གཅིག ཚད་མའི་རིག་གཞུང་གི་བྱུང་བ་མདོར་བསྡུས།
ཚད་མ་རིག་པ་ནི་བོད་ཀྱི་གནའ་རབས་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་བརྩིས་ནས་མི་ལོ་སྟོང་ལྷག་གི་རིང་ལ་བོད་རིགས་རིག་གཞུང་སློབ་གཉེར་དང་ཞིབ་འཇུག་པ་ཀུན་གྱིས་མཐོང་ཆེན་གནང་བཞིན་ཡོད། ཚད་མའི་རིག་གཞུང་འདིའི་ལོ་རྒྱུས་བཤད་པའི་སྐབས་སུ་མཁས་པ་མང་ཆེ་བས་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པར་རྒྱ་གར་ནས་ཐོག་མར་བྱུང་བ་འདོད། དེ་ཡང་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པར་དྲང་སྲོང་སེར་སྐྱ་ཞེས་བྱ་བས་རྒྱ་གར་གྱི་ཕྱི་རོལ་པའི་ཆོས་ལུགས་གྲངས་ཅན་པ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་སྲོལ་ཕྱེས་པ་དང་། དུས་རབས་དེ་ཉིད་དུ་གྲངས་ཅན་པའི་བསྟན་པའི་རྗེས་འཇུག་རིག་གཞུང་སྨྲ་བ་ལ་ཤིན་ཏུ་མཁས་པ་སློབ་དཔོན་དབང་ཕྱུག་ནག་པོ་ཞེས་བྱ་བས་གྲངས་ཅན་གྱི་མདོ་ཞེས་བྱ་བའི་རིག་གཞུང་གཏན་ལ་ཕབ་ཅིང་གཞུང་དེ་ཉིད་དུ་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། སྒྲ་ལས་བྱུང་བའི་ཚད་མ་ཞེས་ཚད་མ་གསུམ་གྱི་ལྟ་བ་བསྟན་ཡོད་དེ། དེ་ནི་རྒྱ་གར་ལ་ཚད་མ་བྱུང་བའི་ཐོག་མ་ཡིན་པ་གྲགས། ཚད་མ་རིག་པའི་གཞུང་རང་བཙན་པ་ཐོག་མ་ནི་སྤྱི་ལོའི་དུས་རབས་གཉིས་པའི་ནང་ཕྱི་རོལ་གྱི་ཆོས་ལུགས་རིགས་པ་ཅན་པའི་སྟོན་པ་གོ་ཏ་མ་ཞེས་བྱ་བས་བརྩམས་པའི་རིགས་པའི་མདོའམ་རིགས་པ་ཅན་པའི་མདོ་①ཞེས་འབོད་པ་དེ་ཡིན་པ་འདོད། དེ་རྗེས་ཕྱི་རོལ་པའི་མཁས་པ་དྲང་སྲོང་གླིང་སྐྱེས་ཞེས་བྱ་བས་རྟོག་གེའི་བསྟན་བཅོས་བརྒྱད་དང་བྲམ་ཟེ་རྐང་མིག་ཅེས་བྱ་བས་རྟོག་གེའི་ཚིག་དོན་བརྒྱད་སོགས་ཚད་མའི་གཞུང་ཅི་རིགས་པ་བརྩམས་ནས་རྒྱ་གར་དུ་ཚད་མའི་འཆད་ཉན་དང་རྩོད་པ་དར། སྤྱི་ལོའི་དུས་རབས་དང་པོ་ཡས་མས་སུ་ནང་པའི་ལུང་རིགས་སྨྲ་བའི་དབང་ཕྱུག་འཕགས་པ་ཀླུ་སྒྲུབ་ཀྱིས་ཟབ་མོ་དབུ་མའི་ལྟ་བ་ལུང་གིས་སྒྲུབ་པ་ལ་མདོ་ཀུན་ལས་བཏུས་པ་བརྩམས་པ་དང་། རིགས་པས་སྒྲུབ་པ་ལ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག་སོགས་བརྩམས་ཏེ་ཚད་མའི་རིགས་ལམ་གྱི་ཐོག་ནས་ཆོས་ཀུན་བདེན་པས་གྲུབ་པ་མེད་པ་གཏན་ལ་ཕབ། གཞུང་དེ་དག་ལས་ཞིབ་མོ་རྣམ་འཐག་ནི་གཞན་སྡེའི་རྟོག་གེའི་ཚིག་དོན་བཅུ་དྲུག་སོགས་ཚད་མའི་རིགས་ལམ་སྣ་ཚོགས་པས་བཀག་སྟེ་ཆོས་ཀུན་གྱི་གནས་ལུགས་དྲི་མ་མེད་པ་གཏན་ལ་ཕབ་བྱེད་དུ་གྱུར་པས་ནང་པའི་ཚད་མའི་རིགས་ལམ་སྟོན་བྱེད་ཀྱི་གཞུང་གི་མེས་པོ་ལྟ་བུར་གྱུར་ཡོད། སྤྱི་ལོའི་དུས་རབས་བཞི་པའི་ནང་སློབ་དཔོན་ཐོགས་མེད་ཀྱིས་བྱམས་ཆོས་སྡེ་ལྔ་ལས་མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་གསུམ་དང་། ས་སྡེ་ལྔ། སྡོམ་གཉིས་བཅས་ཀྱི་ནང་དུ་ཚད་མའི་རིགས་ལམ་ཅི་རིགས་པ་བཀོད་ཅིང་མངོན་སུམ་ཚད་མ་དང་། རྗེས་དཔག་ཚད་མ། ཡིད་ཆེས་པའི་ལུང་ཚད་མར་བཅས་ཚད་མ་གསུམ་བསྟན་ཡོད། དེ་ནས་ཐོགས་མེད་ཀྱི་སྐུ་མཆེད་དང་སློབ་མ་དམ་པ་སློབ་དཔོན་དབྱིག་གཉེན་གྱིས་གཏན་ཚིགས་རིག་པའི་སྐོར་གྱི་གཞུང་གསུམ་བརྩམས་པ་གྲགས་ལ། དབྱིག་གཉེན་གྱི་སློབ་མ་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་ལས་བཏུས་པ་ཞེས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་གཞུང་ཆེན་པོ་དེ་བརྩམས། ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེའི་སློབ་བུ་ཚད་མ་ལ་སློབ་དཔོན་རང་ལས་ཀྱང་མཁས་པ་རིགས་པ་སྨྲ་བའི་ཁྱུ་མཆོག་ཆོས་ཀྱི་གྲགས་པས་ཚད་མ་སྡེ་བདུན་དུ་འབོད་པ་བརྩམས། དུས་རབས་ལྔ་པའི་རྗེས་སུ་རྒྱ་གར་བྱང་ཕྱོགས་ཀྱི་དཔལ་ན་ལེན་ཏྲའི་གཙུག་ལག་སློབ་གྲྭ་ཆེན་མོ་སོགས་ནང་པའི་ཆོས་གྲྭ་མང་པོའི་ནང་དུ་ཚད་མ་རིག་པ་འཆད་ཉན་གྱི་ལུགས་བཟང་ཆགས་པ་མ་ཟད། ནང་པ་སངས་རྒྱས་པའི་སློབ་དཔོན་རྣམས་རྒྱ་གར་འཕགས་པའི་ཡུལ་གྱི་ཚད་མའི་རིག་གཞུང་སྨྲ་བ་ཀུན་གྱི་དེད་དཔོན་ལྟ་བུར་གྱུར་ཡོད།
