མཚན་མོའི་ཕྱི་ནང།

དགའ · བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-18


རྩྭ་ཐང་གི་མཚན་ལྗོངས། ནིའུ་ལིན་ལུང་གིས་པར་བླངས།
草原之夜 图 / 吕玲珑


དཀར་ནག་གི་རྡེའུ་གཉིས་ས་ལ་འཐོར་བས།

ངུ་སྐད་ཅིག་རྫ་སྒང་ནས་གངས་རི་ལ་ཁྱབ།

སླར་ཡང་། མི་སེམས་སུ་འཁོར་བའི་གཙང་པོ་དེར།

ཀོ་གྲུ་ཆུང་ཆུང་ཞིག་ལྟེམས་ལྟེམས་གཡོ།

རྨི་ལམ་རིང་མོ་ཞིག་ལྷེམ་ལྷེམ་འགུལ།

མཆོད་ཁང་གི་ཕུགས་སུ་བཞེངས་པའི་སྙིང་གི་ཀ་བ་དེ།

----- ཐོག་མའི་རོལ་དབྱངས།

ཨི།

ཡོལ་བ་ནག་པོའི་རོལ་དབྱངས་དེར་ཉན་བཞིན།

ཞག་གང་པོར་རྨི་ལམ་གྱི་ཁ་དོག་རུམ།

འགྲུལ་བཞུད་ཀྱི་ལམ་ཐག་དེ་ཞགས་པ་རིང་མོ་ཞིག་ཡིན་ཚེ།

རྡོག་སྒྲ་དང་རོལ་དབྱངས་ལ་འཐིམ་པའི་ང་རོ་དེས།

མི་ཚེ་གཅིག་གངས་དཀར་གྱི་འདབ་མ་ལ་བཅོལ།

རེ་བ་གཅིག་མཚན་གཞུང་གི་བང་རིམ་ལ་བསྐུར།

སེམས་ཚེགས་ལ་ལྷན་པ་སྦྱར་ནས་འཕག་འཚག་བྱེད་དུས།

གླག་རྒོད་ཀྱི་གཤོག་ཟུང་སེམས་ངོགས་སུ་བྲད་ནས།

དྲན་སྐུལ་གྱི་ཅོང་བརྡ་ཡང་ཡང་གཏོང་གི་འདུག

མཐའ་མཇུག་གི་རེ་སྨོན་ལ་གཡབ་མོ་གཏོང་གི་འདུག

སྒེའུ་ཁུང་གི་དྲ་མའི་བར་ན་སྦྲང་མ་དམར་པོོ་དེས།

ས་རྡུལ་དང་མུན་པ་འཐུང་ནས་མི་ལོ་དུ་མར་འདས།

གློག་སྒྲོན་གྱི་དྲན་ཤིང་ན་འབྱར་བའི་ཕྱེ་ལེབ་སེར་པོོ་དེས།

སོ་སྒྲ་དང་འགྲམ་ཆུ་གཏོར་ནས་མི་ལོ་དུ་མར་འདས།

མགོ་ཐོག་གི་སྐར་ཚོགས་ས་ལ་བཀྲ་བ་དེ།

སེམས་པ་ཐང་ལ་བརྡལ་ནས་སེམས་ཉིད་འབྲི་བ་དང་འདྲ།

ཡང་ན། ཆུང་དུས་ཀྱི་རྨི་ལམ་ཡོད་ཚད་བསྐྱར་དུ་སྒྲིག་ནས།

སླར་ཡང་། འཚོ་བ་དང་རྨི་ལམ་ཞེས་པའི་ཡོལ་བ་དེ།

ག་ལེར་ག་ལེར་མཚན་ལྗོངས་སུ་འཐེན་དགོས་འདུག

འཚོ་བ་ནི་སུས་ཀྱང་བྲིས་ཆོག་པའི་རིས་དབྱིབས་ཤིག

རྨི་ལམ་ནི་སུས་ཀྱང་བཙལ་ཆོག་པའི་ལམ་བུ་རིང་མོ་ཞིག

གངས་རིའི་ཕ་རོལ་ན་ཀོ་གྲུ་ཆུང་ཆུང་བཟོ་བཞིན་པའི།

རྐང་ཐང་པས་འཚོ་བ་དང་རྨི་ལམ་སེམས་སུ་བསྲེས་ནས།

དགུན་རླུང་གི་ཧྲག་སྒྲའི་ཁྲོད་ན་བྲེལ་འཚུབ་ཀྱིས་འདུར།

ཨུ།

རྐང་ལམ་ཕྲ་མོ་དེ་དེད་ནས་ཕར་ལ་སོང་ན།

གླིང་ཕྲན་ལྗང་གུ་ཞིག་མིག་ལ་འཛུལ་ཡོང་།

