེབས་བསུ་ཞུས། ལྕགས་རིའི་གང་དུ་འབྱོར་ནས་རིམ་བཞིན་ཕེབས་སྐབས་རྒྱལ་སྲིད་སྣ་བདུན་གྱི་མདུན་བསྟར་དང་བཅས་སེར་ཕྲེང་བསྒྲིགས། མན་ཇུ་གོང་མ་ཁྲི་ལས་བབས་ཏེ་གཞུ་འདོམ་བཅུའི་སར་ཕེབས་ནས་བསུ་བ་མཛད། ལོ་ཙཱ་བ་བརྒྱུད་ནས་འཚམས་འདྲི་དང༌། བཀའ་མོལ་ཡུན་རིང་གནང་། མན་ཇུ་གོང་མས་གསེར་གྱི་བྱང་བུ་ལ་རྒྱ་བོད་ཧོར་གསུམ་ཀྱི་ཡིག་རིགས་གསུམ་ཤན་སྦྱར་བའི་ཆེ་བསྟོད་ཀྱི་མཚན་བྱང་ཞིག་ཕུལ་པ་དང༌། རྒྱལ་དབང་ལྔ་པ་ཆེན་པོས། མན་ཇུ་དང༌། སོག་པོ་བོད་ཡིག་གསུམ་ཤན་སྦྱར་བའི་གསེར་གྱི་བྱང་བུར་འབུར་དོད་པའི་མཚན་བསྟོད་བཅས་ཕུལ། དེའི་ཕྱི་ལོ་སྤྱི་ལོ་1653ལོའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་ཉིན་རྒྱ་ནས་བོད་དུ་ཕེབས། རྒྱ་ནག་གོང་མས་ཡིག་རིགས་བཞི་སྦྱར་གྱི་ཐམ་ཁ་ཕུལ། མན་ཇུའི་དམག་གིས་ཐག་རིང་བར་སྐྱེལ་མ་བྱས། ལྷ་སར་འབྱོར་པ་དང་དབུས་གཉིས་དང་། པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་ཞུས། །