བོད་གངས་ཅན་གྱི་ལྗོངས་འདིར་ཚད་མའི་རིགས་གཞུང་ཐོག་མ་རྒྱ་གར་ནས་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་བྱུང་བ་ལ། ཚད་མའི་རིག་གཞུང་ཐོག་མར་བསྒྱུར་བའི་དུས་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་མཇུག་ཙམ་དུ་ཡིན་ལ་བསྒྱུར་བ་པོ་ནི་ཟ་ཧོར་གྱི་མཁན་པོ་བོ་དྷི་ས་ཏྭ་དང་བོད་ཀྱི་ལོ་ཙཱ་བ་དྷརྨ་ཨ་ལོ་ཀ་རྣམ་གཉིས་དང་། བསྒྱུར་བའི་གཞུང་ནི་གཏན་ཚིགས་ཀྱི་འཁོར་ལོ་གཏན་ལ་དབབ་པ་ཞེས་བྱ་བ་བསྟན་འགྱུར་པུ་ཏི་ཅེའི་རྟགས་ཅན་ནང་དུ་བཞུགས་པ་དེ་རེད②། བོད་འགྱུར་ཚད་མའི་གཞུང་མང་ཆེ་བ་བསྟན་པ་ཕྱི་དར་གྱི་སྐབས་སུ་བསྒྱུར་ཅིང་གཏན་ལ་ཕབ་པ་སྟེ་ད་ལྟའི་སྡེ་དགེ་སྤར་ཁང་ཆོས་མཛོད་ཀྱི་བསྟན་འགྱུར་པུ་ཏི་ཅེའི་རྟགས་ཅན་ནས་ཡེའི་རྟགས་ཅན་བར་གྱི་གླེགས་བམ་ཉི་ཤུ་ཡོངས་རྫོགས་རྒྱ་གར་ནས་བསྒྱུར་བའི་ཚད་མའི་རིག་གཞུང་ཤ་སྟག་ཡིན། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཁ་ཆེར་ལོ་བཅུ་བདུན་ཙམ་བཞུགས་ནས་ཆོས་དང་རིག་གཞུང་མང་པོ་ལ་སློབ་པ་དོན་གཉེར་གནང་བའི་དུས་སུ་ཚད་མ་ལེགས་པར་སྦྱངས། ཚད་མ་རྒྱན་སོགས་རྒྱ་གཞུང་ཚད་མ་མང་པོ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བ་དང་འགྱུར་རྙིང་མང་པོ་ལ་ཞུ་དག་མཛད། བོད་ལ་ཕྱིར་ལོག་རྗེས་གསང་ཕུ་ནེའུ་ཐོག་དགོན་དུ་ཚད་མའི་འཆད་ཉན་རྒྱ་ཆེ་བར་སྤེལ་ཏེ་བོད་དུ་ཚད་མའི་རིགས་ལམ་སློབ་གཉེར་གྱི་ལུགས་སྲོལ་བཟང་པོ་ཐོག་མར་བཙུགས་ཡོད། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་གངས་ལྗོངས་གཏན་ཚིགས་སྨྲ་བའི་དབང་ཕྱུག་ཆེན་པོ་ཆ་པ་ཆོས་ཀྱི་སེང་གེས་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་བདེ་བླག་ཏུ་རྟོགས་པའི་ཐབས་ལམ་རྨད་དུ་བྱུང་བ་བསྡུས་གྲྭའི་རྣམ་བཞག་གསར་བརྩམས་མཛད་དེ་ཚད་མ་འཆད་ཉན་གྱི་ཉི་མ་ཤར་བ་མཛད། སྤྱི་ལོའི་དུས་རབས་བཅུ་གསུམ་པར་བཅུ་ཕྲག་རིག་པའི་གནས་ཀུན་ཐོགས་མེད་དུ་མཁྱེན་པའི་ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་པའི་གཏེར་རྩ་འགྲེལ་གཉིས་ཀ་བརྩམས་ནས་བོད་ཀྱི་ཚད་མའི་འཆད་ཉན་དང་ཞིབ་འཇུག་གི་ཆུ་ཚད་མཐོན་པོར་བཏང་ཡོད། དེ་ནས་བོད་ཀྱི་ནང་པ་སངས་རྒྱས་པའི་ལུང་གི་བསྟན་པ་འཆད་ཉན་མཛད་མཁན་གྱི་གྲུབ་མཐའ་སྐྱོང་བ་པོ་ཡོངས་ཀྱིས་ཚད་མའི་གཞུང