ཟླ་6ཚེས་17ཉིན་གྱི་ཕྱི་དྲོར། 2017ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་བརྐོས་བརྙན་དང་ས་གཞི་ཆེན་མོའི་སྒྱུ་རྩལ་ལྗོངས་རྒྱུའི་དུས་ཚིགས་འགོ་ཚུགས་པའི་བྱེད་སྒོ་མཚོ་སྔོན་པོའི་བྱེ་གླིང་དུ་སྤེལ་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ཁྱོན་བསྡོམས་བརྐོས་བརྙན་གཙོ་བོ་གཅིག་དང་བྱེ་བརྐོས་རྟག་པ་གསུམ། གཞོག་འདེགས་ཀྱི་རྐོས་བརྙན་དགུ་བཅས་ཡོད་ལ། "མཚོ་སྔོན་པོ་ང་ཚོའི་གཞིས་ཁྱིམ"དང"ཚེ་སྲོག་གི་སྡོང་པོ"སོགས་ས་གཞི་ཆེན་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་ལྔ་བཏོན་ནས། གཙོ་བོར་དར་གོས་ཚོང་ལམ་ནུབ་ཁུལ་གྱི་སྣོད་བཅུད་དང་ལོ་རྒྱུས་མངོན་པ་དང་། མཚོ་སྔོན་པོའི་རང་བྱུང་གི་མཛེས་པ་དང་རིག་གནས་ཀྱི་མཛེས་པ། སྐྱེ་ཁམས་ཀྱི་མཛེས་པ་དང་ཞི་མཐུན་གྱི་མཛེས་པ་སོགས་བཏོན་ཏེ། ལྗོངས་རྒྱུའི་ས་ཚིགས་ཀྱི་མིང་གྲགས་ཇེ་ཆེར་གཏོང་བ་དང་ཚོང་རྟགས་ཀྱི་སྣང་བརྙན་གསར་བསྐྲུན་བྱས་ནས། ལྗོངས་རྒྱུའི་ལས་རིགས་ཀྱི་རྒྱུན་སྲིང་རང་བཞིན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏང་བ་རེད།
མཚོ་སྔོན་པོའི་རྒྱལ་སྤྱིའི་བརྐོས་བརྙན་དང་ས་གཞི་ཆེན་མོའི་སྒྱུ་རྩལ་ལྗོངས་རྒྱུའི་དུས་ཚིགས་ནི་མཚོ་སྔོན་པོའི་རིག་གནས་དང་དུས་ཆེན་གྱི་ཚོང་རྟགས་ལྟ་བུ་ཞིག་ཡིན་པའི་ཆ་ནས། 2007ལོ་ནས་ད་བར་དུ་ཁྱོན་བསྡོམས་བྱེད་སྒོ་ཐེངས་དགུ་བདེ་བླག་ངང་སྤེལ་ཞིང་། བྱེད་སྒོའི་ཐོག་མཚོ་སྔོན་པོའི་བྱེ་གླིང་གི་རང་བྱུང་དང་རིག་གནས་ཀྱི་ཐོན་ཁུངས་མངོན་ནས་ལྗོངས་རྒྱུའི་ནང་དོན་ཕུན་སུམ་ཚོགས་པོར་བཏང་།།