སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱི་སེམས་ཁམས་དང་འཚོ་བ། ཡུལ་སྲོལ་གོམས་གཤིས་སོགས་གང་ལའང་འགྱུར་བ་ཆེན་པོ་སོང་བ་སྟེ། ཁ་ཟས་སྣ་ཚོགས་སྤྱོད་པ་དང་བཟའ་བཏུང་གི་དུས་ལ་ངེས་པ་མེད་པ། སེམས་ལས་ཤས་ཆེ་བ། ཡང་ན་འགྲངས་ཆེ་བའམ་ལྟོགས་ཆེ་བ། དལ་བར་སྡོད་དྲགས་པ་སོགས་ཟས་སྤྱོད་ལོག་པས་འཇུ་བར་བྱེད་པའི་མེ་དྲོད་ཀྱི་སྟོབས་ཉམས་ནས་ནད་གཞི་གང་མང་གི་འབྱུང་རྩ་འབའ་ཞིག་ཏུ་གྱུར་ཡོད། དེ་ལས་ཀྱང་བཤང་འགག་གི་ནད་གཞི་འདི་ནི་དེང་གི་ཆར་འཛམ་གླིང་ཤར་ནུབ་སྤྱིའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པར་མ་ཟད་ནད་འདིའི་བྱུང་ཚད་ཇེ་མཐོ་རུ་འགྲོ་བཞིན་ཡོད་པས་མིའི་རིགས་ཀྱི་བདེ་ཐང་དང་དཔལ་འབྱོར་སོགས་གང་ལའང་འཚེ་བ་མང་དུ་བྱེད་བཞིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན་བཤང་འགག་ནད་ཅན་གྱིས་འཛམ་གླིང་སྤྱིའི་ཆ་སྙོམས་མི་གྲངས་ཀྱི1/5ཟིན་ཡོད་པར་མ་ཟད་འདིས་ནད་གཞན་མང་པོ་སྐྱེད་བཞིན་ཡོད་པས་ཉེ་དུས་སུ་རྒྱལ་ཁབ་40ལྷག་གི་ཆེད་མཁས་སྨན་པ་འཛོམས་ནས་འདིའི་སྐོར་ལ་ཞིབ་འཇུག་དང་བགྲོ་གླེང་གྲོས་ཚོགས་འཚོགས་པ་སོགས་རྒྱལ་སྤྱིའི་རིམ་པས་ཚད་མཐོས་གདེང་འཇོག་བྱེད་བཞིན་ཡོད། ཡིན་ནའང་རང་ཅག་ས་གནས་ཁག་ཏུ་དེ་ཙམ་གྱི་དོ་སྣང་དང་གདེང་འཇོག་མེད་པས་འདིའི་སྐོར་ལ་ཅུང་ཟད་བརྗོད་པར་བྱ།
དང་པོ། བཤང་འགག་ནད་འབྱུང་ཚུལ།
གསོ་རིག་རྒྱུད་བཞི་ལས། རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས། ། རྒྱུ་ལོང་བཤང་ལམ་སྐམས་ནས་དྲི་མ་སྡོམ། ། ཞེས་བསྟན་པ་ལྟར་འགྲན་རྩོད་རང་བཞིན་ཤུགས་དྲགས་པའི་དེང་གི་དུས་རབས་ནང་མི་མང་པོས་སེམས་ལས་བྱེད་ཆེ་བ་དང་། ལས་ཀའི་ཁུར་ལྕི་བ་སོགས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་། དེ་བཞིན་ཟས་ལ་ངེས་ཅན་གྱི་གོ་རིམ་མེད་པ། ཁྱད་པར་དུ་མ་གོམས་པའི་གསར་དར་ཟས་རིགས་ཟ་བར་ཧ་ཅང་དགའ་པོ་ཡོད་པ། རང་ཅག་ལྟ་བུར་མཚོན་ན་ཁོར་ཡུག་དབང་གིས་སྔར་གོམས་ཀྱི་ཟས་རིགས་རྩམ་པ་དང་འོ་ཞོ་བཏུང་བ་སོགས་ཉུང་དུ་སོང་སྟེ་རོ་སྣ་མང་ཅན་གྱི་འབག་རྫས་རིགས་ཟོས་པས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གང་རུང་འཁྲུགས་ཤིང་རྒྱུ་འགྲུལ་ལེགས་པོ་མི་ནུས་པར་རྒྱུན་འགགས་པ་ཡིན་ལ། 2014ལོར་བསྡོམས་རྩིས་བྱས་པ་ལྟར་ན་རང་རྒྱལ་ཁོ་ནར་བཤང་འགག་ནད་ཅན་གྱི་མིས70%ཟིན་ཡོད་པ་དང་། དེ་ལས་50%ལ་ངན་སྐྲན་རིགས་འབྱུང་བཞིན་ཡོད་པའི་ཉེན་ཚབས་འདུག་ཅེས་གསལ། སྐྱེས་པ་ལས་བུད་མེད་རིགས་ལ་ལྷག་པར་མང་བ་དེའང་གཟུགས་ཀྱི་ཚོ་སྐེམ་ཕྱིར་དྲག་བཤལ་གཏོང་བའི་སྨན་རྫས་རིགས་རྒྱུན་དུ་སྤྱོད་པས་རྒྱུ་ལོང་གི་མེ་དྲོད་ཉམས་པ་དང་། ཟས་རིགས་ཀྱང་འདྲ་མིན་བཟའ་བར་དགའ་པོ་ཡོད་པ། དེ་བཞིན་རང་བཞིན་ཁམས་ཀྱིས་སྐྱེས་པ་ལས་བུད་མེད་རིགས་ལ་སེམས་ལས་ཀྱི་ཤུགས་ཆེ་བ་དང་ལུས་ཁམས་གྲུབ་ཚུལ་མི་འདྲ་བ་སོགས་ཀྱིས་བཤང་བ་དུས་ལྟར་ཕྱིར་འབབ་མི་ནུས་པའི་ནད་གཞི་དེ་བུད་མེད་ལ་འབྱུང་མང་བ་ཞིག་ཡིན་ནོ། །
གཉིས་པ། བཤང་འགག་ནད་ཀྱི་ཉེས་སྐྱོན།
རང་ཅག་ས་གནས་ཁག་ཏུ་བཤང་འགག་ནད་ལ་དེ་ཙམ་གྱི་དོ་སྣང་མེད་ཀྱང་། དོན་དུ་འདི་ནི་བདེ་ཐང་གི་འཇབ་རྒོལ་མཁན་གཙོ་གྲས་ཤིག་སྟེ། འདིས་རྒན་གཞོན་དང་ཕོ་མོའི་དབྱེ་བ་མེད་པར་ལུས་སེམས་ལ་སྡུག་བསྔལ་གང་མང་ཞིག་བཟོ་བཞིན་ཡོད། བཤང་བའི་རྒྱུན་འགགས་པས་སྒྱིད་ལུག་པ་དང་ཟས་ཀྱི་ཡི་ག་མེད་པ། ལུས་ཟུངས་ལ་མཁོ་བའི་དྭངས་མའི་རྒྱུན་ཉུང་དུ་སོང་སྟེ་ལུས་ཀྱི་གཟི་མདངས་ཉམས་པ། དེ་བཞིན་འགྲེལ་བ་ཟླ་ཟེར་ལས། བཤང་འགག་བྱིན་པའི་ཉྭ་འགྱུར་ཞིང།། ཆམ་པས་འདེབས་ཤིང་ཀླད་པ་ན། ། ཁར་ནི་མི་གཙང་འབྱུང་བ་དང། ། ཞེས་ཟས་ཀྱི་འཚོ་བཅུད་གང་མང་བསྡུ་ལེན་བྱེད་མ་ནུས་པར་རྒྱུན་འགགས་པས་སོ་སོའི་གནས་སུ་དྭངས་མ་མཁོ་སྤྲོད་ཀྱང་བྱེད་མི་ནུས་ལ་ཀླད་པའི་ཕྲ་ཕུང་གི་སྐྱོན་དུ་སོང་བས་མགོ་ན་བ། ལུས་ཟུངས་ཞན་ལ་ཆམ་པས་ནད་ཕོག་སླ་བ། ཁ་དྲི་ངན་པ་མནམ་པ་སོགས་ཀྱི་ཉེས་སྐྱོན་འབྱུང་བཞིན་ཡོད། འགགས་ནས་ཡུན་རིང་ན་ལོང་དང་ནུ་མའི་ངན་སྐྲན་རིགས་གང་མང་སྐྱེད་བཞིན་ཡོད་པ་སྟེ། ནུ་མའི་འབྲས་སྐྲན་ནད་ཅན་གྱི་བུད་མེད་ནང་སྔར་བཤང་འགག་ནད་ཡོད་པའི་རིགས་ཀྱི་23.2%ཟིན་པས་ནུ་མའི་འབྲས་སྐྲན་དང་བཤང་འགག་ནད་ལ་ཐད་ཀར་འབྲེལ་བ་ཡོད་པ་གསལ། གཞན་ཁྲག་ཤུགས་མཐོ་བའི་རིགས་སུ་བཤང་བ་འགགས་ནས་ཤུགས་ཀྱིས་དེད་ན་རླུང་ཁྲག་འཁྲུགས་ཏེ་ཁྲག་ཤུགས་སྔར་ལས་མཐོ་རུ་འགྲོ་བར་མ་ཟད་ཉེན་ཚབས་ཆེ་ན་ཀླད་པའི་ཁྲག་རྩ་རྡོལ་བ། སྙིང་དང་ཁྲག་རྩའི་ནད་རིགས་སྐྱེད་པ་སོགས་ཡིན། དེ་བཞིན་དུ་སྙིགས་མ་ཕྱིར་འདོར་མ་ནུས་པས་ཟུངས་སོ་སོའི་ཆ་ལ་དྭངས་སྙིགས་འདྲེས་མར་གྱུར་བས་མཐར་ངོ་གདོང་ལ་འབྲུམ་པ་དང་ངོ་ཁབས། ཁྱེ་མའི་རིགས་བཅས་ཀྱིས་གཞོན་སྐྱེས་གང་མང་གི་སེམས་ལ་འཚེ་བ་བྱེད་བཞིན་ཡོད། བྱིས་པ་ལ་བཤང་འགག་ནད་བྱུང་ན་ཟས་སྙིགས་དེ་ཁྲག་རྒྱུན་འཁོར་སྐྱོད་བརྒྱུད་ནས་ཀླད་པར་སོང་བས་བྱིས་པའི་བློ་རིག་འཚར་ལོངས་དང་དྲན་འཛིན། བསམ་གཞིགས་འགུལ་སྐྱོད་བྱེད་ནུས་སོགས་ལའང་གནོད་བཞིན་ཡོད། དེང་དུས་ཞིབ་འཇུག་པས་དཔྱད་ཞིབ་བྱས་པ་ལྟར་ན། བུ་བཙའ་རན་པའི་ན་ཚོད་ཀྱི་བུད་མེད་རིགས་ལ་བཤང་འགག་ནད་བྱུང་ན་བཤང་བའི་ནང་དམིགས་བསལ་གྱི་འགྱུར་རྫས་རིགས་ཤིག་ཡོད་པ་དེས་ཟླ་མཚན་འཁྱིལ་བའམ་ཡང་ན་རྒྱུན་ལྡན་ལྟར་ཁམས་དམར་འདྲེན་མི་ནུས་པས་མངལ་མི་ཆགས་པ་དང་། སྦྲུམ་ལྡན་ཡིན་ན་མངལ་ཤོར་ཉེན་ཆེ་བ་བཅས་ཀྱི་ཉེན་ཁ་ཡོད་པར་བསྟན། ད་དུང་གཞང་འབྲུམ་ནད་ཀྱི་རྒྱུ་གཙོ་བོར་གྱུར་བ་སོགས་ནད་གཞི་འདི་ན་ཚུལ་ཆུང་ཡང་ནད་རིགས་གདུག་པ་ཅན་གང་མང་ཞིག་གི་སྐྱེད་རྒྱུ་ཡིན་པས་འདི་ལ་དོ་སྣང་ཆེན་པོས་མི་འབྱུང་བར་སྔོན་འགོག་དང་བྱུང་བ་ལ་གསོ་བཅོས་བྱེད་པ་ཤིན་ཏུ་གཟབ་དགོས་སོ། །
