༄༅།།ཁམས་པའི་པར་བརྐོས་རིག་གནས་དར་ཚུལ་དང་བརྒྱུད་པ་ཇི་ལྟར་བྱུང་ཚུལ་སྐོར་རགས་ཙམ་གླེང་བ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27


རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་གསུང་རབ་ཀྱི་པར་གཞི་འདི་དག་ད་ལྟ་མངོན་སུམ་མིག་གིས་དགའ་སྟོན་དུ་མཇལ་རྒྱུ་ཡོད་པ་ནི་མ་འདྲིས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱིས་བགོ་སྐལ་ཕན་བདེ་ཟད་མི་ཤེས་པའི་འབྱུང་གནས་ཡིན་ལ།  དེ་ཡང་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་རྗེས་འཇུག་མཁས་པའི་གསུང་རབ་བསྟན་བཅོས་རྣམས་པར་བརྐོས་ཀྱི་ལག་རྩལ་འདི་མེད་ན་འགའ་ཞིག་དུས་འགྱུར་གྱི་གཞན་དབང་དང་བར་ཆད་ཀྱི་ལམ་ནས་དཔེ་རྒྱུན་ཆད་པ་དང་། འགའ་ཞིག་འབྱུང་བ་བཞིའི་མཆོད་ཁྲིའི་ཐོག་ཞི་བར་གཤེགས་ཟིན་པ་ཐེ་ཚོམ་མེད་ལ། དེ་ལ་པར་བརྐོས་ཀྱི་ཤུལ་བཞག་རིག་དངོས་ཕྱག་སྲོལ་མ་ཉམས་པ་ད་ལྟའི་བར་དུ་བཞུགས་བཞིན་པ་འདིའི་བརྒྱུད་པ་ཇི་ལྟར་བྱུང་བའི་སྐོར་ལ་རང་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་ཤེས་ཚོད་དང་བསྟུན་ཏེ་སྤྱིར་བོད་ཀྱི་ཡུལ་ཕྱོགས་སུ་ཡོངས་གྲགས་སུ་དབུས་བརྐོས་དང་ཁམས་བརྐོས་གཉིས་ཡོད་པ་ལས་ད་ཐེངས་གཙོ་བོར་ཁམས་བརྐོས་སྐོར་ལ་ཅུང་ཙམ་ངོ་སྤྲོད་ཞུ་འདོད་པ་བྱུང་། 

དེ་ཡང་ཁམས་བརྐོས་དེ་དུས་ནམ་ཞིག་ཙམ་དུ་དར་བ་དང་།   གང་ཟག་གང་གིས་རྣམ་དཔྱོད་ཀྱིས་རྩལ་ལས་འཁྲུངས་པའི་མཛད་རྗེས་དང་སྲོལ་གསར་གཏོད་ཇི་ལྟར་བྱས་པའི་སྐོར་ལ་ཅུང་ཟད་ཞུས་ན།  ད་ལྟའི་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་རུ་བཞུགས་པའི་དཔེ་རྒྱུན་ཁག་གཅིག་གིས་མཛད་བྱང་དང་སྡེ་དགེའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་སོགས་ལ་ཉམས་ཞིབ་བྱས་པ་ལྟར་ན།   སྡེ་དགེའི་ཁྲི་རབས་བཞི་པ་ཁྲི་ཆེན་སངས་རྒྱས་བསྟན་པའི་སྐབས་ཤིང་བརྐོས་ཀྱིས་པར་གཞི་བཞེངས་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་པོད་ཆེན་མ་དང་།  