གུ་ཤྲི་ཧན་གྲོངས་པ། སྤྱི་ལོ་1654པའི་ཤིང་རྟ་ལོར་རྒྱལ་དབང་ལྔ་པ་ཆེན་པོ་དང་སོག་པོ་གུ་ཤྲི་ཧན་ལྷན་རྒྱས་ཀྱིས་གཙང་ཕྱོགས་ས་གནས་ཁག་ལ་སྐོར་ཞིབ་གནང་བ་དང༌། དུས་མཚུངས་དགའ་ལྡན་ཕོ་བྲང་གི་རྩ་ཁྲིམས་ལ་བརྩི་བཀུར་བྱེད་དགོས་པའི་སྐོར་གྱི་དྲིལ་བསྒྲགས་རྒྱ་ཆེར་གནང༌། དུས་དེར་གུ་ཤྲི་ཧན་ལ་གློ་བུར་དུ་ནད་ཅིག་ཕོག་སྟབས་ལྷ་སར་ཕྱིར་ལོག ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གུ་ཤྲི་ཧན་གྲོངས། དེ་ནས་སྐབས་དེར་སོག་པོས་བོད་དུ་འཛིན་པའི་དམིགས་བསལ་གྱི་དབང་ཆ་དེ་རིམ་བཞིན་ཤོར། གུ་ཤྲི་ཧན་གྱི་བུ་དར་ཡན་རྒྱལ་པོ་ཡིད་མ་རངས་པར་གྱུར་ཀྱང༌། གུ་ཤྲིའི་རྒྱུད་པ་དང་བོད་ཀྱི་དཔོན་རིགས་རྣམས་ཀྱི་བར་འགལ་བ་བྱུང༌། སོག་པོས་དམག་དོན་ཀྱི་དབང་ཆ་མཐའ་གཅིག་ཏུ་བཟུང་ནས་འདམ་གཞུང་དང༌། མལ་གྲོ་སོགས་འགག་རྩའི་ས་གནས་ཁག་ལ་རྟ་དམག་བཅའ་སྡོད་བྱས། འོན་ཀྱང་སོག་རིགས་རང་ལ་ནང་འགལ་ཆེ་བ་བྱུང་སྟེ་ཕན་ཚུན་དམག་འཁྲུག་བརྒྱབ། སྤྱི་ལོ་1659པའི་ས་ཕག་ལོར་སོག་རྒྱལ་སྐུ་བསྟན་འཛིན་དར་ཧན་སྐུ་མཆེད་ལ་གཤིན་རྗེའི་དབང་བསྐུར་ཏེ་འཁོར་དུ་བཅུག མཚོ་སྔོན་བདེ་འཇག་གི་ཆེད་དུ་དོན་གཅོད་བསོད་ནམས་དབང་རྒྱལ་བཏང་། སྤྱི་ལོ་1568པའི་ས་སྤྲེལ་ལོར་སྡེ་སྲིད་འཕྲིན་ལས་རྒྱ་མཚོ་དང་། སོག་རྒྱལ་བསྟན་འཛིན་དར་ཧན་གཉིས་སྔ་རྗེས་སུ་གཤེགས། ལོ་དེར་འབྲུག་པས་མོན་པ་ཨ་ཆོག་སོགས་བོད་འབངས་ཀྱི་ཐོག་ཏུ་དཔུང་འཇུག་བྱུང་བ་ལ་རྒོལ་ལན་དུ་དམག་དཔུང་ཁག་བཞིར་བགོས་ནས་གཏོང་དགོས་བྱུང་བ་སོགས་དཀའ་ངལ་འགའ་ཞིག་དང་འཕྲད་སྟབས། བསྟན་སྲིད་ཀྱི་འགན་གཙོ་བོ་ཏཱ་ལའི་བླ་མ་མཆོག་ཉིད་ནས་བཞེས། ས་སྐྱ་པ་དང་། བཀྲ་ཤིས་ལྷུན་པོ། སྐྱིད་ཤོད་སྡེ་པ་སོགས་ཀྱིས་ཐེངས་འདིའི་བོད་འབྲུག་སྡེ་གཟར་ལ་བར་འདུམ་བྱས་པས་སྡེ་འཁྲུགས་མཇུག་སྒྲིལ། སྤྱི་ལོ་1669པའི་ས་བྱ་ལོའི་ཟླ་བ་བརྒྱད་པར་མཆོད་དཔོན་བློ་བཟང་མཐུ་སྟོབས་སྡེ་སྲིད་ཀྱི་ཁྲི་ལ་བཀོད། སྤྱི་ལོ་1671པའི་ལྕགས་ཕག་ལོར་སོག་སྲས་ཆུང་བ་བསྟན་འཛིན་དཱ་ལའི་སོག་པོའི་སྡེ་དཔོན་བསྐོས་ཤིང་ཁྲི་འདོན་གྱི་མཛད་སྒོ་གནང་། །