གསུམ་པ། ནད་གཞི་སྔོན་འགོག་དང་བདེ་སྲུང་།
དེ་ཡང་ཟས་དང་སྤྱོད་ལམ་ཚུལ་དང་ལྡན་པ་ནི་ནད་གཞི་སྔོན་འགོག་གི་ཐབས་ལམ་གཙོ་བོ་ཡིན་པས། དང་པོར་ཟས་སྐོམ་གྱི་ངོ་བོ་ལྕི་ཡང་དང་བསྟུན་ནས་ཚོད་རན་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་པར་བྱེད་རྒྱུ་གལ་ཆེ། གསོ་རིག་རྒྱུད་བཞི་ལས། ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། ། ཆ་བཞི་པ་ནི་རླུང་གི་གནས་སུ་བཞག །ཞེས་པ་ལྟར་སྤྱི་མཐུན་གྱི་རྩ་དོན་དེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྒྱུན་བསྲིང་ནུས་ན་རྒྱུ་ལོང་གི་འཇུ་ནུས་ཀྱང་རང་བཞིན་དུ་གནས་པས་བཤང་གཅིའི་རྒྱུན་ལེགས་པར་འབྱུང་བ་ཡིན་ལ། ཁྱད་པར་དུ་སྔར་གོམས་འདྲིས་ཡོད་པའི་ཟས་སྐོམ་རིགས་ཏེ་རྩམ་པ་དང་མར་འོ་ཞོ་སོགས་བཏུང་བ་གཟབ། དེང་དུས་མཁས་པ་ཁག་ཅིག་གི་ཞིབ་འཇུག་བྱས་པ་ལྟར་ན་རྩམ་པའི་ནང་ལུས་ཁམས་ལ་མཁོ་བའི་འཚོ་བཅུད་ཀྱི་རྫས་སྣ་མང་འཛོམས་ཡོད་པས་གྲོད་ཁོག་གཙང་སེལ་གྱིས་རྒྱུ་ལོང་གི་ངན་སྐྲན་རིགས་དང་། གཞན་ཡང་ཆམ་ནད། དབུགས་མི་བདེ་བ། ཁྲག་རྩའི་ནད་དང་ཚིལ་ནད་རིགས་བཅས་ལ་ཕན་པ་མ་ཟད་གཅིན་སྙི་ཟ་ཁུ་སོགས་ནད་གཞི་གང་མང་སྔོན་འགོག་བྱེད་ནུས་པའི་གསལ་ཁ་བཏོན་ཡོད། དེ་བཞིན་ཞོགས་པ་ལྟོ་སྟོང་ལ་སྙིགས་མ་གཙང་སེལ་ཕྱིར་དུ་ཆུ་སྐོལ་མང་ཙམ་བཏུང་རྗེས་ཞུན་མར་ཉུང་ཤས་རེ་རྒྱུན་དུ་བསྟེན་ན་ཁོང་དྲོད་སྐྱེད་ཅིང་བཤང་བ་མཉེན་པར་བྱེད་པས་ཕྱིར་འབྱིན་བདེ་བ་མ་ཟད་བློ་རྣོ་བར་ཡང་བྱེད་པས་ཤིན་ཏུ་གཟབ། ཞོ་དང་ཞོ་ཁ་ཆུ་ཞེས་ཞོ་དྭངས་སྙིགས་བྱས་ནས་ཆགས་པའི་ཆུ་ཡིས་ཀྱང་བཤང་བ་མཉེན་པར་བྱེད་པ་སྟེ། རྒྱུད་ལས། ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། ། སྟུག་སྐེམ་རླུང་ཚད་སེལ་ཞིང་ཡི་ག་འབྱེད། ། ཅེས་དང་ཞོ་ཁ་ཆུ་འཁྲུ་བཤང་སླ་རྩ་སྦུབས་སྦྱོངས། ། ཞེས་ཞོ་དང་ཞོ་ཁ་ཆུ་ལ་བཤང་སྐེམ་སེལ་ཞིང་བཤང་བ་སླ་བར་བྱེད་པའི་ནུས་པ་ཡོད་པའོ། ། གཞན་ཡང་འབྲས་ཐུག་གར་སླ་རན་པས་མེ་དྲོད་སྐྱེད་ཅིང་དྲི་མ་འགགས་པ་སེལ་ནུས་ལ་སྔོ་ཚལ་དང་སིལ་ཏོག་རིགས་ཀྱང་ཚད་འདང་ཙམ་ཟ་བ་སྟེ་དེ་དག་ངོ་བོ་ལྕི་ཡང་གིས་ངང་ལག་ལྟ་བུ་རན་པར་ཟོས་ན་བཤང་བ་མཉེན་པར་བྱེད་ཅིང་གཞན་ཉིན་རེར་རྐང་གསུམ་ལས་མང་དུ་ཟོས་ན་ལོག་པའི་ལས་བྱེད་པས་ཚོད་འཛིན་དགོས། དེ་བཞིན་ཤ་མོའི་རིགས་དང་ཚོད་དཀར།白菜 ལྕ་ཚལ།芹菜 མོག་རོ།木耳 སྣུམ་ཚལ། 油菜 མོག་དཀར།银耳སོགས་སྔོ་ཚལ་རིགས་ནང་རྒྱུ་འགྲུལ་ལེགས་པར་བྱེད་པའི་སྐུལ་རྩའི་རྫས་རིགས་མང་དུ་ལྡན་པས་དེ་དག་བཟའ་བ་དང་། སྤྱོད་ལམ་དུ་ལས་ཀའི་བྲེལ་ཅི་ཙམ་ཆེ་ཡང་བཤང་བའི་ཤུགས་མི་འགོག་པར་དུས་སུ་ཕྱིར་འབྱིན་པ། འགྲངས་ཆེས་པའམ་ཡང་ན་གནས་གཅིག་ཏུ་སྡོད་དྲགས་པ་དང་། སེམས་ཀྱིས་ལས་ངལ་མང་དུ་བྱེད་པ་སོགས་མི་རུང་ལ། དྲི་ཆེན་དེ་ཉིན་བདུན་ནང་ཐེངས་གཉིས་སམ་གཅིག་ལས་མ་བབས་ན་ནད་འགྱུར་གྱི་མངོན་ཚུལ་ཡིན་པས་གོང་གསལ་ཟས་རྣམས་བསྟེན་པ་དང་། དེ་ནས་ལྟེ་བའི་གཡས་གཡོན་དང་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་བཅས་སུ་དྲོད་དུག་རྒྱག་པ། ལྟོ་བའི་གནས་སུ་འཕུར་མཉེ་བྱེད་པ་སོགས་གཟབ། དེས་ཀྱང་མ་ཕན་ན་དུས་འགྱངས་མི་བྱ་བར་ནད་བབས་དང་བསྟུན་ནས་གསོ་བཅོས་གང་འཚམས་བྱ་དགོས། དེ་ལྟར་ཟས་སྤྱོད་ཚུལ་དང་ལྡན་ན་རྒྱུ་འགྲུལ་དུས་སུ་བྱེད་ལ་བཤང་གཅིའི་རྒྱུན་ཡང་བདེ་བར་འབྱུང་བ་རེད། རྒྱུ་ལམ་དག་ཅིང་ལུས་ཡུན་དུ་འཚོ་བར་བྱེད་པས་འབད་པ་གལ་ཆེའོ། །