( དེབ་གོང་མར་མཐུད། )
རང་བྱུང་རྡོ་རྗེ་ཀུན་དགའ་རྣམ་རྒྱལ་ཞབས། །
ཀརྨ་བསྟན་སྐྱོང་ཀརྨ་ཆགས་མེད་རྗེ། །
ཆོས་ཀྱི་འབྱུང་གནས་ཚེ་དབང་ཀུན་ཁྱབ་སོགས། །
གཅོད་ཡུལ་བསྟན་པ་སྤེལ་བའི་མཁས་གྲུབ་ཚོགས། །
① གཙང་ལ་སྟོད་དིང་རི་དགོན། རབ་བྱུང་གཉིས་པའི་ཤིང་གླང་སྤྱི་ལོ་1085ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱི་ཚ་བོ་རྩེ་ལྡེས་ཕ་དམ་པ་སངས་རྒྱས་བཞུགས་གནས་ཀྱི་ཆེད་དུ་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་དིང་རི་རྫོང་ཁོངས་སུ་ཡོད།
② ཟངས་རི་མཁར་དམར་དགོན། རབ་བྱུང་གཉིས་པའི་ལྕགས་ལུག་སྤྱི་ལོ་1091ལོར་མ་གཅིག་ལབ་སྒྲོན་གྱིས་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་ཟངས་རི་རྫོང་ཁོངས་སུ་ཡོད།
③ ཟུར་མང་རྣམ་རྒྱལ་རྩེ་དགོན། རབ་བྱུང་བདུན་པའི་ཆུ་ཡོས་སྤྱི་ལོ་1423ལོར་དྲུང་རྨ་སེར་རྟོག་ལྡན་གྱིས་ཕྱག་བཏབ། ད་ལྟ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་སུ་ཡོད།
④ གནས་མདོ་དགོན། རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྤྱི་ལོ་1646ལོར་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཁོངས་སུ་ཡོད།
⑤ སྐྱབས་ཆེ་དགོན། ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་ན་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་ཁོངས་སུ་ཡོད།
⑥ རྒྱུ་ནེ་དགོན། ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་ན་ཕྱག་བཏབ། ད་ལྟ་བོད་རང་སྐྱོང་ལྗོང་འཇོ་མདའ་རྫོང་ཁོངས་སུ་ཡོད།
ལྕེ་བཙུན་དང་ཞ་ལུ་དགོན་པ།
དྲུག་པ། ཞ་ལུ་བ། ལྕེ་བཙུན་ཤེས་རབ་འབྱུང་གནས་ལས་བརྒྱུད་པའི་གདམས་ངག་གི་ཆོས་སྐོར་རྣམས་ཏེ། འདི་ཉིད་དབུས་གཙང་མི་བཅུའི་ཡ་གྱལ་ལོ་སྟོན་གྱི་མཁན་བུ་ཡིན་ཞིང་། སྤྱི་ལོ་980པ་ལྕགས་འབྲུག་ལོར་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་གསེར་ཁང་ཕྱག་བཏབ་རྗེས། རྒྱ་གར་རྡོ་རྗེ་གདན་ལ་བྱོན་ནས་རྡོ་རྗེ་གདན་པ་ཆེན་པོ་སློབ་དཔོན་ཨ་བྷ་ཡ་ཀ་ར་ལས་སྡོམ་པ་བླངས་ཏེ་ཆོས་མང་དུ་ཞུས། སྤྱན་རས་གཟིགས་ཁ་སར་པ་ཎི་སྤྱན་དྲངས་པས་ཆུ་བོ་གངྒཱ་ལ་སྤྱན་མ་འདྲོངས། ལྕེ་བཙུན་གྱིས་མོན་པའི་མི་ཐ་མལ་བས་ཉིས་འགྱུར་གྱི་ཆེ་བ་ཞིག་ལ་གླ་ཆ་གྱ་ནོམ་པ་བྱིན་ནས་སྐུ་འདི་ཞ་ལུར་སྤྱན་དྲངས་ཏེ་ཞ་ལུའི་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ། ད་ལྟ་རང་བྱོན་གྱི་སྐུ་རྒྱབ་ན་བཞུགས། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་དུ། སྐབས་དེར་ཞ་ལུ་པ་ལ་ཀ་བཞི་དང་། གདུང་མ་བརྒྱད། ལྕམ་བདུན་ཅུ་ཟེར་བ་སོགས་ཀྱི་ཆོས་སྡེ་བྱུང་ཡང་ཕྱིས་དར་ཁྱབ་ཆེན་པོ་བྱུང་མི་འདུག