ཤིང་སྟག་ཁང་ཤིས་རྒྱལ་བློན་འཁྲུགས། །

ཐབས་ཀྱིས་གཉིས་ཀའི་ཕྱོགས་ལས་གཡོལ། །

སོག་པོ་དགའ་ལྡན་ཚེ་དབང་གིས། །

བསླབ་སྡོམ་བསྒྱུར་ཞིང་དམག་དཔོན་བྱས། །

ལ་དྭགས་རྒྱལ་པོ་དབང་དུ་བསྡུས། །

ཆུ་ཁྱི་ལྔ་པ་ཆེན་པོ་གཤེགས། །

སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིས། །

གསང་རྒྱ་བྱས་ནས་སྲིད་དབང་བཟུང་། །

སྤྱི་ལོ་1674པའི་ཤིང་སྟག་ལོར་ཁང་ཤིས་དང་། བློན་ཆེན་ཕིང་སིང་ཆིང་(吴三桂)བར་ནང་འཁྲུགས་ལངས་པའི་སྐབས་སུ་རྒྱལ་བློན་གཉིས་ཀའི་ཕྱོགས་སོ་སོ་ནས་དམག་རོགས་དགོས་པའི་ཆ་འཕྲིན་འབྱོར་ཡང་། ཐབས་མཁས་ཀྱི་སྒོ་ནས་ཕྱོགས་གཉིས་ཀ་ལ་རྒྱབ་སྐྱོར་མ་བྱས་པའི་སྐོར་ཞིབ་པ་རྒྱལ་བ་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གླེགས་བམ་ཁ་པའི་ནང་དུ་གསལ་བ་ལྟར་རོ། །

སྐབས་དེར་མཚོ་སྔོན་ཕྱོགས་ཀྱི་སོག་པོ་སྡེ་འབངས་རྣམས་ཀྱང་རྒྱལ་བ་ལྔ་པོ་ཆེན་པོའི་བཀའ་འོག་གནས་ཡོད་པར་གསལ་ཏེ། སོག་པོའི་དཔོན་མཁའ་འགྲོ་ཟེར་བས་རྒྱ་བོད་ས་མཚམས་སུ་སྔ་ཕྱི་ཟིང་ཆ་མང་པོ་བཟོས་པར་བརྟེན། གོང་མ་ཁང་ཤིས་ཀྱིས་རྒྱལ་བ་ལྔ་པ་ཆེན་པོ་ལ་སོག་པོ་མཁའ་འགྲོ་དཔོན་ས་ནས་གནས་དབྱུངས་གནང་བའི་བཀའ་མོལ་ལྟར་དཔོན་ས་ནས་ཕུད་པས། སྤྱི་ལོ་1675ལོར་གོང་མ་ཁང་ཤིས་ཀྱིས་དེའི་བྱ་དགར་གསེར་སྲང་135ལས་གྲུབ་པའི་མཎྜལ་སོགས་བྱ་དགའ་འབོར་ཆེན་འབྱོར། ལོ་དེར་བོད་འབྲུག་བར་ཟིང་འཁྲུངས་ཅུང་ཟད་ལངས་པ་དང་། དེའི་ཕྱི་ལོར་ཆིངས་གྲོས་བྱས།