འཇམ་མགོན་ས་སྐྱ་པནྜི་ཏས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་།   འགོས་ལོ་ཙཱ་བ་དྷརྨ་བྷ་དྲའི་སུམ་རྟགས་རྩ་འགྲེལ།  ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་ཐར་དང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཁྲིད་ཡིག་གོ་དོན།   རྡོ་རྗེ་འཇིགས་བྱེད་ཀྱི་རྭ་རྩེར་སེམས་འཛིན།  ས་སྐྱོང་སྡེ་དགེ་རྒྱལ་པོའི་རྒྱལ་རབས་བཅུ་གཅིག་ཁྲི་རབས་ལྔ་པ་བསོད་ནམས་ཕུན་ཚོགས་སྐབས་བཞེངས་པའི་གསོ་རིག་རྒྱུད་བཞི་པར་གཞི་སོགས་སྔ་ཕྱི་ཆོས་ཚན་མང་པོ་ཞིག་པར་དུ་བརྐོས་ནས་བཞེངས་ཡོད་པ་ནི་མངོན་སུམ་ཚད་མའི་རྙེད་དོན་དུ་བཞུགས་ཡོད་ལ།  སྐབས་དེའི་དུས་སུ་བརྐོས་བཟོའི་ལག་རྩལ་བྱུང་ཡོད་ན་ཡང་།  ལོ་རྒྱུས་ཀྱི་བདེན་དཔང་ཙམ་མ་གཏོགས་གང་ཟག་འདི་པས་བརྐོས་པ་རེད་ཅེས་མིག་སྔར་གསལ་བཤད་བྱེད་དཀའ་བའི་གནས་སུ་གྱུར་ཡོད།   ཕྱིས་སུ་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་སྟེ་སྤྱི་ལོ་༡༧༢༨ལོར་ས་སྐྱོང་སྡེ་དགེ་རྒྱལ་པོའི་རྒྱལ་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་ཞེས་ས་ཆེན་པོའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པའི་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བའི་སྐྱེས་ཆེན་དམ་པ་དེ་ཉིད་སྐུ་ཡི་ཆུ་འཛིན་ལྷུག་པོར་གྲོལ།   སྤྱི་ལོ་༡༧༡༣ལོར་ཁམས་གསུམ་ཟིལ་གྱིས་གནོན་པའི་ཁྲི་འཕང་མཐོན་པོར་མངའ་གསོལ་ནས་རྒྱལ་སྲིད་ཆོས་བཞིན་སྐྱོང་བས་རྒྱལ་རབས་གཞན་ལས་ཁྱད་པར་དུ་འཕགས་པའི་མངའ་ཐང་རྒྱས། ཁོང་གིས་ཐུགས་བཞེད་དུ་རྒྱལ་བ་བུ་རམ་ཤིང་པའི་བསྟན་པ་ལ་བྱ་བ་ཚུལ་བཞིན་བྱེད་དགོས་ན། ཆོས་སྐུའི་རིང་བསྲེལ་ཆེན་མོ་གསུང་རབ་བཀའ་རབ་འབྱམས་རྒྱལ་མཚོའི་བསྟན་པ་འདི་ཉིད་འཇིག་རྟེན་གྱི་ཁམས་སུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་བཞུགས་སུ་གསོལ་བའི་ཐབས་སུ་ཤིང་དཔར་གྱི་པར་གཞི་བརྐོ་དགོས་པའི་དགོངས་པ་འགོག་མེད་དུ་ཤར། སྐབས་དེ་དང་བསྟུན་ནས་མདོ་ཁམས་སའི་ཐིག་ལེ་འབྲི་ཀླུང་དལ་གྱིས་འབབ་པའི་གཡས་ཟུར་སྐུ་ཚེ་རིག་པའི་འབྱུང་གནས་ཞེས་འབོད་པའི་གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ་ཡེ་སང་སྡེ་པའི་དགོན་རག་གནས་དང་ཉེ་བའི་ལུང་འདབས་སུ་ཡི་རང་ཚང་ཞེས་ད་ལྟའི་འཇོ་འདའ་རྫོང་སྤོ་ལུ་ཡུལ་ཤོག་གི་སའི་ཆར་གཏོགས་ཡི་རང་ཚང་དུ་སྐུ་བལྟམས་པའི་བྱམས་ཐོག་ལྷ་དབང་ངམ་ཕྱིས་སུ་བརྐོས་ལྷ་ཀླུ་དགྱེས་ཞེས་པ་དེ་ཉིད་ཡི་གེ་འབྲི་ཀློག་སྦྱངས་པ་ནས་བཟུང་རིག་གནས་ཀྱི་གསོན་ཤུགས་བརྟས་པའི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར།   ཁོང་གི་ཉིན་ཞིག་ལ་ཤིང་ངོས་འབུ་སྲིན་གིས་བཟས་པའི་རི་མོ་ལ་ཡི་གེ་ས་ཕྱིར་ལོག་གི་རྣམ་པ་དོད་ཡོད་པ་མཐོང་ནས། དེ་མ་ཐག་དཔར་ཤིང་བརྐོ་བྱེད་ཀྱི་ལག་ཆ་བཟོས་པའི་ལོ་རྒྱུས་བཤད་རྒྱུན་ཡོད་པར་མ་ཟད།  ཐོག་མར་ཀ་མད་སུམ་ཅུ་དངོས་སུ་བརྐོས་པའི་ལོ་རྒྱུས་དང་།         དེ་ནས་ཚེ་མདོ་ཆ་ཚང་བརྐོས་ཏེ་གླང་ལ་བཀལ་ནས་འཛོམས་ཐོག་ཏུ་སླེབས་པ་དང་ཆོས་རྒྱལ་བསྟན་པ་ཚེ་རིང་ཡང་གནས་དེ་ཉིད་དུ་མ་བགྲོས་དུས་གཅིག་ཏུ་མཉམ་འཛོམས་བྱུང་བས་ཁོང་གིས་ཚེ་མདོའི་པར་ཤིང་དེ་ཕུལ་བས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་བརྐོ་དགོས་པའི་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཀྱིས་འཛོམས་ཐོག་ཏུ་མཉམ་དུ་འཛོམས་པས་འཛོམས་ཐོག་ཅེས་ས་མིང་ཡང་དེ་ནས་བཟུང་ཐོག་པའི་ལོ་རྒྱུས་བཤད་རྒྱུན་ཡོད་ལ།   ཁྱད་པར་དུ་བརྐོས་བཟོའི་རིག་གནས་ལ་བྱང་ཆ་ལྡན་པས་བརྐོས་ཀྱི་ལག་རྩལ་ཕུལ་དུ་ཕྱིན་ཞིང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་རྣམ་དཔྱོད་ཀྱི་རྩལ་འཁྲུངས།   དེ་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་དང་ཆོས་རྒྱལ་བསྟན་པ་ཚེ་རིང་གཉིས་ཀྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བརྐོ་བའི་བཀའ་གྲོས་ནང་བརྐོས་དཔོན་ལྷ་ཀླུ་དགྱེས་བསྐོ་བཞག་གནང་།  