ཆེ་བ་བཞི་ལྡན་གྱི་ཞ་ལུ་པ་ཟེར་བའི་དོན་ནི། ལས་ཀ་བ་བཞི་ཡིན་པས་ཆེ། ཡོན་བདག་བཙད་པོ་ཡིན་པས་ཆེ། སྡོམ་པ་རྒྱ་གར་མ་ཡིན་པས་ཆེ། རུས་པ་ལྕེ་ཡིན་པས་ཆེ་ཞེས་ཟེར། ལྕེ་བཙུན་གྱིས་གདམས་ངག་རྣམས་ཁྱབ་གདལ་དུ་སྤེལ་བའི་སློབ་ཚོགས་མ་བྱུང་སྟབས། དགོན་པ་འདི་ཁོ་ན་ལས་ཡན་ལག་གཞན་མ་བྱུང་ཡང་། ཞ་ལུའི་གདམས་ངག་གི་ཕྲིན་ལས་རྣམས་དེང་གི་བར་དུ་མ་ཡལ་བར་བཞུགས་ཡོད། རབ་བྱུང་ལྔ་པའི་ལྕགས་སྤྲེལ་པའི་སྤྱི་ལོ་1320ལོར་ས་སྐྱའི་སྲིད་གཞུང་གིས་སྦྱིན་བདག་གནང་སྟེ་ཞ་ལུ་དགོན་པ་ཉམས་གསོ་བྱས། ཁྲོ་ཕུ་དགོན་ནས་བུ་སྟོན་རིན་པོ་གདན་དྲངས་ཏེ་ཞ་ལུའི་ཆོས་གྲྭ་བཙུགས། སྐབས་དེར་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་ཆེན་པོ་དགེ་འདུན་སྡེ་དང་བཅས་པ་གསར་སྐྲུན་མཛད། ད་ལྟ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེའི་རྫོང་ཁོངས་སུ་ཡོད།
ཤེས་རབ་ཡེ་ཤེས་ཁྱུང་པོ་གྲགས་སེང་དང་། །
དབུས་སྟོན་སེང་གེ་བུ་སྟོན་ཆོས་རྗེའི་ཞབས་། །
འཇམ་དབྱངས་གྲགས་རྒྱན་ཆོས་སྐྱོང་བཟང་པོ་སོགས། །
ཞ་ལུའི་བསྟན་པ་སྤེལ་བའི་མཁས་དབང་ཚོགས། །
ཞ་ལུ་དགོན། སྤྱི་ལོ་980པ་ལྕགས་འབྲུག་ལོར་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་གསེར་ཁང་ཕྱག་བཏབ། རབ་བྱུང་ལྔ་པའི་ལྕགས་སྤྲེལ་སྤྱི་ལོ་1320ལོར་ཉམས་གསོ་བྱས།
ལྕགས་བྱིར་སོག་དམག་བོད་དུ་སླེབས། །
ནུབ་ཕྱོགས་བལ་བོད་ས་མཚམས་ནས། །
ལྷོ་ཕྱོགས་མོན་ཡུལ་ཚུན་ཆད་ཀྱི། །
བོད་ཁམས་ཕལ་ཆེར་དབང་དུ་བསྡུས། །
ཤིང་འབྲུག་ས་པཎ་སོག་ཡུལ་ཕེབས། །
གོ་དན་དཔོན་གྱི་མཆོད་གནས་བཞུགས། །
ཆུ་གླང་སོག་རྒྱལ་ཁུ་པི་ལེས། །
འགྲོ་མགོན་འཕགས་པར་མཇལ་འཕྲད་གནང་། །
བོད་ཁམས་སིལ་བུའི་སྐབས་ཀྱི་ལེའུ་ལྔ་པའོ། །
