ས་མཐའི་འཚོ་བའི་ཀློང་ནས་ཕ་མ་དྲན།

འབྲོམ་བུ་བློ་བཟང་དཔལ་ལྡན། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-18


གངས་རིའི་གཟི་བྱིན། དཀོན་རྡོར་གྱིས་པར་བླངས།

ལས་དབང་གིས་ཁ་ལོ་བསྒྱུར་བའི་རྣམ་ཤེས་ཕྲ་མོ་ཞིག ཡ་ང་བའི་འཇིག་རྟེན་གང་མང་ཞིག་གི་རྐང་ལམ་བརྒྱུད་བརྒྱུད་པའི་མཐར། སྨོན་ལམ་དང་སྐྱབས་འཇུག་གང་ཞིག་གི་སྟོབས་ཀྱིས་ངའི་བྱམས་ལྡན་ཨ་མའི་ཕང་བ་རུ་གཉོམ་ཆུང་ཆུང་གིས་བབས། དེ་ནི་ངའི་ཚེ་སྲོག་གི་སྐྱེ་བ་ཐོག་མ་དེ་ཡིན།

ཚེ་རབས་སྔོན་མའི་བསགས་འབྲས་དེ་ལེགས་ཙམ་ཡོད་པས། དེའི་དུས་ཀྱི་ངའི་བྱིས་པའི་ལང་ཚོ་སྙིང་དུ་སྡུག་ལ། རྣམ་རིག་རྒོད་པོ་ཡང་ཡ་མཚན་པོ་ཞིག་ཡོད་སྐད་འདུག གང་ལྟར་བྱམས་ལྡན་ཨ་མའི་གཅེས་ལོ་དང་བརྩེ་ལྡན་་ཕ་ལོའི་སྙིང་ལོ་བྱས་ནས་ནར་སོན་པའི་ངའི་བྱིས་དུས་ཀྱི་ལོ་ཟླ་ནི་ཅི་འདྲའི་བདེ་ཞིང་སྐྱིད་ཨང་། བྱིས་པའི་རྩེད་ར་དང་ཆུང་གྲོགས་མང་པོོའི་འཇིག་རྟེན་ནས་ས་མཆོངས་གནམ་ལྡིང་གིས་ཡོད་དུས་ངའི་དྲིན་ཆེན་ཕ་ལོ་ངའི་སྐུ་སྲུང་བ་ཡིན་ལ། བྱམས་ལྡན་མ་ལོ་ནི་ངའི་རྫི་བོ་ཡག་ཤོས་དེ་ཡིན། དེའི་དུས་ཀྱི་རང་གཤིས་རྒོད་པོའི་བུ་ཆུང་ང་ལ་རྒྱལ་སྲས་ཆུང་ཆུང་ཞིག་གི་རྒྱལ་འཁོར་ཡོད།

ས་སྟེང་གསེར་གྱི་རི་བོ་བརྩིགས་ཀྱང་མཚོན་ཐབས་མེད་པ་ནི་ངའི་དྲིན་ཆེན་ཕ་མའི་བརྩེ་སེམས་ཡིན། གསེར་གྱི་རི་བོ་སྲང་ལ་བཅལ་ཀྱང་ཁུག་ཐབས་མེད་པ་ནི་བྱམས་ལྡན་ཕ་མའི་སྐུ་དྲིན་ཡིན།

བུ་ང་ས་སྒང་འདིའི་མགྲོན་པོར་སླེབས་ནས་ལོ་འཁོར་བཅུ་དྲུག་འཁོར་བའི་རྡོག་ལམ་ལ་ཕྱིར་མིག་ལྟ་དུས། ཕ་མའི་བརྩེ་སེམས་ནི་རིན་ཆེན་གསེར་ལས་གྲུབ་པའི་ས་ཆེན་ཞིག་སྟེ། བུ་ངའི་ཆེེད་དུ་ཡོད་ཚད་ཁུར་ཞིང་བཟོད་ཐུབ་པའི་ས་ཆེན་ཞིག་ཡིན། ཕ་མའི་སྐུ་དྲིན་ནི་མུ་མེད་ཀྱི་རྩྭ་ཐང་ཞིག་སྟེ། བུ་ངའི་དོན་དུ་གུ་ཡངས་མཐའ་མེད་དུ་བསྐྱེད་པའི་རྩྭ་ཐང་ཞིག་ཡིན། ཕ་མའི་བརྩེ་བ་ནི་བཞུར་རྒྱུན་རིང་བའི་ཆུ་བོ་ཞིག་སྟེ། བུ་ངའི་ཆེད་དུ་དྭངས་གཙང་གིས་བཞུར་བཞིན་པའི་གཙང་པོ་ལྷད་མེད་ཅིག་ཡིན།

སྨུག་སྤྲིན་ལང་ལོང་འཕྱུར་བའི་རི་རྩེ་ནས་གསེར་མདོག་གི་ཉི་མ་རྒྱང་ལ་འགྲོ་དུས་བྱམས་ལྡན་ཕ་མའི་བརྩེ་བའི་མཛེས་ཞལ་དེ་ཡིད་ལ་ལྷུང་། སྟོན་རླུང་དལ་བུར་ལྡང་བའི་ནམ་ཟླའི་ཁྲོད་ནས་སྡོང་ལོ་སེར་པོ་དྲི་གཞོན་རླུང་གིས་བསྐྱོད་དུས་ཕྱུགས་ལྷས་ཀྱི་དཀྱིལ་ན་ལྭ་འདབས་རྡུལ་གྱིས་ཟོས་པའི་ཕ་མའི་སྐུ་ཚེགས་ཡིད་ལ་དྲན། ཁ་བ་ལྷབ་ལྷུབ་འཕུར་བའི་དགུན་གྱི་བ་མོས་རི་ལུང་ཁྱོན་ཀུན་གཡོགས་ཏེ་སྒེའུ་ཁུང་ངོས་སུ་འཁྱགས་བྲིས་ཀྱི་རི་མོ་མཐོང་ཚེ་དྲོད་ཁོལ་གྱིས་ཕྱུག་པའི་དྲིན་ཆེན་ཕ་མའི་སྐུ་དྲིན་ཡིད་ལ་འཁོར། དེ་ནི་ས་མཐའི་འཚོ་བའི་ཀློང་གི་བུ་ཆུང་ངས་ཕ་མ་དྲན་སྟངས་ཡིན། ། 



རྩོམ་ཡིག་སྔོན་མ།
མཚན་མོའི་ཕྱི་ནང།
རྩོམ་ཡིག་རྗེས་མ།
ཕ་ཡུལ་གངས་ལྗོངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1