ད་དུང་། མིག་ཟུང་གི་འོད་སྣང་གིས་མུན་པ་ཟ་བའི།

དཔྱིད་གསུམ་གྱི་ཤ་དྲོད་ཁྱེར་བའི་ཁུ་བྱུག་གི་བརྩེ་བ།

ཤ་གསེང་གི་རུས་ལ་ཟུག་ནས།

ཕྱིར་དྲན་གྱི་མེ་ལོང་ས་ལ་གཡུག་ཐབས་མ་བྱུང་།

ཨེ།

ས་སྲོད་ཀྱི་རྨི་ལམ་རུམ་པའི་ང་རང་།

དགོང་ཁའི་མཚམས་སྤྲིན་གྱི་མེ་ཏོག་ལ་འཁྲེང་ནས།

གཡང་གི་ལུག་ཁྱུ་དང་སེམས་ཀྱི་རྟ་ཕོ་འཚོས་ནས།

འོད་ཀྱི་ཨ་མའི་རུམ་གཞོང་ན་གཡེང་ཡོད།

རྨ་འབྲི་རྫ་གསུམ་གྱི་བཞུར་སྒྲ་སེམས་སུ་བསྐྱིལ་ཡོད།

སྐར་མདའ་རིང་མོ་ཞིག་ཐོལ་གྱིས་བྲོས།

ལུག་ཁྱུ་དཀར་པོ་དེ་ཡང་རླུང་གི་ཞགས་པས་གཏོར།

ཡིད་ལ་བརྣག་པ་དེ་ཡིད་དུ་འཚང་ནས།

ཁ་དོག་དང་དབྱར་དགུན་གླེང་བཞིན་འདུག

ཐག་རིང་གི་རྨི་ལམ་དང་ཉི་ངོགས་ཀྱི་སྤྲིན་པ།

ག་ལེར་ཕ་གིའི་ཉག་ག་དེད་ནས་བཞུད།

དུས་དེར། སྤྲིན་ནག་གིས་གསང་ཐབས་བྲལ་བ་དེ།

ཁ་བཏགས་ཡུག་གཅིག་གི་ཁུགས་སུ་བསྟིམས་ནས།

མཚན་མོ་ཞེས་པའི་རོལ་ཆ་དེ་ཡང་ཡང་འཁྲོལ་དགོས་བྱུང་།

ཨོ།

ཆུང་དུས་སུ་མིང་ལ་ཤེལ་དཀར་སྒྲོལ་མ་ཟེར་བ་དེ་གོ་མྱངས།

དེ་དུས། བྱིས་པ་གཅིག་གི་འདུན་མ་རྩེད་འཇོ་ལ་འཁོར་བས།

ཤེལ་དཀར་སྒྲོལ་མ་དེ་གངས་དཀར་སྒྲོལ་མ་རུ་མ་འདོད།

ཧི་མ་ལ་ཡའི་གངས་རྩེ་ནས་སེམས་ཀྱི་མེ་ཏོག་མཁའ་ལ་གཏོར།

མེ་ཏོག་གི་འདབ་མ་རེ་རེ་འཇའ་ཚོན་གྱིས་སྤྲས་ནས།

བར་སྣང་ན་ལུས་པའི་ཡིད་ཀྱི་སྨུག་པ་དག

ཆར་རྗེས་ཀྱི་སྤང་ཐང་གི་དྲི་ངད།

ཁ་བའི་འདབ་མ་བཞིན་རེ་རེ་འཇོ་བ་དེ།

གངས་དཀར་གྱི་འདབ་མ་ཉིད་སེམས་སུ་སྦྱར་བ་ལྟར།

ཡིད་ཆེས་དང་རེ་བ་སྦྲུམ་པའི་ཉིན་མོ་གསར་པ་ཞིག་དྲན་ཡོང་།

མིག་གི་རྒྱལ་མོ་ལ་ཁྱེའུ་དཀར་པོོ་ཞིག་སྣང་བས།

མདུན་ལྗོངས་ཀྱི་ལམ་ཁ་ནི་མཐོ་བའི་གངས།

ཡིད་སེམས་ཀྱི་ཞིང་ཁམས་ནི་ཡངས་པའི་ཐང་།

གཏམ་རྒྱུད་ཀྱི་བཞུར་རྒྱུན་ནི་གཙང་པོའི་ཆུ།

ད་དུང་། འཛུམ་ཞིང་གྲོལ་བའི་དབྱངས་ཀྱི་ང་རོ་དེས།

གངས་ཀྱི་འདབ་མར་ཡིག་རིས་གསར་པ་ཕབ་འདོད།

རེ་བའི་མིག་ཟུང་གི་འོད་སྣང་མཁའ་ལ་སྤྲས་ནས།

མཁའ་དབྱིངས་ལ་ཉི་གཞོན་གསར་པའི་ཟེགས་མ་འཕྱུར། ། 


རྩོམ་ཡིག་སྔོན་མ།
འཚུབ་ཆ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1