སྤྱི་ལོ་དུས་རབས་བཅུ་གསུམ་པའི་དུས་འགོ་ནས་ཧོར་དམག་གིས་ཨེ་ཤ་ཡའི་གླིང་དཀྱིལ་དང༌། ཡོ་རོབ་ཤར་བརྒྱུད་བཅས་དབང་དུ་བསྡུས་པར་མ་ཟད། རབ་བྱུང་བཞི་པའི་མེ་ཕག་སྟེ་སྤྱི་ལོ་1227ལོར། ཇིང་གེར་ཧན་གྱིས་མི་ཉག་རྒྱལ་པོ་མངའ་འོག་བསྡུས་རྗེས། མི་ཉག་རྒྱལ་པོའི་བླ་མ་གཙང་པ་དུང་ཁུར་པ་དབང་ཕྱུག་བཀྲ་ཤིས་ལ་ཆོས་ཞུས་ཏེ་བོད་ས་གནས་ཀྱི་གྲྭ་པ་རྣམས་ཁྲལ་དང་དམག་ཁྲལ་རྒྱུག་མི་དགོས་པའི་བཀའ་ཤོག་ཟེར་བ་ཡོངས་བསྒྲགས་བྱས་ནས་ཆོས་བྱེད་དགེ་འདུན་པ་རྣམས་ལ་དམིགས་བསལ་དབང་ཆ་ཆེན་པོ་སྤྲད། བོད་དུ་སོག་དམག་བཏང་སྟེ་དཔུང་འཇུག་བྱེད་གྲབས་ཀྱི་སྐབས་སུ། ཐོག་མ་ས་སྐྱ་པ་དང་འབྲེལ་བ་བྱས། བོད་དབུས་གཙང་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུ་དང༌། ཆོས་དཔེ་མང་པོ་སོག་ཡུལ་དུ་ཁྱེར་ཏེ་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་བའི་འགོ་ཚུགས།
ཇིང་གི་རྒྱལ་པོ་སྐུ་གཤེགས་རྗེས་རྒྱལ་སྲས་རྣམས་ཀྱིས་མུ་མཐུད་དེ་སོག་ཡུལ་གྱི་ནུབ་ཕྱོགས་སུ་མངའ་ཁོངས་རྒྱ་བསྐྱེད། སོག་བཙན་རྒྱལ་གྱི་ཁོངས་སུ་རྒྱལ་ཕྲན་བཞི་བྱུང་བ་ནི། དང་པོ། རྒྱལ་སྲས་ཨོ་གོ་ཏའེ་རྒྱལ་སྲིད་སྐྱོང་བའི་མངའ་ཁོངས་ལ། ཨོ་ཏོ་ཏ་རྒྱལ་ཟེར། རྒྱ་སྐད་དུ། 【窝阔台汗国 1225年-1309年】 ཞེས་པ་འདི་བྱུང་། གཉིས་པ། སྲས་གཉིས་པ་ཆ་ག་ཏས་དེང་དུས་ཤིན་ཅང་ཧོར་ཁྲེན་ས་ཆ་དང་། ཨེ་ཤ་ཡའི་ཡུལ་དབུས་འདི་དག་དབང་བསྒྱུར་བྱས་པ་ལ། ཆ་ག་ཏ་རྒྱལ་ཟེར། རྒྱ་སྐད་དུ། 【察合台汗国 1227年-1369年】 འདི་ཡིན། གསུམ་པ། ཇིང་གི་རྒྱལ་པོའི་ཚ་བོ་བ་ཐུས་དབང་བསྒྱུར་བྱས་པའི་ཡུལ་ཁི་ཕུ་ཆག་རྒྱལ་ཞེས་པ་ནི་དེང་དུས་ཀྱི་ཧང་གྷ་རི་དང་། ཕོ་ལན། ཨུ་ཁེ་ལན། ཨུ་རུ་སུ་བཅས་དང་། ཡོ་རོབ་ཀྱི་ས་ཆ་འགའ་ཞིག་བཅས་ཡིན། རྒྱ་སྐད་དུ། 【钦察汗国 1219年-1502年】 འདི་ཡིན། བཞི་པ། ཇིང་གི་རྒྱལ་པོའི་སྲས་བཞི་པ་ཐོ་ལུའི་སྲས་ཧུ་ལ་གུས་དབང་སྒྱུར་བྱ་ཡུལ་ཨི་ལི་ཧན་ཐི་རྒྱལ་ཞེས་པ། སྐབས་དེར་ཀོ་ཅ་སུ་ཞེས་པ་དེང་དུས་དབྱི་རབ་ཁེ་དང་། ཨའེ་རོན་གྱི་ས་ཁོངས་འདི་དག་ཡིན། རྒྱ་སྐད་དུ། 【伊儿汗国 1256年-1388年】 བོད་ཡིག་ནང་དུ་འདི་ལ་སྟོད་ཧོར་ཟེར།
བོད་ཀྱི་རབ་བྱུང་བཞི་པའི་ས་ཕག་སྤྱི་ལོ་1239ལོར། བོད་ཀྱི་དཔོན་མགོ་སོ་སོས་མི་སྣ་མངགས་ཏེ་ས་སྐྱ་བས་ཨོ་གོ་ཏའི་རྒྱལ་པོ་དང་འབྲེལ་བ་བྱས། འབྲི་གུང་པས་མོང་ཁེ་དང་འབྲེལ། གཡའ་བཟང་དང་ཕག་གྲུ་གཉིས་ཧུ་ལ་གུ་དང་འབྲེལ། གུང་ཐང་པས་ཁུ་པི་ལེ་དང་འབྲེལ། ཀརྨ་པས་ཨ་རིག་བོ་དཀར་དང་འབྲེལ་བ་བཅས་སོ།