ལ་དྭགས་ལ་དམག་བརྒྱབ་པ། སྤྱི་ལོ་1679 ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲིར་འཁོད་པ་དང་།
ལ་དྭགས་རྒྱལ་པོས་དགའ་ལྡན་ཕོ་བྲང་གི་བཀའ་མ་བརྩིས་སྟབས། རྒྱལ་བ་ལྔ་པ་ཆེན་པོས་སོག་པོ་དགའ་ལྡན་ཚེ་དབང་གཙང་བཀྲ་ཤིས་ལྷུན་པོར་རབ་བྱུང་ཞུས་ནས་བཞུགས་ཡོད་པ་དེ་བོས་ནས། ལ་དྭགས་འདུལ་བའི་དམག་དཔོན་བྱ་དགོས་པའི་བཀའ་ལྟར་སོག་པོ་དགའ་ལྡན་པས་བསླབ་སྡོམ་ཕྱིར་རྒྱལ་བ་ལྔ་པ་ཆེན་པོ་ལ་ཕུལ་ནས། བྱང་གནམ་མཚོའི་འགྲམ་བརྒྱུད་དུ་ཡོད་པའི་སོག་དམག་རྟ་པ་ཉིས་བརྒྱ་ལྔ་བཅུ་ཙམ་ཁྲིད་དེ་ལ་དྭགས་སུ་བསྐྱོད། ལ་དྭགས་རྒྱལ་པོའི་དམག་དཔོན་ནོ་ནོ་ཤཱཀྱ་དང༌། སྦྱོར་ར་ཞེས་པ་གཉིས་ཀྱིས་བོད་སོག་དམག་རྣམས་གོ་ཆ་དང༌། རྟ་བཟང༌། མཚོན་ཆ་མེའི་འཕྲུལ་འཁོར་སོགས་འབྱོར་བ་ཆེན་པོ་སྐྱེལ་དུ་འོང་བ་ལས། འཇིགས་སྣང་བྱེད་དགོས་དོན་མེད་ཅེས་ཁ་ཕོ་བཤད།དེ་ནས་དམག་འཁྲུགས་བྱས་ལ་དྭགས་ཕམ། ལ་དམག་ཕྱིར་འཐེན་ནས་སྤུ་རང་སྟག་ལ་མཁར་དང༌། རྩ་བྲང་བཀྲ་ཤིས་མཁར་ལ་སོགས་པ་མཁར་རྫོང་བཙན་པོའི་ནང་དུ་འཛུལ་ཏེ་རང་སྲུང་བྱས་ནས་བསྡད། སོག་པོའི་དཔོན་དམག་རྣམས་བདེ་ཐང་དུ་དམག་འཐབ་བྱེད་པར་མཁས་ཀྱང༌། མཁར་རྫོང་བཙན་པོ་འབེབས་པ་ལ་ཉམས་མྱོང་མེད་པས་ལན་འགར་འཐབ་ཀྱང་གླགས་མ་རྙེད་པར་ལུས། སླར་ཡང་ལྷ་ས་ནས་ཉམས་མྱོང་ཡོད་པའི་དམག་དཔོན་ངམ་རུ་པ་དང༌། ཀོང་པོ་ཨ་བོ་བཀྲ་ཤིས། ཕོ་ལྷ་པ་པད་མ་རྒྱལ་པོ། དགོན་བླ་མ་འཕྲིན་ལས། སྟག་རྩེ་རྗེ་དྲུང་བཅས་ཀྱིས་གཙོ་བོ་བྱས་པའི་བོད་དམག་སྟོང་ཕྲག་ལྔ་ཙམ་ཞིག་མྱུར་སྟབས་ཀྱིས་མངའ་རིས་སུ་མངགས་པར་མཛད། དེ་དག་འབྱོར་ནས་བོད་སོག་གཉིས་ཀྱི་དམག་གིས་ལ་དྭགས་ཀྱི་རྒྱལ་ས་སླེལ་གྱི་བར་དབང་དུ་བསྡུས། །