་ལ་འཆད་ཉན་ལེགས་པར་བྱེད་པའི་ལུགས་སྲོལ་ཆགས་པ་མ་ཟད། གངས་ལྗོངས་རིག་པ་སྨྲ་བའི་ཁྱུ་མཆོག་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལྟར་བྱོན་པ་ཀུན་གྱིས་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་མཐའ་དག་ཚད་མའི་རིགས་ལམ་ཡང་དག་པས་བརྡར་ཤ་བཅད་དེ་འཇིག་རྟེན་འདི་དང་འཇིག་རྟེན་ལས་འདས་པའི་ཆོས་ཀུན་གྱི་མཐར་ཐུག་གི་གནས་ལུགས་ཟབ་མོ་གཞལ་བ་ལ་གཞན་དྲིང་མི་འཇོག་པའི་མི་འཇིགས་སེང་གེ་འགྱིང་གཟུགས་ཀྱི་སྤོབས་པ་རྙེད་པ་ཡིན།
གཉིས། ཚད་མ་ཞེས་པའི་ཐ་སྙད་ཀྱི་ནང་དོན།
རྒྱ་གར་སྐད་དུ་པྲམཱཎ་ཞེས་འབོད་པ་དེ་ཉིད་བོད་སྐད་དུ་བསྒྱུར་བར་པྲ་ནི་དང་པོའམ་རབ་ཏུ་སོགས་ཀྱི་དོན་དང་། མཱཎ་ནི་ཡིད་དམ་འཇལ་བ་སོགས་ཀྱི་དོན་སྟེ③། ཡུལ་ཅན་གྱིས་ཡུལ་དང་པོར་འཇལ་བར་སླུ་བ་མེད་པའི་དོན་སྟོན་བྱེད་ཀྱི་མིང་ལ་བོད་སྐད་དུ་ཚད་མ་ཞེས་གཞལ་བྱའི་དོན་ཀུན་ཇི་ལྟ་བར་འཇལ་བར་བྱེད་པའི་ཚད་གཞི་མ་ནོར་བ་སྟེ་བྲེ་ཚད་ལྟ་བུ་ཡིན་པས་ན་དེ་ལྟ་བུའི་རྗེས་གྲུབ་ཀྱི་མིང་བཏགས་པ་ཡིན། ཚད་མའི་མཚན་ཉིད་དཔལ་ཆོས་ཀྱི་གྲགས་པས་རྣམ་འགྲེལ་ལེའུ་གཉིས་པར། ཚད་མ་སླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །ཞེས་སོགས་གསུངས་པ་ལྟར་སླུ་བ་མེད་པ་ཅན་གྱི་ཤེས་པ་སྟེ། དེ་ལ་ཁ་ཅིག་གིས་ཕྱོགས་གླང་གི་གཞུང་འགའ་ཞིག་ཏུ་མ་ཤེས་དོན་གསལ་ཞེས་གསུངས་པ་དང་འགལ་བར་དོགས་ནས་དང་པོའམ་གསར་དུ་ཤེས་པའི་དོན་སྟོན་བྱེད་མཚན་ཉིད་ཀྱི་ཟུར་དུ་སྨོས་ཏེ་གསར་དུ་མི་སླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་བརྗོད། གངས་ཅན་ལྗོངས་འདིར་ཚད་མའི་རིག་གཞུང་སྨྲ་བ་ལ་སྤོབས་པ་ཟད་མི་ཤེས་པའི་གཏེར་རྒྱ་གྲོལ་བའི་མཁས་པ་མང་ཆེ་བས་རྣམ་འགྲེལ་གཞུང་གི་ཚད་མ་སླུ་མེད་ཅན་ཤེས་པ་ཞེས་པས་ཚད་མའི་མཚན་ཉིད་ཆ་ཚང་བ་བསྟན་པ་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་ཞེས་པས་ཚད་མ་ཡིན་ན་རང་གི་གཞལ་བྱ་སྔར་མ་ཤེས་པ་གསར་དུ་ཤེས་པའི་ནུས་པ་དང་ལྡན་པ་བསྟན་ཅེས་གསུངས་ཡོད་དེ། མཚན་ཉིད་དེ་ལྟ་བུ་གཏན་ལ་ཕབ་པ་ལ་གོ་རམས་པ་བསོད་ནམས་སེང་གེ་སོགས་ཀྱིས་མི་སླུ་བ་དེ་ཡང་ལས་གང་ལ་མི་སླུ་ན་འཇུག་ལྡོག་གི་ཡུལ་ལ་མི་སླུ། བྱེད་པ་པོ་གང་མི་སླུ་ན་ཤེས་པ་ཚད་མས་དོན་ཇི་ལྟར་གནས་པ་ལྟར་འཇལ་བའི་བློ་དེ་མི་སླུ། བྱ་བ་ཇི་ལྟར་མི་སླུ་ན་རང་མཚན་ཡོད་པས་འཇུག་ན་དོན་བྱེད་ནུས་པར་གནས་པ་ནི་མི་སླུ། རང་མཚན་མེད་པས་ལྡོག་ན་དོན་བྱེད་ནུས་པས་སྟོང་པ་ནི་མི་སླུ་བའི་ཕྱིར་ཁྱད་པར་གསུམ་ལྡན་ཡིན་པར་འདོད④།
ཚད་མ་ཞེས་བོད་ཀྱི་རིག་གཞུང་སྨྲ་བ་པོ་མང་ཆེ་བའི་ཁ་ལ་བྱང་བ་འདི་ཉིད་ཡུལ་དང་ཡུལ་ཅན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་རང་གི་ངོ་བོ་ཇི་ལྟ་བ་བཞིན་གནས་པ་ཉིད་འཁྲུལ་བ་མེད་པར་རྟོགས་པའི་ཐབས་རྨད་དུ་བྱུང་བ་ཞིག་སྟེ། ཡུལ་ཅན་ཤེས་པ་སླུ་བ་མེད་པ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་མྱོང་སྟོབས་དང་རྒྱུ་མཚན་ཡང་དག་གང་རུང་ལ་བརྟེན་ནས་འབྱུང་གི་ཡོད་པ་ཚད་མ་དེ་གཉིས་ཀྱི་མཚན་ཉིད་ཤེས་པས་རྟོགས་པ་དང་། དེས་དོན་ལ་མི་གནས་པའམ་དོན་དང་མི་མཐུན་པའི་རྣམ་རྟོག་ཀུན་འཇོམས་པར་བྱེད་ལ་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་མ་ནོར་བ་མཐོང་བའི་རིག་པ་ཡང་དག་པ་སྟེར་བཞིན་ཡོད། རིག་པ་དེ་དོན་དམ་པར་འགྲོ་བ་མིའི་རིགས་ཀྱི་རྨད་བྱུང་ཤེས་རབ་མཐའ་དག་གི་འབྱུང་ཁུངས་ཉག་གཅིག་དུ་གྱུར་པས་འཛམ་གླིང་ཤར་ནུབ་ཀྱི་དུས་གསུམ་ལ་བྱོན་ཟིན་པའི་མཁས་པ། འབྱོན་པ་འགྱུར་བའི་མཁས་པ། ད་ལྟར་ཞལ་བཞུགས་པའི་མཁས་པ་ཀུན་འགྲམ་ཆུ་མི་ལྡང་ཐབས་མེད་ཡིན། ཤེས་བྱ་ཡུལ་གྱི་རྣམ་བཞག་གི་ཆ་ནས་ཐོག་མར་ཡོད་མེད་གཉིས་ཀྱི་ཚད་གཞི་གཏན་ལ་ཕབ་ནས་བློ་ཚད་མས་གཞལ་བྱ་རུ་གྲུབ་ན་ཡོད་པ་དང་། བློ་ཚད་མས་གཞལ་བྱ་རུ་མ་གྲུབ་ན་མེད་པ་ཉིད་དུ་ཐག་བཅད་ཡོད། དེ་ནས་ཡོད་པ་ལའང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ཆོས་དང་རྒྱུ་རྐྱེན་གྱིས་འདུས་བྱས་པའི་ཆོས་གཉིས་སུ་ཕྱེས། རྒྱུ་རྐྱེན་གྱིས་འདུས་བྱས་པའི་ཆོས་ལའང་གཟུགས་ཅན་གྱི་བེམ་པོ་དང་། གཟུགས་མེད་ཀྱི་ཤེས་པ། བེམ་ཤེས