རབ་བྱུང་བཞི་པའི་ལྕགས་བྱི་སྤྱི་ལོ་1240ལོར་གོ་དན་གྱིས་བཏང་བའི་ཧོར་དོར་རྟ་ནག་པོའི་དམག་མདོ་སྨད་བརྒྱུད་ནས་དབུས་གཙང་དུ་འོངས་ཤིང༌། རང་འགུལ་གྱིས་མགོ་འདོགས་དང་སྣེ་ལེན་བྱས་པ་རྣམས་ལ་གནོད་འཚེ་མི་བྱེད་པར་སྔར་བཞིན་འགོ་དཔོན་རང་འཇགས་སུ་བཞག་པ་དང༌། འགོག་རྒོལ་བྱེད་མཁན་རིགས་ལ་དྲག་གནོན་བྱས་པས་ཕལ་ཆེར་གྱིས་མགོ་བཏགས་ཞུས་པས་བདེ་བླག་ངང་དབུས་སུ་སླེབས། སྐབས་དེར་འབྲི་གུང་པའི་ཉེ་གནས་སྒོམ་པ་ཤཱཀྱ་རིན་ཆེན་གྱིས་ཧོར་དམག་འགོག་གྲབས་བྱས་པས། ཧོར་དམག་གིས་བཟུང་སྟེ་གསད་ལ་ཉེ་བ་བྱུང༌། དུས་དེར་འབྲི་གུང་སྤྱན་སྔ་རིན་པོ་ཆེ་དུན་ཐང་དུ་ཕེབས་ནས་ཧོར་དམག་ལ་སྣེ་ལེན་གནང་ཞིང་ཆོས་ཀྱི་བཀའ་མོལ་མང་པོ་མཛད་པས་དམག་དཔོན་དོར་རྟ་ནག་པོས་ཁྱོད་བཟང་པོར་འདུག་ཟེར་ནས་ཕྱག་འཚལ། སྒོམ་པ་ཤཱཀྱ་རིན་ཆེན་ཡང་གློད་ནས་ཁོང་ལ་ཕྱིར་ཕུལ། དེ་ནས་བོད་ཤིང་སྒོ་ཅན་ཕལ་ཆེར་གྱིས་བབས་བླངས། ཤར་ཀོང་པོའི་ཡུལ་ཡན་ཆད། ནུབ་བལ་པོ་དང༌། ལྷོ་མོན་ལ་ཐུག་པ་ཚུན་ཆད་ཀྱི་བཙན་པོའི་མཁར་རྣམས་བསྒྱེལ་ཅིང༌། གོང་མ་རྒྱལ་པོའི་ལུང་ལས་མི་འདའ་བའི་རྒྱལ་ཁྲིམས་བཙན་པོས་གཉའ་བར་མནན་ཏེ་ཕོ་བྲང་ཆེན་པོར་ཕོ་ཉ་བ་མངགས། བོད་མཐའ་འཁོབ་ཀྱི་རྒྱལ་ཁམས་ན། དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྜི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་ཞུ་ཞེས་པས། དེའི་ལན་དུ། “ཚེ་འདིའི་དཔལ་འབྱོར་ཕུན་ཚོགས་མཐའ་དག་འཛམ་གླིང་འདི་ན་ཇིང་གིར་རྒྱལ་པོའི་ལུགས་བཞིན་སྤྱད་པ་ལས་ལྷག་པ་མ་མཆིས་པས། འཇིག་རྟེན་ཕྱི་མ་ཕན་ཆད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་པོར་སྟོན་པའི་བླ་མ་ཞིག་གལ་ཆེ་བར་འདུག་པས། ས་སྐྱ་པཎྜི་ཏ་སྤྱན་དྲོངས་ཤིག”ཅེས་པའི་བཀའ་ལུང་ལྟར་ས་པཎ་སོག་ཡུལ་དུ་གདན་དྲངས། དེ་ནས་རྗེ་ཉིད་ཀྱི་སྐུ་ཚ་འགྲོ་མགོན་འཕགས་པ་དང་། ཟངས་ཚ་བསོད་རྒྱལ་གཉིས་ལྷན་དུ་ཁྲིད་ནས་ཧོར་ཡུལ་དུ་ཕེབས།
རབ་བྱུང་བཞི་པའི་མེ་རྟ་སྤྱི་ལོ་1246ལོའི་ཟླ་བ་བརྒྱད་པར་ལེའང་ཀྲོའུ་རུ་འབྱོར། སྐབས་དེར་སེ་ཆེན་གོ་དན་ཧོར་ཡུལ་དུ་གོ་ཡུག་ཧན་རྒྱལ་སར་ཁྲི་འདོན་གྱི་མཛད་སྒོར་(ཟླ་8ཚེས་24ཉིན)ཕེབས་ནས་མི་བཞུགས་ཀྱང༌། གོ་དན་གྱི་སྐུ་མཆེད་དང་བློན་འབངས་རྣམས་ནས་སྣེ་ལེན་དང་བསུ་བ་རྒྱ་ཆེར་མཛད། དེའི་ཕྱི་ལོ་ཟླ་བ་དང་པོར་གོ་དན་རྒྱལ་པོ་ལེའང་ཀྲོའུ་རུ་ཕྱིར་ཕེབས་པ་དང་ཕན་ཚུན་མཇལ་འཕྲད་མཛད།
གོ་དན་ཤིན་ཏུ་མཉེས་ནས་ཆོས་དང་འཇིག་རྟེན་ལུགས་ཀྱི་གསུང་གླེང་མང་དུ་མཛད། གོ་བརྡ་མི་འཕྲོད་པའི་སྐབས་སུ་ཡུ་གུར་གྱི་དགེ་བཤེས་མཁས་པ་ཚོས་སྒྲ་བསྒྱུར་ནས་གོ་བར་བྱས་པས་རྒྱལ་པོ་རབ་ཏུ་དགྱེས་ཏེ། དུས་དེ་རིང་ནས་བཟུང་ཨེ་ཀ་འུན་དང༌། ལྷ་པ་ཚོ་བན་དེའི་གྲལ་མགོར་བསྡད་མི་ཆོག ཐམས་ཅད་ཀྱི་གྲལ་མགོར་བླ་མ་ས་སྐྱ་པ་བཞུགས་ལ། སྨོན་ལམ་གསོལ་འདེབས་ཀྱི་དུས་སུའང་སྔོན་ལ་བན་དེ་རྣམས་ཀྱིས་གསོལ་འདེབས་དགོས་པའི་གཏན་འབེབས་གནང༌། དེ་ནས་བཟུང་ཧོར་གྱི་རྒྱལ་ཁམས་སུ་རབ་ཏུ་བྱུང་བའི་དབུ་འཕང་ཤིན་ཏུ་མཐོ་བར་གྱུར། དུས་དེར་ཧོར་གོ་དན་རྒྱལ་པོ་ལ་ཤ་ཁྲའི་ནད་ཀྱིས་ཐེབས་པ་སྨན་བཅོས་གཞན་གྱིས་མ་ཕན་པར་ཆོས་རྗེ་ས་པཎ་གདན་དྲངས་ནས་བཅོས་ཐུབ་པ་བྱུང་བར་སྔར་བས་མཚན་སྙན་རྒྱས། དེ་ནས་བཟུང་སོག་ཡུལ་དུ་ས་སྐྱ་པའི་ཆོས་ལུགས་དར་ཁྱབ་ཏུ་ཕྱིན། ས་པཎ་སྐུ་འཁོར་རྣམས་ཧྲན་ཤིའི་རི་བོ་རྩེ་ལྔར་ཕེབས་ནས་ཆོས་གསུངས་པ་དང༌། རྒྱ་དང༌། ཡུ་གུར། མི་ཉག་ལ་སོགས་པའི་ཡུལ་གྲུ་མང་པོ་ནས་བྱུང་བའི་ཆོས་ལ་དད་པ་བྱེད་མཁན་མང་པོ་ལེའང་ཀྲོའུ་རུ་འདུས་ནས་བཀའ་ཆོས་ཞུ་བ་སོགས་ཀྱིས་མཚན་སྙན་དང་མཛད་འཕྲིན་རྒྱས་པ་བྱུང༌། དུས་དེར་ས་པཎ་གྱིས་ཐབས་མཁས་ཀྱི་སྒོ་ནས་ཧོར་རྒྱལ་གྱི་བསམ་བློ་དང༌། དམག་དོན་སྟོབས་ཤུགས། སྲིད་ཐབས་ཀྱི་ཇུས་གཞི་སོགས་ལ་ཞིབ་ཏུ་བརྟགས་ནས་དེའི་གནས་ཚུལ་རྣམས་དབུས་གཙང་ཡུལ་སྡེ་ལ་བཀའ་ཡིག་གནང་། བོད་ཁམས་བདེ་འཇགས་ཡོང་བའི་ཆེད་དུ་ཆོས་རྗེ་རང་ཉིད་ཧོར་ཡུལ་དུ་བཞུགས་རྒྱུར་ཐུགས་ཐག་བཅད། རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ་1251ལོར་ལེའང་ཀྲོའུ་རུ་དགོངས་པ་རྫོགས།
རབ་བྱུང་བཞི་པའི་ཆུ་བྱི་སྤྱི་ལོ་1252ལོར་ཧོར་རྒྱལ་སྲས་སེ་ཆེན་ཁུ་པི་ལེས་ འབུམ་དམག་གཉིས་ཙམ་ཁྲིད་ནས་འཇང་ཏ་ལིའི་རྒྱལ་ཁམས་ལ་དཔུང་འཇུག་བྱས། རྒྱལ་ཁ་ཐོབ་སྟེ་ཕྱིར་ཕེབས་པའི་ལམ་དུ་ལིའུ་ཕན་རི་བོ་བརྒལ་སྐབས་ལེའང་ཀྲོའུ་ལ་ཕོ་ཉ་མངགས་ནས་ས་སྐྱ་བླ་མ་མཇལ་འཕྲད་དུ་ཕེབས་དགོས་པའི་འཕྲིན་བསྐུར་ཀྱང༌། ཆོས་རྗེ་ས་པཎ་སྐུ་གཤེགས་ཟིན་སྟབས། ཕོ་ཉ་པ་དེས་འགྲོ་མགོན་འཕགས་པ་སྐུ་མཆེད་གཉིས་མཇལ་འཕྲད་དུ་གདན་དྲངས་ནས་རབ་བྱུང་བཞི་པའི་ཆུ་གླང་སྤྱི་ལོ་1253ལོར་སེ་ཆེན་ཁུ་པི་ལེ་དང་བླ་མ་འཕགས་པ་དངོས་སུ་མཇལ་འཕྲད་བྱུང༌བ་རེད།
ཧོར་དམག་བོད་དུ་འབྱོར་བ།
སོག་བཙན་རྒྱལ་སྐབས་ཀྱི་ལོ་རྒྱུས་གནད་བསྡུས།