ལྔ་པ་ཆེན་པོ་སྐུ་གཤེགས་རྗེས། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྤྱི་ལོ་1682ལོར་རྒྱལ་བ་ལྔ་པ་ཆེན་པོ་སྐུ་གཤེགས། སྐབས་དེར་སོག་པོ་བསྟན་འཛིན་དར་ཡན་གྱི་རྟ་དམག་དང་བཅས་ཏེ་བོད་དུ་བཅའ་སྡོད་བྱས་ཡོད་ཅིང་། བོད་སོག་བར་འགལ་བ་ཆེ་བས་སོག་པོས་ཆབ་སྲིད་འཕྲོག་པ་ལ་དོགས་ནས་གསང་རྒྱ་བྱས། རྒྱལ་བ་རིན་པོ་ཆེ་སྐུ་སྐེག་ཆེ་བས་རིམ་གྲོར་སྐུ་མཚམས་དགོས་ཚུལ་སོགས་དྲིལ་བསྒྲགས། རྩེ་རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་བཀྲ་རབ་པ་ཞེས་པ་རྒྱལ་བ་ལྔ་པ་དང་སྐུ་བྱད་འདྲ་བའི་བླ་ཞིག་ཡོད་པ་དེ་སྐབས་འགར་རྒྱ་ནག་གོང་མས་བཏང་བའི་མི་སྣ་དང་། སོག་པོ་སྦྱིན་བདག་གལ་ཆེན་རིགས་འབྱོར་སྐབས་ལྔ་པ་ཆེན་པོ་ཡིན་རྫུས་ཀྱིས་མཇལ་ཁ་གནང་ཡོད་འདུག སྤྱི་ལོ་1683པའི་ཆུ་ཕག་ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་ལ་ཕེབས་པ་ནས་བྱིས་པ་ཕལ་པའི་སྤྱོད་ཚུལ་དང་མི་འདྲ་བའི་ཤིང་ལོ་སོགས་ལ་ཡི་གེ་འབྲི་བ་དང་། ས་རིས། གཏོར་ཟོ། མཆོད་འབུལ། རོལ་མོ་བཀྲོལ་བརྡུང་གི་ཚུལ་སོགས་མཛད་སྤྱོད་ངོ་མཚར་ཆེ་བ་གནང་ཞིང་། ང་ངག་དབང་བློ་བཟང་རྒྱ་མཚོ་ཡིན། པོ་ཏ་ལར་འགྲོ་དགོས་སོགས་ཡ་མཚན་པའི་གསུང་མང་པོ་འབྱོན་སྟབས། མོན་པ་རྣམས་ཀྱིས་རྒྱལ་བ་ལྔ་པའི་སྤྲུལ་སྐུ་ཡིན་ཚུལ་གྱི་སྐད་གྲགས་ཀྱིས་ཁྱབ། སྐུ་ཞང་གིས་ཕྲག་དོག་གིས་གནོད་འཚེར་མང་པོ་བརྩམས། སྐབས་དེའི་མཚོ་སྣ་རྫོང་སྡོད་པ་གཉིས་ཀྱིས་གནས་ཚུལ་དེ་དག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་སྙན་ཞུ་ཕུལ་པ་དང་། ལན་དུ་རྒྱལ་བ་ལྔ་པའི་བཀའ་ཤོག་ཡིན་ཟོལ་གྱིས། གཏམ་འཆལ་འུར་ཞོགས་ཆེ་བ་རྣམས་བཟློག་ཐབས་དགོས་ཚུལ་དང་། ཞ་ལུའི་མཁན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་ཡང་སྲིད་ཡིན་མིན་བརྟག་དགོས་ཚུལ་སོགས་ཀྱི་བཀའ་ལན་དང་དམ་རྫས་བཅས་གནང་འབྱོར། མཚོ་སྣ་རྫོང་སྡོད་ཀྱིས་སྤྲུལ་སྐུ་ཉེན་ཡོལ་གྱི་ཆེད་དུ་ཨོ་རྒྱན་གླིང་ནས་ཤ་འུག་ཏུ་གདན་དྲངས། ཤིང་གླང་ཟླ་བ་བཅུ་གཉིས་པའི་ཚེས་11ཉིན་ཤ་འུག་ནས་ཐོན་ཏེ་མཚོ་སྣ་རྫོང་དུ་བཞུགས། དེར་ལོ་ངོ་བཅུ་གསུམ་བཞུགས་རིང་འཚོ་བའི་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཚུལ་རྣམ་ཐར་གསར་གྱི་སྙེ་མ་ལས་གསལ་བ་ལྟར་རོ། སྤྱི་ལོ་1697པའི་མེ་གླང་ལོ་ཟླ་བ་ལྔ་པའི་ཚེས་4ཉིན་སྣ་དཀར་རྩེར་གདན་དྲངས། དེར་པཎ་ཆེན་རིན་པོ་ཆེ་ལས་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། ལོ་དེའི་ཟླ་བ་བཅུ་པའི་ཚེས་25དགའ་ལྡན་ལྔ་མཆོད་ཉིན་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་དུ་གདན་དྲངས་ནས་གསེར་ཁྲི་ལ་མངའ་གསོལ། རྒྱལ་བ་སྐུ་ཕྲེང་དྲུག་པའི་ཁྲི་འདོན་གྱི་མཛད་སྒོ་གཟབ་རྒྱས་གནང་། དུས་དེར་ལྔ་པའི་མཚན་སྙན་དང་། སྡེ་སྲིད་ཀྱི་ཐབས་ཇུས་གཉིས་སྦྲག་ཏེ་བོད་སོགས་ཐམས་ཟད་ཟིལ་གྱིས་གནོན། བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་བོད་ཀྱི་གསོ་རིག་སློབ་གྲྭ་ལ་ཡར་རྒྱས་ཆེན་པོ་གཏོང་། རྒྱུད་བཞིའི་དོན་འགྲེལ་གྱི་ཐང་ཁ་བརྒྱད་ཅུ་བཞེངས་པ། མཁས་པ་མང་པོ་བསྡུས་ནས་རྒྱུད་བཞིའི་འགྲེལ་པ་བཻར་སྔོན་རྩོམ་སྒྲིག་བྱས་པ་སོགས་གསོ་རིག་གོང་འཕེལ་ལ་མཛད་ཆེ། སྤྱ་ལོ་1696པའི་མེ་བྱི་་ལོར་ལྕགས་པོ་གསོ་རིག་སློབ་གྲྭ་བཙུགས། །