་གཉིས་གང་ཡང་མིན་པའི་ལྡན་མིན་འདུ་བྱེད་བཅས་གསུམ་དུ་ཕྱེས་པ་སོགས་སྟེ་ཤེས་བྱ་ཐམས་ཅད་སླུ་བ་མེད་པ་འཇལ་བའི་རྣམ་བཞག་ཞིབ་ཅིང་རྒྱ་ཆེ་བར་མཛད་ནས་ཚད་མ་ཞེས་པའི་ཐ་སྙད་འདིའི་ནང་དོན་དང་ནང་དོན་དེ་དང་མཚུངས་པའི་རིག་གཞུང་ཡིད་བཞིན་ནོར་བུའི་བང་མཛོད་ལྟ་བུ་འདི་ཉིད་གཏན་ལ་ཕབ་ཡོད།
རྒྱ་གར་སྐད་ཀྱི་ཏར་ཀ་ཞེས་བྱ་བར་བོད་སྐད་དུ་སྐབས་འགར་ཚད་མ་ལ་གོ་བ་ཡོད་མོད་ཡོངས་གྲགས་སུ་རྟོག་གེ་ཞེས་བསྒྱུར་གྱི་ཡོད། རྟོག་གེ་ཞེས་པའི་ཐ་སྙད་འདི་བརྟགས་ཤིང་དཔྱད་པའི་ལམ་ནས་གསང་བ་ལྐོག་གྱུར་གྱི་དོན་རྣམས་རྟོགས་ཐབས་བྱ་བ་ལ་གོ་དགོས།
གསུམ། ཚད་མའི་རིག་གཞུང་སློབ་པའི་དགོས་པ།
ཚད་མ་སློབ་པའི་དགོས་པ་ནི་མ་རྟོགས་ལོག་རྟོག་ཕྱོགས་རྟོགས་གསུམ་གང་རུང་གི་རྗེས་སུ་འབྲངས་པའི་ལོག་པར་སྨྲ་བ་རྣམས་ཚར་གཅོད་པའི་ཆེད་དུ་ཡིན་པ་བཤད་དེ། བོད་ཀྱི་རིག་གནས་ཆེ་བ་ལྔ་ངོ་སྤྲོད་པའི་སྐབས་ཀུན་ཏུ་གཞན་དག་རྗེས་སུ་འཛིན་པའི་ཕྱིར་དུ་བཟོ་དང་གསོ་བ་རིག་པ་སློབ། ལོག་སྨྲ་ཚར་གཅོད་པའི་ཕྱིར་དུ་སྒྲ་དང་ཚད་མ་རིག་པ་སློབ། རང་ཉིད་ཀུན་ཤེས་བྱ་ཕྱིར་ནང་དོན་རིག་པ་སློབ་ཅེས་ལན་གཅིག་མིན་པར་ཡང་ཡང་བཤད་པའི་ལུགས་སྲོལ་ཡོད་པ་དེས་ཀྱང་དེ་ལྟ་བུའི་གོ་བ་ཞིག་སྟེར་བཞིན་ཡོད། འདིར་དངོས་པོར་ལོག་སྨྲ་ཚར་གཅོད་པའི་སྐབས་སུ་སྒྲ་རིག་པས་ཚིག་ལོག་པར་སྨྲ་བ་རྣམས་གཙོ་བོར་ཚར་གཅོད་པ་དང་ཚད་མ་རིག་པས་དོན་ལོག་པར་སྨྲ་བ་རྣམས་གཙོ་བོར་ཚར་གཅོད་བཞིན་ཡོད་ལ། དེ་ཡང་ཚར་གཅོད་པ་ཙམ་གྱིས་མི་ཆོག་པར་ཚིག་ཡང་དག་པ་དང་དོན་མ་ནོར་བའི་རང་ཞལ་གསལ་པོར་མངོན་ཐུབ་པར་བྱ་དགོས་པ་ཡིན། རྒྱུ་མཚན་དེ་ཉིད་ཀྱི་དབང་གིས་སྔོན་གྱི་ཚད་མའི་རིག་གཞུང་སྨྲ་བའི་དེད་དཔོན་ཆེན་པོ་རྣམས་ཀྱིས་ཚད་མའི་བསྟན་བཅོས་ནི་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་བྱེད་ཡིན་ཞེས་གསུངས་པ་དང་། དེ་བཞིན་ཚད་མ་སློབ་པའི་དགོས་པ་ཡང་མཐར་གཏུགས་ནས་བཤད་ན་དོན་དང་དོན་མ་ཡིན་པ་ལེགས་པར་དབྱེ་བ་འབྱེད་ཕྱིར་ཡིན་པ་ཐག་བཅད་ཡོད།