སོག་བཙན་རྒྱལ་ནི། སྤྱི་ལོ་1206ནས་1635ལོ་བར་ཙམ་ལ་ཟེར། ལོ་རྒྱུས་ཐོག་ཡོ་རོབ་དང་། ཨེ་ཤ་ཡའི་གླིང་ཆེན་གཉིས་ཀྱི་ས་ཁོངས་བཟུང་མྱོང་བའི་བཙན་རྒྱལ་ཞིག་ཡིན་པས་འཛམ་གླིང་གི་ལོ་རྒྱུས་ཐོག་བཙན་རྒྱལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། སོག་བཙན་རྒྱལ་སྟོབས་ཤུགས་ཆེ་བའི་དུས་སྐབས་སུ། མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུབ་བཞི་མ་བྱེ་བ་གསུམ་དང་ས་ཡ་གསུམ་ 【3300万平方公里】ཙམ་བཟུང་ཡོད། ཤོད་སྲོལ་འགའ་ཞིག་ལ་བྱེ་བ་བཞི་དང་ས་ཡ་བཞི་ཙམ་ཡང་ཟེར། ཤར་ཕྱོགས་ཞི་བདེ་རྒྱ་མཚོའི་མཚམས་ཚུན་ཆད་དང་། བྱང་ཕྱོགས་ལ་ཁེ་པེ་ཁལ་བར། ཤོད་སྲོལ་གཞན་ཞིག་ལ་བྱང་འཁྱགས་རོམ་རྒྱ་མཚོའི་བར་མན་ཆད་ཀྱང་ཟེར། ནུབ་ཕྱོགས་མཚོ་ནག་པོའི་ཁུག་པ་ཚུན་ཆད། དར་རྒྱས་ཆེ་བའི་སྐབས་ཧང་གྷ་རི་ཚུན་ཆད་དང་། ལྷོ་ཕྱོགས་སུ་རྒྱ་ནག་གི་མཚོ་མཐའ་བར་གྱི་ས་ཁོངས་རྣམས་བཟུང་ངོ་། སྐབས་དེར་འཛམ་གླིང་སྐམ་སའི22%ཀྱི་རྒྱ་ཁྱོན་བཟུང་བ་དེ་འཛམ་གླིང་སྐམ་སའི་ལྔ་ཆ་གཅིག་ཟིན་གྱི་ཡོད། དེ་ནི་དུས་རབས་ཉི་ཤུ་པའི་སུའུ་ལེན་གྱི་ས་ཁོངས་ལས་ལྡབ་ཕྱེད་གཉིས་ཆེ་ཞིང་། ད་ལྟ་ཨུ་རུ་སུའི་ས་ཁོངས་ལས་ཧ་ལམ་ལྡབ་གཉིས་【1.9倍】ཆེ་བ་ཡོད། སྐབས་དེར་ཁོ་ཚོས་དབང་བསྒྱུར་བྱས་པའི་ས་ཁོངས་ལ་མི་འབོར་དུང་ཕྱུར་གཅིག་ཙམ་ཟིན་གྱི་ཡོད།
སོག་པོའི་རྒྱལ་ཁབ་འཛུགས་མཁན་གྱི་སོག་རྒྱལ་དང་པོ་ཇིང་གི་སི་ཧན་ནི། རབ་བྱུང་གསུམ་པའི་ཆུ་རྟ་སྤྱི་ལོ་1162ལོར་འཁྲུངས། ཆུང་དུས་སྡེ་པ་གཞན་གྱིས་ཡབ་བཀྲོངས་པས་ཁོང་ཚོའི་སྡེ་པ་ཁ་ཐོར། དེ་ནས་ཁོང་རང་གིས་འབད་བརྩོན་ལ་བརྟེན་སྤྱི་ལོ་1202ལོ་ནས་རིམ་བཞིན་སྔར་གྱི་དགྲ་བོ་རྣམས་ལ་དམག་བརྒྱབ་སྟེ་ཕམ་པ་བྱས་ཤིང་སོག་པོ་སྡེ་པ་རྣམས་གཅིག་གྱུར་བྱེད་ཐུབ་པར་བྱུང་། སྤྱི་ལོ་1206ལོར་སོག་པོ་གཅིག་གྱུར་བྱས་ནས་མོང་གོལ་རྒྱལ་ཁབ་བཙུགས། སྤྱི་ལོ་1205ལོ་ནས་སྤྱི་ལོ་1209ལོའི་བར་སོག་དམག་གིས་མི་ཉག་ཡུལ་ལ་དམག་ཐེངས་གསུམ་བརྒྱབ། སྤྱི་ལོ་1211ལོར་སོག་དམག་གིས་ཅིན་རྒྱལ་རབས་གཏོར་ཅིང་། ཀྲུང་ཏུ་ཡང་བཟུང། སྤྱི་ལོ་1218ལོར་ལྱེ་ནུབ་མའི་རྒྱལ་སྲིད་འཕྲོགས། རྗེས་སུ་འདིར་ཨོ་གོ་ཏའི་རྒྱལ་ཁབ་བཙུགས། སྤྱི་ལོ་1219ལོ་ནས་1260ལོའི་བར་སོག་དམག་གིས་དམག་ཤུགས་ཆེན་པོའི་སྒོ་ནས་ནུབ་ཕྱོགས་སུ་དཔུང་འཇུག་ཐེངས་གསུམ་བྱས། ཐེངས་དང་པོ་སྤྱི་ལོ་1219ལོ་ནས་1222ལོའི་བར་ཧྭ་ལ་ཙི་མོས་སོག་པོའི་ཕོ་ཉ་དང་ཚོང་པ་རྣམས་ཐེངས་འགར་བསད་བཅོམ་བྱས། དེར་བརྟེན་ཇིང་གི་སི་ཧན་གྱིས་ཧ་ལ་ཙི་མོ་