དགའ་ལྡན་ཕོ་བྲང་སྲིད་སྐྱོང་ལས། །

ཐོག་མར་རྒྱལ་བ་ལྔ་པ་བཞུགས། །

སྡེ་སྲིད་བསོད་ནམས་ཆོས་འཕེལ་དང་། །

གྲོང་སྨད་འཕྲིན་ལས་རྒྱལ་མཚན་དང་། །

སྡེ་སྲིད་བློ་བཟང་མཐུ་སྟོབས་དང་། །

སྣེ་གདོང་བློ་བཟང་སྦྱིན་པ་དང་། །

སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམས། །

ལྔ་པའི་སྐབས་ཀྱི་སྲིད་སྐྱོང་ཡིན།།


1 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དང་པོ། རྒྱལ་བ་ལྔ་པ། སྤྱི་ལོ་1642པའི་ཆུ་རྟ་ལོར་རྒྱལ་བ་ལྔ་པ་ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཁྲིར་འཁོད། གནམ་བསྐོས་དགའ་ལྡན་ཕོ་བྲང་ཞེས་པའི་སྲིད་གཞུང་བཙུགས། གཙང་པ་རྒྱལ་པོའི་འབྲེལ་ཡོད་སྡེ་འབངས་མཆོད་གནས་དང་བཅས་པ་ཐམས་ཅད་དྲག་གནོན་བྱས་ཀྱང༌། རབ་བྱུང་བཅུ་གཅིག་པའི་ལྕགས་ཡོས་སྤྱི་ལོ་1651ལོར་མན་ཇུ་གོང་མ་ཐབས་སྐྱོང་གིས་གདན་ཞུས་པེ་ཅིན་དུ་ཆིབས་ཞལ་བསྒྱུར། སྤྱི་ལོ་1659པའི་ས་ཕག་ལོར་མཚོ་སྔོན་ཕྱོགས་ཀྱི་སོག་པོའི་སྡེ་ཤོག་དང་དཔོན་རིགས་རྣམས་ལ་ཆོས་སྲིད་གཉིས་ཀྱི་སྒོ་ནས་བཀའ་ལུང་དང་ལས་ཐམ་སོགས་གནང༌། 1667ལོར་རྒྱ་སོག་འཁྲུག་པའི་བར་འདུམ་གནང་། 1675ལོར་གོང་མ་བདེ་སྐྱོང་གིས་བཀའ་འཕྲིན་བཞིན་མཚོ་སྔོན་ཕྱོགས་ཀྱི་སོག་པོ་དཔོན་མཁའ་འགྲོའི་དཔོན་ཐོབ་བརྗེས་པས་གོང་མས་གནང་སྦྱིན་ཆེན་པོར་ཐོབ། སྲིད་ཕྱོགས་ཀྱི་ཕྱག་ལས་གཙོ་བོ་འགན་ཁུར་མཚན་སྡེ་སྲིད་བསྐོ་བཞག་གནང་། ལ་དྭགས་རྒྱལ་པོ་སླར་ཡང་དབང་དུ་བསྡུ། །