ད་ལྟར་བསྡུས་གྲྭ་སློབ་གཉེར་གནང་མཁན་དང་ཁ་དོག་དཀར་དམར་སོགས་རྩོད་ནས་དུས་འདའ་བའི་རྟོག་གེ་པ་ཁ་ཅིག་གིས་ཚད་མ་སློབ་པ་ནི་རྟགས་གསལ་གཏོང་བའི་རིགས་འཕྲུལ་ཙམ་ལ་བློ་སྦྱོང་བའི་ཆེད་དུ་ཡིན་སྙམ་པ་དང་། ལོག་སྨྲ་ཚར་གཅོད་ཅེས་པའང་རང་དང་འདུ་ཤེས་མི་གཅིག་པའི་ཕ་རོལ་པོ་རྣམས་ཕམ་པར་བྱ་བའམ་རང་གི་བློ་ལ་མི་ཤོང་བའི་གཞན་གྱི་ལྟ་བ་ཐམས་ཅད་ལ་དགག་པ་རྒྱོབ་རྐྱང་བྱེད་པ་ཙམ་ལ་གོ་བ་ལེན་བཞིན་ཡོད་མོད། དེ་ལྟ་བུའི་རྩོད་པ་ལྷུར་ལེན་གྱི་ཚད་མའམ་རྟོག་གེའི་རིག་གཞུང་ནི་སྔོན་རྒྱ་གར་གྱི་རིགས་པ་ཅན་པ་སོགས་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་སྨྲ་བ་མང་པོའི་ཁྲོད་དུ་ཡང་ཡོད་པས་ངོ་མཚར་རྒྱུ་མེད་དེ། དེ་ཙམ་ལ་ཚད་མ་རིག་པ་ཞེས་རིག་གཞུང་ཆེན་པོའི་གྲལ་དུ་བཞག་པ་དང་དཀའ་ཚེགས་ཆེན་པོས་སློབ་གཉེར་བྱ་བའི་དགོས་པའང་མི་ཆེ་བ་ཡིན། དེ་ལྟ་བུའི་རིགས་ལ་ཇོ་བོ་རྗེའི་གསུང་དུ་ཡང་། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་ཕྱིར་ཡིན། །ཞེས་གསུངས་ཡོད།
ང་ཚོས་ཚད་མ་སློབ་པའི་དགོས་པའམ་དམིགས་ཡུལ་གཙོ་བོ་ནི་ཡུལ་དང་ཡུལ་ཅན་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཀྱི་གཞིའི་གནས་ལུགས་མ་ནོར་བ་རྟོགས་པ་དང་། གཞི་དེ་ཉིད་ཇི་ལྟ་བར་གྲུབ་པའི་ཚུལ་ལ་མི་རྨོངས་པར་བྱ་རྒྱུ་དེ་ཡིན་ཏེ། དེ་ནི་ད་ལྟའི་འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མིའི་རིགས་ཀྱི་རིག་གཞུང་མཐའ་དག་གིས་བརྟག་ཞིབ་བྱ་ཡུལ་གྱི་དམིགས་འབེན་ཉག་ཅིག་ཏུ་གྱུར་ཡོད། ནང་པའི་ཚད་མ་རིག་པའམ་བོད་ཀྱི་ཚད་མ་རིག་པ་འདི་ཉིད་དེ་ལྟ་བུའི་དམིགས་འབེན་ལ་ཐོག་མ་ཉིད་ནས་ཁ་ཕྱོགས་ཡོད་པའི་དབང་གིས་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་ལས་བཏུས་པ་ནང་དུ་ཁོང་གི་ཚད་མའི་བསྟན་བཅོས་འདི་ཚད་མར་གྱུར་པའི་སྟོན་པ་ཚད་མས་གྲུབ་པའི་སྐྱེས་བུ་ཉིད་དུ་བསྒྲུབ་པའི་ཕྱིར་བརྩམས་པ་ཡིན་ཞེས་བརྗོད་པ་དང་། སློབ་དཔོན་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ནང་དུའང་རང་དོན་རྗེས་དཔག་ཐོག་མར་བཤད་དགོས་པའི་རྒྱུ་མཚན་ལ་ཕན་པ་ཡང་དག་པའི་དོན་དང་མི་ཕན་པ་ཕྱིན་ཅི་ལོག་གི་དོན་ཏེ་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པའི་ཕྱིར་སོགས་གསུངས་བ་དང་། ཚད་མ་བསླུ་མེད་ཅན་གྱི་ཤེས་པ་ཉིད་འཇིག་རྟེན་འདི་དང་འཇིག་རྟེན་འདི་ལས་འདས་པའི་མ་ཤེས་པའི་དོན་ཀུན་གྱི་གཞིའི་གནས་ལུགས་དང་གྲུབ་ལུགས་རྣམས་གསལ་བར་བྱེད་པའི་དངོས་སྟོབས་ཀྱི་རིགས་པ་ཡང་དག་པ་ཡིན་པ་བསྟན་ཡོད། དེ་བཞིན་གངས་རིའི་ལྗོངས་ཀྱི་གཏན་ཚིགས་རིག་པའི་ཁྱུ་མཆོག་གསེར་རིའི་ཕྲེང་བ་རྣམས་ཀྱིས་ཀྱང་ཚད་མའི་བསྟན་བཅོས་རྩོམ་པའི་སྐབས་སུ་ཤེས་བྱ་ཡུལ་གྱི་རྣམ་བཞག་དང་ཡུལ་ཅན་བློའི་རྣམ་བཞག བློ་ཡུལ་ལ་བསླུ་བ་མེད་པ་འཇུག་པའི་ཐབས་སོགས་བརྗོད་བྱ་གཙོ་བོར་བཞག་ནས་ཕྲ་ཞིབ་རིགས་པས་གཏན་ལ་ཕབ་བཞིན་ཡོད། ཀུན་གྱི་སྣང་ངོར་བསྡུས་གྲྭ་པ་རྣམས་ཀྱིས་རྟགས་གསལ་གཏོང་སྟེ་ཁ་དོག་དཀར་དམར་རྩོད་པ་དང་ཡིན་ལོག་མིན་ལོག་གི་རིགས་འཕྲུལ་བཀོད་པ་སོགས་ནི་རིགས་པ་ལ་བྱང་ཆ་ཐོབ་བྱེད་ཙམ་ཡིན་པ་ཤེས་དགོས།
འཇིག་རྟེན་འདིའི་རིག་གཞུང་མང་ཆེ་བ་ཕྱི་ནང་གི་གཞལ་བྱ་ཀུན་གྱི་དོན་དམ་པའི་བདེན་པ་འཚོལ་བྱེད་ཀྱི་ལག་ཆ་རུ་གྱུར་ཡོད། ད་ལྟར་འཛམ་གླིང་རྐང་གཉིས་སེམས་ཅན་ཀུན་གྱིས་ཧོབ་ཐོབ་བྱ་བའི་ཚན་རིག་ཀྱང་དེ་ལས་འདས་མེད། ས་ཡི་གོ་ལ་འདིའི་ཐོག་གི་འགྲོ་བ་མི་རྣམས་ཐོག་མར་བྱུང་བའི་དུས་ནི་མི་ལོ་ས་ཡ་འགའི་གོང་ལ་ཐུག་པ་བཤད་མོད། མི་ཡི་ཤེས་རབ་ལས་འཁྲུངས་པའི་རིག་གཞུང་དར་བའི་ལོ་རྒྱུས་ནི་མི་ལོ་ལྔ་སྟོང་ལྷག་ཙམ་ལས་སོང་མེད། རིག་གཞུང་དེ་དག་གི་ཁྲོད་ན་ཤེས་བྱ་ཡུལ་དང་ཡུལ་ཅན་ཀུན་ལ་རྒྱུ་མཚན་ཡང་དག་སླུ་མེད་ཀྱི་རིགས་པའི་ལམ་ནས་ལེགས་པར་དཔྱད་ཐུབ་པ་ཉི་མོའི་སྐར་མ་ལྟར་ཤིན་ཏུ་ནས་ཀྱང་ཉུང་། ནང་པའི་ཚད་མ་རིག་པ་དང་། ཀེ་རེ་སིའི་གཏན་ཚིགས་རིགས་པ། དུས་ཕྱིས་ཀྱི་ཚན་རིག་སོགས་ནི་དེ་ལྟ་བུ་སྲིད་ན་དཀོན་ལ་མཆོག་ཏུ་གྱུར་པའི་རིག་གཞུང་ཁྱད་དུ་འཕགས་པ་འགྲོ་བ་མིའི་རིགས་མདུན་ནས་མདུན་དུ་བསྐྱོད་པ་ལ་མེད་ཐབས་བྲལ་བའི་ཡིད་བཞིན་ནོར་བུ་ལྟ་བུ་ཡིན།