ཚེ་བརྟན་ད་ལོ་ལོ་ན་53ལ་སོན་ཡོད་པ་དང་། ལོ་10ཡི་སྔོན་དུ་ཕ་མ་སྔ་རྗེས་སུ་ཚེ་ལས་འདས་ཏེ་ཁོ་གཅིག་པུ་ཤུལ་དུ་ལུས། གསར་འགོད་པ་མཐོང་རྗེས། ཁོས་ལག་གི་ལས་ཀ་བསྐྱུར་ཞིང་། འདམ་གྱིས་སྦངས་པའི་ཆུ་ལྷམ་བརྗེས་ནས་འདི་ལྟར་བཤད་བྱུང་སྟེ། ད་ལོར། རང་སྡེའི་བགྲོད་ལམ་སྲ་བསྒྱུར་བྱེད་བཞིན་ཡོད་པས། ངས་འདི་ནས་ལས་གླ་བྱས་ནས་སྒོར་མོ་ཉུང་ཉུང་ཞིག་འཚོལ་ཐུབ། ཡིན་ནའང་ངའི་རྐེད་པ་དང་རྐང་པ་མི་བཟང་བས། ཅུང་ཙམ་ལས་རྗེས་ཡུན་ཙམ་དུ་ངལ་གསོ་བྱ་དགོས་ཀྱང་ཚང་མས་ང་ལ་དམིགས་བསལ་དུ་ལྟ་སྐྱོང་བྱེད་བཞིན་ཡོད། ཁོས་ཐོད་པའི་རྔུལ་ཆུ་ཕུར་ཕུར་ཕྱིས་རྗེས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་དུས་རྒྱུན་དུ་ལུས་ཤུགས་ཆེ་བའི་ངལ་རྩོལ་ལ་ཡུན་རིང་དུ་འབད་དྲགས་པས་ང་ནད་ཀྱིས་བཟུང་བ་ཡིན། 1993ལོ་ནས་བཟུང་རྐེད་པ་ན་བའི་ནད་རྟགས་མངོན་པ་དང་། ལོ་སུམ་ཅུར་ཉེ་བ་ན་པུས་མོ་ཡང་ན་བ་ཡིན། ང་ནི་ད་ལྟ་ལངས་ནས་ཡུན་རིང་དུ་འདུག་མི་ནུས། ལམ་བདེ་མོར་འགྲོ་དུས་ཀྱང་འཁྱར་རེ་འཁྱོར་རེར་འགྲོ་དགོས་ཞེས་ཁོས་སྡུག་བཤད་བྱས་བྱུང་།
2008ལོར། ས་ཡོམ་གྱི་རྐྱེན་གྱིས་ཁང་པ་རྙིང་པ་ཉེན་ཡོད་སྡོད་ཁང་ལ་གྱུར། ང་ལ་སྒོར་མོ་མེད་ལ་ངལ་རྩོལ་ནུས་ཤུགས་ཀྱང་མེད། ངས་རང་གི་མི་ཚེ་གང་བོ་ཁང་རྙིང་དེ་ནས་སྐྱེལ་དགོས་པར་འདོད། ཚེ་བརྟན་གྱིས་གསར་འགོད་པ་ཁྲིད་ནས་ཁང་བ་གསར་བ་བསྟན། ཁོད་སྙོམས་པའི་སྒོ་ར་གྲུ་བཞི་དང་། ཁང་བའི་ནང་གི་དུག་སེལ་སྒྲོམ་བུ། བརྙན་འཕྲིན་འཕྲུལ་ཆས་སོགས་གློག་ཆས་ཆ་ཚང་ཡོད། ཁོས་བཤད་རྒྱུར། རང་ཉིད་ཁང་བ་གསར་པ་ཞིག་ཏུ་སྡོད་ཐུབ་པ་ཡིད་ལའང་དྲན་མ་མྱོང་། ཁང་བ་འདི་ནི་ན་ནིང་སྲིད་གཞུང་གི་རོགས་རམ་འོག་ལས་པ་ཡིན། ངས་ཁང་བ་གསར་པའི་ནང་ནས་ན་ནིང་གི་དཔྱིད་གསར་དུས་ཆེན་རོལ་བ་ཡིན། ད་སྐབས་ཀྱི་འཚོ་བ་བདེ་ཞིང་སྐྱིད།
ཁོའི་གནས་ཚུལ་དངོས་ལ་གཞིགས་ནས། སྡེ་བས་ཁོ་ལ་བགྲོད་ལམ་འཕྲོད་བསྟེན་པའི་ལས་གནས་བཀོད་སྒྲིག་བྱས་པ་དང་། ཟླ་རེར་གླ་ཆ་སྒོར་1380རེ་ཡོད། ཁོ་རང་འགན་ལེན་ལྔའི་དུད་ཚང་དུ་ཚུད་པར་ཆེད་ཞུ་འབུལ་བཞིན་པའི་སྒང་ཡིན། ཁོའི་ནད་བཅོས་ལའང་སྨན་བཅོས་འགན་ལེན་ཡོད། ངའི་འཚོ་བར་དཀའ་ངལ་ཆེ་དུས་ཏང་དང་སྲིད་གཞུང་གིས་ང་ལ་ཡིད་ཆེས་དང་སྤོབས་པ་བསྩལ་བྱུང་ཟེར།