གངས་དཀར་རྫོང་གི་བརྗིད་ཉམས།
屹立在山脚下的宗堡——贡嘎宗
གོམ་གསུམ་གྱིས་ས་ཆེན་འཇལ་བའི་ལམ་དུ།
ཕྱག་གསུམ་གྱིས་དད་སེམས་འབུལ་བའི་གནས་སུ།
སྒོ་གསུམ་གྱིས་དག་ཞིང་འཚོལ་བའི་ཡུལ་ལ།
གངས་དཀར་རྫོང་། མེས་པོའི་ཚུལ་དུ་དཀྱིལ་ཀྲུང་གིས་བཞུགས།
བུད་མེད་ཚོས་འཇམ་མཉེན་ཕྱག་གིས་བཏབ་པའི་ཁྱིམ་གཞིས།
སྐྱེས་པ་ཚོས་བློ་སྤོབས་བརྒྱ་ཡིས་བཞེངས་པའི་མཁར་རྫོང་།
ཐོ་རེངས། བྱ་བྱིའུ་ཡི་དྲུག་འགྱུར་སྙན་མོས་རྨི་ལམ་ལས་སད་དུས།
གཡས་བསྐོར་གཡོན་འཁོར་གྱི་འགྲན་རྩོད་ཞི།
ས་སྲོད། ཡུལ་མི་ཉག་གི་ལ་གཞས་སྙན་མོ་རི་འགོ་ནས་མཆེད་དུས།
ཡར་དེད་མར་འདེད་ཀྱི་འཁྲུག་སློང་འཇགས།
སེམས་ཀྱི་འབབ་ཚུགས།
འདི་ན་རང་སེམས་དང་ཁ་གཏད་ནས་བགྲོ་གླེང་བྱ་ཆོག
འདི་ན་ཉི་ཟླ་སྐར་གསུམ་སེམས་ཀྱི་ཟབ་སར་རུམ་ཆོག
འདི་ན་ས་ཆུ་རྡོ་གསུམ་ཞབས་ཟུང་དྲོན་མོས་རེག་ཆོག
འདི་ན་གནས་མཆོག་ལྷ་སའི་པོ་ཏ་ལ་རྗེས་སུ་དྲན་ཆོག
འདི་ན་ཡུལ་གྱུར་བ་ཚངས་དབྱངས་རྒྱ་མཚོ་སེམས་སུ་བསྒོམ་ཆོག
གནས་མཇལ་བ། ཁ་བ་ལྟ་བུའི་སེམས་པ་ཁྱེར་ནས་འདི་ན་ཤོག
གཙང་ཆབ་འདྲ་བའི་མིག་ཆུ་བཞུར་ནས་འདི་ན་ཤོག
སྟོང་ལྷང་ལྷང་ནས་ཤོག་དང་།
ལྗིད་ཏིག་ཏིག་གིས་ལོག་ཆོག
ས་གཞི་ནག་པོ་འདོམ་གྱིས་འཇལ་བའི་ཁམས།
སྤྲིན་པ་དཀར་པོ་ཐོད་པས་བསུ་བའི་ཞིང་།
རྡོ་བའི་ཤེས་རབ་པོ་ཏི་བརྩེགས་པའི་གནས།
རི་ལུང་ཐང་གསུམ་སྙིང་རྗེས་འབྲེལ་བའི་ཡུལ།
གངས་དཀར་རྫོང་། ཕོ་རྒོད་ཀྱི་ཚུལ་དུ་རང་ཚུགས་ཀྱིས་ལངས།
ཕྱིར་ལོག་བུ་ཡིས་ཡུལ་མིར་ཕུལ་བའི་དར་དཀར་རིང་མོ་ཞིག
ཨ་མའི་བུ་ཡི་རྔུལ་ཆུ་ལས་བཞད་པའི་མེ་ཏོག་ཆུན་པོ་ཞིག
དཔྱིད་ཀར། སྒེའུ་ཁུང་ལས་ཨ་མས་བསྙལ་བའི་ནས་ཆང་སྔོན་མོས།
གཡོ་ཟོལ་ཁྲམ་གསུམ་སྦངས་ཤིང་བཟི།
དགུན་ཁར། ཐབས་ཁུང་ལས་ཨ་སྲུས་སྦར་བའི་མེ་ཕུང་དྲོན་མོས།
སྡིག་ཉེས་རྨུག་གསུམ་བསྲེག་ཅིང་བཞུ།
སེམས་ཀྱི་འབབ་ཚུགས།
འདི་ན་གངས་དཀར་ལ་རྒྱང་མཇལ་བྱས་ནས་ངུ་ཆོག
འདི་ན་མི་ཆེན་ལྔ་ཡི་ཞབས་རྗེས་བཙལ་ནས་འགྱོད་ཆོག
འདི་ན་བཙན་པོའི་རུས་རྐང་མཇལ་ནས་དགའ་ཆོག
འདི་ན་རྒྱལ་ཕམ་ལ་སྒ་ཆས་སྤྲད་དེ་འདུལ་ཆོག
འདི་ན་རྩ་ཐང་གི་ལྷིང་འཇགས་བསྲུངས་ནས་བསྡད་ཆོག
གནས་མཇལ་བ། འཚོ་བའི་ན་ཟུག་ཆེ་དུས་འདི་ན་ཤོག
བརྩེ་དུང་ལ་གོད་ཆག་བྱུང་དུས་འདི་ན་ཤོག
ལྗིད་ཏིག་ཏིག་གིས་ཤོག་དང་། ཡང་སངས་སངས་ཀྱིས་ལོག་ཆོག
གནམ་སྔོན་པོ་མགོན་སྐྱབས་སུ་བཏེགས་པའི་གནས།
ས་དོག་མོ་གཞི་འཛིན་དུ་བཟུང་བའི་ཡུལ།
ཡིག་འབྲུ་དྲུག་དབྱངས་གསལ་གྱིས་དཀྲོལ་བའི་ཞིང་།
གངས་དཀར་རྫོང་། རྗེས་རབས་པའི་ཚུལ་དུ་ཀྲོང་ངེར་འགྱིང་།
ཡར་བལྟས་ན་སྐྱེས་པ་ཕོ་ཡི་ལངས་སྟངས་ཤིག
མར་བལྟས་ན་བཟའ་མ་མོ་ཡི་འདུག་སྟངས་ཤིག
དབྱར་ཁར། གནམ་འདེགས་ཀྱི་ཀ་བའི་རྩེ་མོར་ཉི་ཟླ་འཁོར་བས།
མི་ཉག་གི་རྩྭ་ཐང་ལོ་ཟླའི་ཆར་གྱིས་མི་འཇིག
སྟོན་ཁར། མེས་པོའི་བྱང་ཁོག་ཡངས་མོ་ཐབས་ཤེས་ཀྱིས་བགྲོད་པས།
ལས་བཞིའི་ཕྱག་རྒྱ་མི་ཁའི་རླུང་གིས་མི་ཞིག
སེམས་ཀྱི་འབབ་ཚུགས།
འདི་ན་ཕོ་ཡིས་བོར་ཟིན་པ་ཡོད་ཚད་འཚོལ་ཆོག
འདི་ན་མོ་ཡིས་ཤོར་ཟིན་པ་ཡོད་དགུ་འབོད་ཆོག
འདི་ན་ལུས་སེམས་ཀྱི་ཁུར་པོ་ཐང་ལ་ཕབ་ཆོག
འདི་ན་མི་རིགས་ཤིག་གི་ཟིན་ཐོ་བཀླག་ཆོག
འདི་ན་ཤམ་བྷ་ལ་ཡི་ལམ་ཡིག་བརྐོ་ཆོག
གནས་མཇལ་བ། མཚན་གྱི་རྨི་ལམ་འཁྲུག་ན་འདི་ན་ཤོག
ཉིན་གྱི་འགྲོ་ལམ་འཁྱོར་ན་འདི་ན་ཤོག
སྐྱོ་ལྷང་ལྷང་གིས་ཤོག་དང་།
དགའ་ལྷང་ལྷང་གིས་ལོག་ཆོག །