2 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་གཉིས་པ། སྡེ་སྲིད་བསོད་ནམས་ཆོས་འཕེལ།འདི་ལ་མིང་གཞན་བསོད་ནམས་རབ་བརྟན་དང་། རྒྱ་ལེ་ཆོས་མཛད་ཀྱང་ཟེར། རྒྱལ་བ་ལྔ་པས་ཆོས་སྲིད་ལུགས་གཉིས་དང་། སྡེ་སྲིད་འདིས་བོད་ཀྱི་སྲིད་སྐྱོང་གི་ལས་ཀ་གཙོ་བོར་བྱས། 1658ལོར་སྡེ་སྲིད་འདིར་གྲོངས། དེ་ནས་ལོ་གཉིས་རིང་ཆོས་སྲིད་གཉིས་ཀ་རྒྱལ་བ་ལྔ་པས་བསྐྱངས། །

3 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་གསུམ་པ། གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། སྤྱི་ལོ་1660་པའི་ལྕགས་བྱི་ལོར་སྡེ་སྲིད་ཀྱི་སྲིད་ཁྲི་ལ་བཀོད། རྒྱལ་བ་ལྔ་པས་སོག་པོ་ལ་བསླབ་བྱ་གནང་སྟེ་རྒྱ་སོག་བར་འཁོན་པ་བསྡུམས་པས་རྒྱ་ནག་གོང་མ་ཐུགས་མཉེས། སྤྱི་ལོ་1668ལོའི་ལོ་མཇུག་ཏུ་གྲོངས། སྐབས་འདིར་བོད་འབྲུག་བར་ཟིང་འཁྲུག་ལངས་པ་སོགས་སྲིད་དོན་ཅུང་རྙོག་འཛིངས་ཆེ་བའི་དུས་ཡིན་སྟབས་ལྔ་པ་ཆེན་པོས་གནས་སྐབས་སུ་ཆོས་སྲིད་གཉིས་ཀའི་འགན་བཞེས། །

4 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཞི་པ། སྡེ་སྲིད་བློ་བཟང་མཐུ་སྟོབས། སྤྱི་ལོ་1669པའི་ས་བྱ་ལོའི་ཟླ་བ་8པའི་ཚེས་1ཉིན་སྡེ་སྲིད་ཀྱི་ཁྲི་ལ་བཀོད། འདིའི་དུས་སུ་གནའ་བོའི་རྒྱལ་པོའི་ཆས་གོས་བསྐྱར་གསོ་དང་། ར་མོ་ཆེ་ལྷ་ཁང་རྒྱ་བསྐྱེད་པ་སོགས་བྱས། སྤྱི་ལོ་1674པའི་ཤིང་སྟག་ཟླ་བ་3པའི་ནང་། ས་སྐྱའི་བདག་མོ་དང་ལུས་འབྲེལ་ཡོད་སྐོར་གླེང་ལྷགས་བྱུང་བར་བརྟེན་སྡེ་སྲིད་ཀྱི་ཁྲི་ལས་ཕབ་སྟེ་གོང་དཀར་དུ་ཟུར་འཇོག་གནང་། རྗེས་སུ་སེར་འབྲས་དང་དྲུང་སྤྱི་བཅས་ཀྱི་ངོ་ཆེན་ཞུས་པ་ལ་བརྟེན་ནས་སྡེ་སྲིད་ཟུར་པའི་གོ་གནས་དང་། ཟངས་རི་རྫོང་སྐུ་སྐལ་གནང་།སྐབས་དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྡེ་སྲིད་ཀྱི་འགན་བཞེས་དགོས་པའི་བཀའ་ཕེབས་བྱུང་ཡང་། ཁོང་རང་ཉིད་ཀྱིས་མུ་མཐུད་སློབ་གཉེར་དགོས་རིགས་རྣམས་འཐུས་ཤོར་དུ་དོགས་ནས་རེ་ཞིག་ཕྱིར་འགྱངས་ཀྱི་རེ་ཞུས་ལྟར་བཀའ་འཁྲོལ་ཐོབ། །