ཞེས་པ་དེང་དུས་ཀྱི་ཨུ་ཙི་བེ་ཁེ་སི་ཐན་དང་། ཐུར་ཁི་མི་སི་ཐན་གྱི་ཡུལ་གྲུ་འདི་དག་དབང་དུ་བསྡུས། སྤྱི་ལོ་1223ལོར་ཇིང་གི་སི་ཧན་གྱིས་དམག་དཔོན་སུ་པུ་ཐའེ་བཏང་ནས་ནུབ་ཕྱོགས་སུ་མུ་མཐུད་ནས་ས་རྒྱ་བསྐྱེད་པས། དེང་གི་ཡུ་ཁེ་ལོན་གྱི་ས་ཆ་འདི་དག་བཟུང་། སྤྱི་ལོ་1226ལོར་ཇིང་གི་སི་ཧན་གྱིས་སླར་ཡང་མི་ཉག་ལ་དམག་བརྒྱབ་ནས་མི་ཉག་དབང་དུ་བསྡུས། མི་ཉག་རྒྱལ་རབས་མཇུག་རྫོགས།
ས་པཎ་ཧོར་ཡུལ་དུ་གདན་དྲངས་པ།
སྤྱི་ལོ་1227ལོར་དགུང་ལོ་རེ་དྲུག་པར་སྐུ་གཤེགས། རྒྱ་བོད་ཡིག་ཚང་སོགས་བོད་ཡིག་ལོ་རྒྱུས་དག་ལས་དགུང་ལོ་རེ་དྲུག་པར་མི་ཉག་གྷ་ལར་སྐུ་གཤེགས་ཞེས་གསལ། ཁོང་སྐུ་གཤེགས་རྗེས་རྒྱལ་སྲས་རྣམས་ཀྱིས་མུ་མཐུད་དེ་མངའ་ཁོངས་རྒྱ་བསྐྱེད། སོག་བཙན་རྒྱལ་གྱི་ཁོངས་སུ་ཨོ་གོ་ཏའེ་རྒྱལ་དང་། ཆ་ག་ཏ་རྒྱལ། ཁི་ཕུ་ཆག་རྒྱལ། ཨི་ལི་ཧན་རྒྱལ་རྣམས་བཙུགས་པ་རེད།
ཐེངས་གཉིས་པའི་ནུབ་ཕྱོགས་སུ་དཔུང་འཇུག་ནི་སྤྱི་ལོ་1235ལོ་ནས་1241ལོའི་བར་ཨོ་གོ་ཏས་བ་ཐུ་དམག་དཔོན་བསྐོས་ཏེ་ཧྦོལ་ལྒ་ཆུ་བོའི་ནུབ་ཕྱོགས་བར་དཔུང་འཇུག་བྱས། ཐེངས་གསུམ་པ་ནི། སྤྱི་ལོ་1252ལོ་ནས་1260ལོའི་བར་མོང་གོ་ཧན་གྱིས་རང་གི་གཅུང་པོ་ཧུ་ལ་གུ་དམག་དཔོན་དུ་བསྐོས་ནས་འབུམ་གཅིག་དང་བཅས་ཏེ་བཏང་བ་དེས་ཕེར་སིན་ལ་དཔུང་འཇུག་བྱས།
① ཨོ་གོ་ཏ་རྒྱལ་【窝阔台汗国 1225年-1309年】ནི། སྤྱི་ལོ་1229ལོར་རྒྱལ་སྲིད་བཟུང་། ཁོང་གིས་གཙོ་བོར་ལྱེ་ནུབ་མའི་ཕྱོགས་ཏེ། དེང་དུས་ཤིན་ཅང་དང་། ཨེ་ཤ་ཡའི་ཡུལ་དབུས་འདི་དག་བཟུང། ཤིན་ཅང་ཨེ་མེ་གྲོང་ཁྱེར་བཟུང་། ཁོ་པ་ནི་ཁུ་པི་ལེ་ཁས་མི་ལེན་ཅིང་ཨ་རིག་བོ་ཁེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། སྤྱི་ལོ་1231ལོར་ཁོ་རེ་ཡ་ལ་དམག་དྲངས་ནས་དབང་དུ་བྱས། སྤྱི་ལོ་1246ལོར་ཁོང་གི་སྲས་ཆེ་བ་གུ་ཡུག་ལ་རྒྱལ་སྲིད་གཏད་ཀྱང། ལོ་གཉིས་ཀྱི་རྗེས་སུ་རྒྱལ་པོ་གྲོངས་ཏེ་འདིའི་རྒྱལ་རྒྱུད་ཆད། དེ་ནས་ཐོ་ལུའི་གདུང་རྒྱུད་ལ་རྒྱལ་སྲིད་ཐོབ་པ་རེད།
② ཆ་ག་ཏ་རྒྱལ་【察合台汗国 1227年-1369年】 ཆ་ག་ཏ་ནི་ཇིང་གི་རྒྱལ་པོའི་སྲས་གཉིས་པ་ཡིན། འདིས་དབང་བསྒྱུར་བྱ་ཡུལ་ནི། དེང་དུས་ཤིན་ཅང་ཧོར་ཁྲེན་ས་ཆ་དང་། ཨེ་ཤ་ཡའི་ཡུལ་དབུས་འདི་དག་ཡིན།