སྤྱི་ལོ་༡༧༢༩ལོར་ས་སྐྱོང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ལས་གྲྭ་དངོས་སུ་བཙུགས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཐོག་མཐའ་བར་གསུམ་བརྐོས་དཔོན་ལྷ་ཀླུ་དགྱེས་ལ་འགན་འཁྲི་བསྐོ་བཞག་གནང་བར་གྲགས།   ཁམས་བརྐོས་ཀྱི་ཕྱི་མོ་ཡང་ཆུ་འགོ་གང་ནས་བརྒྱུད་པ་ནི་དམ་པའི་སྐྱེས་བུ་ཁོང་གིས་ཕྱག་མཛུབ་བར་གྲོལ་བའི་ལོ་རྒྱུས་དང་འབྲེལ་ཞིང་།  རིག་གནས་ཀྱི་རྒྱ་མཚོ་ལྟ་བུའི་འབྱུང་ཁུངས་སུ་གྱུར་པའི་བརྐོས་བཟོའི་ལག་རྩལ་འདི་ལ་བར་ཆད་དང་དམ་སེལ་གྱིས་རྙོག་པའི་རྡུལ་དང་མ་འདྲེས་པར་དྭངས་གཙང་གི་ཆུ་འགོ་འདི་ནས་དྲངས་ཏེ་བརྒྱུད་པའི་ཕྱག་སྲོལ་བྱུང་ཡོད་པ་ཡིན་པར་བཞེད།   ཀུ་ཚེའི་ཡུལ་མི་རྣམས་ཀྱང་དེ་ནས་བཟུང་སྟེ་བོད་ཀྱི་རིག་གནས་ཡི་གེ་འབྲི་ཀློག་དང་། པར་ཤིང་དང་།  ལྷ་དཔར་གཏོར་དཔར་སོགས་བརྐོས་ཀྱི་རིགས་དང་། ཤོག་བུ་དང་སྣག་ཚ་བཟོ་ལས་སོགས་ཀྱི་ལག་ཤེས་ཀྱི་རིག་གནས་རྒྱ་མཚོ་ཆེན་པོ་ལ་ལོངས་སྤྱོད་ཅིང་། ཕོ་མོ་རིས་སུ་མ་ཆད་པའི་འབྲི་ཀློག་བརྐོས་གསུམ་ལ་མངའ་དབང་འབྱོར་བ་བྱུང་། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་རྒྱལ་བའི་བཀའ་བསྟན་ཡི་གེར་བྲི་བ་དང་། པར་རྐོ་བའི་བྱ་བཞག་བཟང་པོ་འདིས། ལུགས་གཉིས་སྤྱི་དང་ཁྱད་པར་བོད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཡིག་འབྲི་ཀློག་སོགས་སྲོལ་རྒྱུན་གྱི་རིག་གནས་བརྟན་བརླིང་བྱུང་བར་མ་ཟད། སྡེ་དགེའི་མངའ་འབངས་ཀྱི་མི་སེར་རྣམས་ལ་བོད་ཀྱི་རིག་གནས་ལ་བག་ཆགས་བཟང་པོ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  དེའི་འོག་ཏུ་ཀུ་སེ་དཔལ་དྲོ་ཧོར་གླང་ཞིང་ཚང་གི་མི་བརྒྱུད་ལས་མཆེད་པའི་བརྐོས་ལྷའི་དངོས་སློབ་ཀྱི་བརྒྱུད་པ་ཟམ་མ་ཆད་པ་བྱུང་བའི་ནང་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས་པའི་སྐྱེས་བུ་དམ་པ་གཟུངས་སྐྱབས་ཞེས་གྲགས་པ་དེ་ཉིད་བྱུང་བ་གྲགས་ལ།  ཁོང་གིས་སྡེ་དགེའི་བསྟན་འགྱུར་པར་གཞི་བཞེངས་སྐབས་བརྐོས་དཔོན་གྱི་ཐུགས་འགན་བཞེས་པའི་ལོ་རྒྱུས་ཞལ་གསལ་ཡོད་པ་ནི།  བསྟན་འགྱུར་དཀར་ཆགས་ལས།  