5 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ལྔ་པ། སྡེ་སྲིད་བློ་བཟང་སྦྱིན་པ། སྤྱི་ལོ་1675པའི་ཤིང་ཡོས་ལོར་རྩེ་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་འདི་ཉིད་སྡེ་སྲིད་ཀྱི་ཁྲི་ལ་བཀོད། ལོ་དེར་མོན་པ་ཨ་ཆོག་གིས་རྐྱེན་པས་བོད་འབྲུག་བར་འཁྲུག་པ་ལངས། དེའི་ཕྱི་ལོར་ཆིངས་གྲོས་བྱས། སྤྱི་ལོ་1979པའི་ས་ལུག་ལོར་ཟླ་བ་ལྔ་པར་སྡེ་སྲིད་དགོངས་ཞུས་འཁྲོལ་ཏེ་སྡེ་སྲིད་ཟུར་པའི་གོ་གནས་དང་། སྐུ་སྐལ་དུ་སྣེ་གདོང་རྫོང་གནང་བས་རྗེས་སུ་སྡེ་སྲིད་སྣེ་གདོང་པ་ཡང་འབོད་སྲོལ་བྱུང་། །

6 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དྲུག་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ས་ལུག་སྤྱི་ལོ་1679ལོར་སྡེ་སྲིད་ཀྱི་ཁྲིར་བཀོད། རྒྱལ་བ་ལྔ་པ་ཆེན་པོས་སྐུ་ཆུང་དུས་ནས་དམིགས་བསལ་གྱིས་གཟིགས་སྐྱོང་འོག་འཚར་ལོང་བྱུང་བ་ཞིག་ཡིན་སྟབས་ལུགས་གཉིས་ཀྱི་མཁྱེན་རྒྱ་གཞན་ལས་ཆེ་བ་ཞིག་ཡིན་པར་ཡོངས་སུ་གྲགས། རྒྱལ་བ་ལྔ་པའི་གདུང་སྲས་ཡིན་ཚུལ་བཤད་སྲོལ་ཡོད་པ་འདི་ལ་དེབ་ཐེར་ཀུན་གསལ་མེ་ལོང་དུ་དགག་པ་བྱས་འདུག སྤྱི་ལོ་1682ལོར་རྒྱལ་བ་ལྔ་པ་སྐུ་གཤེགས་པ་ནས་གསང་རྒྱ་དམ་པོའི་སྒོ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀའི་ཐུགས་འགན་བཞེས། སྤྱི་ལོ་1683ལོར་རྒྱལ་བའི་ཡང་སྲིད་མོན་རྟ་དབང་དུ་འཁྲུངས་པ་གསང་རྒྱའི་སྒོ་ནས་བདག་སྐྱོང་གནང་།
ལྕགས་འབྲུག་སྤྱི་ལོ་1700ལོར་སྲས་ཆུང་བ་ལྷ་བཟང་ཧན་གྱིས་སོག་པོའི་དབང་ཆ་བཟུང་། དེ་ནས་ལྷ་བཟང་ཧན་ལ་བོད་ཁམས་དབང་དུ་བསྡུ་རྒྱུའི་ཧམ་སེམས་སྐྱེས་ཏེ། ཆུ་ལུག་སྤྱི་ལོ་1703ལོར་སྨོན་ལམ་ཆེན་མོའི་སྐབས་སུ་ལྷ་བཟང་ཧན་སྡེ་སྲིད་བར་དམག་འཁྲུགས་ལངས། སྐབས་དེར་སེ་འབྲས་འཐུས་མི་དང་ལྷག་པར་དུ་འབྲས་སྤྲུངས་སྒོ་མང་མཁན་པོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་ངག་དབང་བརྩོན་འགྲུས་ཀྱིས་བར་འདུམ་གནང་སྟེ། སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཀྱི་ཁྲི་ལས་བབས་ཏེ་གོང་དཀར་དུ་བཞུགས་རྒྱུ་དང་། སྲས་ངག་དབང་རིན་ཆེན་སྡེ་སྲིད་ཀྱི་ཁྲི་ལ་བཀོད་རྒྱུའི་ཐག་བཅད་པས་རེ་ཞིག་ཟིང་ཆ་ཞི། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1