③ ཁི་ཕུ་ཆག་རྒྱལ་【钦察汗国 1219年-1502年】 དེང་དུས་ཀྱི་ཧང་གྷ་རི་དང་། ཕོ་ལན། ཨུ་ཁེ་ལན། ཨུ་རུ་སུ་བཅས་དང་། ཡོ་རོབ་ཀྱི་ས་ཆ་འགའ་ཞིག་བཅས་ཁི་ཕུ་ཆག་རྒྱལ་ཞེས། ཇིང་གི་སི་ཧན་གྱི་ཚ་བོ་པ་ཐུས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་བཙུགས། སྤྱི་ལོ་1243ལོ་ནས་ནུབ་ཕྱོགས་སུ་རྒྱ་བསྐྱེད་བྱ་རྒྱུའི་མཚམས་བཞག གསེར་མདོག་ཅན་གྱི་སྦྲ་གུར་ནང་དུ་བཞུགས་པས་ན་ཡོ་རོབ་པས་གསེར་མདོག་རྒྱལ་ཁབ་ཟེར།
④ ཨི་ལི་ཧན་ཐི་རྒྱལ་【伊儿汗国 1256年-1388年】 སོག་རྒྱལ་ཧུ་ལ་གུ་ཡང་ཟེར། བོད་ཀྱི་ལོ་རྒྱུས་རྣམས་སུ་སྟོད་ཧོར་ཟེར། སྐབས་དེར་ཀོ་ཅ་སུ་ཞེས་པ་དེང་དུས་དབྱི་རབ་ཁེ་དང་། ཨའེ་རོན་གྱི་ས་ཁོངས་འདི་དག་སོག་རྒྱལ་ཐོ་ལུའི་སྲས་གསུམ་པ་ཧུ་ལ་གུ་ཡིས་དབང་བསྒྱུར་བྱས། སྤྱི་ལོ་1259ལོར་སུ་རི་ཡར་དམག་བརྒྱབ་སྟེ་དྷ་མ་སི་ཁེ་སི་བར་བཟུང་། སྤྱི་ལོ་1264ལོར། སོག་རྒྱལ་ཁུ་པི་ལེས་དངོས་སུ་ཨི་ལི་ཧན་ཐི་ཞེས་པར་སྲིད་དབང་སྤྲོད། དེའི་མངའ་ཁོངས་ནི་ཤར་ཨ་མུར་ཆུ་བོའི་འགྲམ་དང་། ནུབ་མེ་ཏི་མཚོ【地中海】 བྱང་ཀོ་ཅ་སུ། ལྷོ་ཧིན་རྡུའི་རྒྱ་མཚོ་བར་འདི་དག་ཡིན་ཞིང་དེའི་རྒྱལ་ས་ཏ་བུ་རི་ཟི་ལ་བྱས།
ས་པཎ་ཧོར་ཡུལ་དུ་གདན་དྲངས་པ།
སྤྱི་ལོ་1258ལོར་མོང་ཁེས་དམག་གི་དཔུང་ཆེན་དྲངས་ཏེ་རྒྱ་ནག་སུང་ལྷོ་མ་ལ་དམག་བརྒྱབ། སྤྱི་ལོ་1259ལོར་མོང་ཁེ་སི་ཁྲོན་ཧེ་ཀྲོའུ་རུ་གྲོངས། སྤྱི་ལོ་1267ལོར་སོག་རྒྱལ་ཁུ་པི་ལེས་རྒྱལ་ས་དེང་དུས་པེ་ཅིང་དུ་སྤོས། སྤྱི་ལོ་1271ལོར་རྒྱལ་མིང་ཡོན་ཞེས་བསྒྱུར། སྤྱི་ལོ་1267ལོ་ནས་1279ལོའི་བར་རྒྱ་ནག་གི་སུང་ལྷོ་མ་ལ་དམག་བརྒྱབ་སྟེ་མཐར་སུང་རྒྱལ་དབང་དུ་བསྡུས། སྤྱི་ལོ་1274ལོ་དང་། སྤྱི་ལོ་1281ལོར་སོག་གིས་འཇར་པན་ལ་དམག་ཐེངས་གཉིས་དྲངས་ཀྱང་རྒྱ་མཚོ་བརྒལ་མ་ཐུབ་པར་ལུས། ཐེངས་གཉིས་པའི་སྐབས་སུ་མཚོ་རླུང་གིས་སོག་དམག་འབུམ་གཅིག་ཙམ་ཤི་བས་ཕམ་ཉེས་ཆེན་པོ་ཐེབས། དེ་ནས་བཟུང་འཇར་པན་མིས་མཚོ་རླུང་ནི་འཇར་པན་སྲུང་བའི་ལྷ་རླུང་ཡིན་པར་ཤོད་སྲོལ་ཆགས། སྤྱི་ལོ་1285ལོར་ཁོ་རེ་ཡ་ཡོངས་སུ་དབང་དུ་བྱས། སྤྱི་ལོ་1285ལོ་ནས་1287ལོའི་བར་ཝེ་ནམ་ལ་དམག་བརྒྱབ། ཝེ་ནམ་ལྷོ་ཕྱོགས་སུ་སོག་དམག་གིས་ཡུད་ཙམ་བཟུང་། སྤྱི་ལོ་1287ལོར་འབར་མ་ལ་དམག་བརྒྱབ་སྟེ་འབར་མ་དབང་དུ་བྱས། སྤྱི་ལོ་1303ལོར་འབར་མའི་ལྷོ་ཕྱོགས་ནས་སོག་དམག་ཕྱིར་འཐེན་བྱས། ཤར་དང་། བྱང་། དབུས་བཅས་ཀྱི་ས་ཁུལ་འདི་དག་མུ་མཐུད་ནས་དབང་བསྒྱུར་བྱས་སོ། །
སོག་པོས་ཨེ་ཤ་ཡའི་ཤར་མའི་ཡུལ་གྲུ་དབང་དུ་བསྡུས་ཚུལ།