པར་གྱི་བཀྲམ་བསྡུ་དང་རྐོས་པ་མཁས་དམན་གྱི་ཁྱད་པར་དཔྱོད་པ་ལ་བློ་གྲོས་རྣམ་པར་གསལ་བ་གཟུངས་སྐྱབས་ཞེས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སྐུ་དངོས་ཀྱིས་མཚན་གྱི་ཅོད་པན་མངའ་གསོལ་མཛད་པར་འཁོད་ཡོད་ལ།  ཁོང་གིས་འཁྲུངས་འདས་ཀྱི་ལོ་ཚིག་གསལ་པོར་མི་འདུག་ཀྱང་སྤྱི་ལོ་༡༧༣༧ལོར་བསྟན་འགྱུར་བཞེངས་པའི་དུས་ཚོད་དང་བསྡུར་ན་ཤེས་བྱེད་དུ་ངེས་པས་སྐབས་དེའི་དུས་སུ་བྱུང་བའི་བརྐོས་རབས་གཉིས་པ་ཡིན་པར་བསྙོན་དུ་མེད་ལ།   ཁོང་གི་དངོས་སློབ་ནི་རྐོས་ལྷའི་ཁྱིམ་བརྒྱུད་ཀྱི་སློབ་མ་འཕྱི་བ་སོགས་ཀུ་སེའི་ཡུལ་གྱི་ལུང་པ་ཕུ་མདའ་དང་། ལ་ལྟག་རྒྱབ་ཀུན་ཏུ་པར་བརྐོའི་ལག་རྩལ་པ་ས་ཁྱབ་རྡོ་ཁྱབ་ཏུ་བྱུང་ཡོད་པར་གྲགས་སོ།  །དེའི་འོག་ཏུ་བྱུང་བའི་དཔར་བརྐོས་གྲགས་ཅན་མི་སྣ་རྣམ་དཔྱོད་དང་བློ་གྲོས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་འཕྱི་བ་ཞེས་པ་དེ་ཉིད་ལག་རྩལ་མཁས་པའི་ཤུལ་འཛིན་ཡི་རང་ཚང་གི་ཁྱིམ་དུ་སྐྱེས་ཤིང་ཁོང་ནི་བརྐོས་རབས་བརྒྱུད་འཛིན་པ་གསུམ་པ་ཡིན་ལ། འཕྱི་བ་ནི་སྤྱི་ལོ་ ༡༧༤༥ ཡས་མས་ཀྱི་བརྐོས་པ་ཞིག་ཡིན། ཁོང་ལ་ལྗགས་ལོད་སོགས་རྒྱུད་འཛིན་སློབ་མ་མང་དུ་བྱུང་ཡོད་པར་གྲགས།   དེའི་འོག་ཏུ་ལྗགས་ལོད་ནི་ཡི་རང་ཚང་གི་ཁྱིམ་རྒྱུད་དུ་སྐྱེས་ཤིང་བརྐོས་ལ་ཤིན་ཏུ་མཁས་པའི་མཚན་སྙན་ཐོབ་ཅིང་ཤིང་དཔར་བརྐོས་པའི་བརྒྱུད་འཛིན་པ་བཞི་པ་ཡིན་ལ། ཁོང་ནི་སྤྱི་ལོ་ ༡༧༩༥ ཡས་མས་སུ་སྐྱེས་ཤིང་། ཁམས་ཕྱོགས་སུ་དུང་མགོ་གཙོས་རང་རྐྱ་ཕེར་བའི་སློབ་མ་སྐྱ་སེར་ཕོ་མོ་མང་པོ་ཞིག་གསོ་སྐྱོང་གནང་བའི་མཛད་རྗེས་བཞག་པའི་མི་སྣ་ཞིག་ཡིན་པར་བཤད།   དེའི་འོག་ཏུ་དུང་མགོ་ནི་ཡི་རང་ཁྱིམ་དུ་སྐྱེས་ཏེ་ཁོང་ནི་བརྐོས་ལ་མཁས་པའི་ཤིང་དཔར་བརྐོས་རབས་བརྒྱུད་འཛིན་པ་རབས་ལྔ་པ་ཡིན་ལ། སྤྱི་ལོ་ ༡༨༢༠ ཡས་མས་སུ་པར་ཤིང་བརྐོ་བ་ལ་ཤིན་ཏུ་སྙན་གྲགས་ཆེ་བའི་མི་སྣ་གཙོ་བོ་ཞིག་ཡིན་ལ། ཡུལ་དེའི་གཞོན་སྐྱེས་པ་ཡེ་ཚེ་སོགས་རྒྱུད་འཛིན་སློབ་མ་མང་དུ་གསོ་སྐྱོང་བྱས་པའི་གཏམ་རྒྱུན་ཡོད།   དེའི་མཇུག་ཏུ་ཡི་རང་དབང་གྲགས་ཟེར་བ་དེ་ཡང་རྐོས་ལྷའི་ཁྱིམ་བརྒྱུད་དུ་ ༡༨༤༠ ཡས་མས་སུ་སྐྱེས་ཤིང་། ཁྱིམ་བརྒྱུད་གཅིག་གིས་བརྐོས་རབས་མི་སྣ་དྲུག་པ་ཡིན་ལ། ཁོང་གིས་གསོ་སྐྱོང་གནང་བའི་སློབ་མ་ཡེ་འཇམ་དང་། འགུ་ཆགས་ཆོས་འཕེལ་སོགས་པར་བརྐོས་ཀྱི་ལག་རྩལ་ལ་མཁས་པའི་སློབ་མ་མང་དུ་བྱུང་ཡོད་པར་གྲགས་སོ།  །དེའི་རྗེས་སུ་ཡི་རང་ཚེ་ནོར་ནི་ཤིང་དཔར་བརྐོ་བ་ལ་རང་དབང་འབྱོར་བའི་ཡི་རང་ཚང་སར་སྐྱེས་ཤིང་འཚར་ལོངས་བྱུང་བའི་པར་བརྐོའི་ལག་རྩལ་བརྒྱུད་འཛིན་པ་བདུན་པ་དེ་ཡིན་ལ། ཁོང་ནི་༡༨༩༠ཡས་མས་སུ་བྱུང་བའི་གཞན་འདྲིང་མི་འཇོག་པའི་རྣམ་དཔྱོད་དང་ལག་རྩལ་ཟུང་དུ་འབྲེལ་བའི་བརྐོས་པ་མཁས་ཆེན་ཞིག་ཡིན་ལ། ཁོང་གིས་འགུ་ཆགས་ཆོས་འཕེལ་དང་། ཡེ་འཇམ་སོགས་ཡུལ་དེར་བརྒྱུད་འཛིན་སློབ་མ་ཇི་སྙེད་ཅིག་གསོ་སྐྱོང་བྱས་པའི་མཛད་རྗེས་བཞག་ཡོད་པར་བཞེད།   དེའི་རྗེས་སུ་ཡི་རང་འཇམ་བློ་ནི་ ༡༩༣༩ ལོར་སྐྱེས་ཤིང་ཡི་རང་ཚང་གིས་བརྐོས་རབས་བརྒྱད་པ་དེ་ཡིན།  འདི་ལ་བུ་མོ་གཅིག་ལས་བུ་མེད།  སྐབས་དེར་འགུ་ཆགས་ཆོས་འཕེལ་ཟེར་བའི་པར་བརྐོས་ཤིན་ཏུ་མཁས་པ་ཞིག་ཀྱང་ཡོད་རབས་འདུག །ཡེ་སངས་ཡུལ་སྡེ་རུ་དམར་ལེབ་ཚེ་འཕེལ་དང་། བསོད་འཕེལ་ཨ་ཀར་སོགས་སློབ་མ་མང་དུ་གསོ་སྐྱོང་བྱས་ཏེ། ཡུལ་སྡེ་གཞན་རྣམས་སུ་རྐོས་པ་དཔལ་དྲོའི་འཇམ་བཟང་དང་། དོན་རྒྱལ་དང་བླ་མ་ཆོས་རྣམ་སོགས་དང་། དབྱིག་ཡུལ་གྱི་སྟོབས་རྒྱལ་དང་སྟོབས་ལྡན་ཕ་བུ་གཉིས་དང་། ཚེ་རིང་རྡོ་རྗེ་དང་ཚེ་རིང་ནོར་བུ་སོགས་དང་། ཨ་དམ་གྱི་མདའ་འཕེན་ཚེ་སྟོབས་ཕ་བུ་རྣམས་དང་། བྲག་ཐོག་ཨ་རྣ་དང་། ཚེ་འབུལ་ཨ་བློ་དང་། དམར་ཁང་མཐུ་སྟོབས་དང་ཐུབ་བསྟན་སོགས་དང་། རྩམ་ཉིན་གྱི་གསང་ར་དབང་རྒྱལ་དང་། ཉི་དགའ། དཔལ་འབྱོར་སོགས་དང་། འཕེལ་ནེའི་ཚེ་བཀྲ་དང་བཀྲ་རྡོ་གཡུ་ཟླ་ཀར་རྡོ་སོགས་དང་། ཆུ་སྲིབ་ཀྱི་གཉའ་ཚ་རྣམ་རྒྱལ་ལུང་འགུ་སྐལ་རྒྱལ་སོགས་དང་། འཕྲང་ཟམ་གྱི་ག་འབངས་དང་པད་འཕྲིན་སོགས་དང་། གླང་ཐོད་ཀྱི་གྲགས་རྒྱ་དང་རྣམ་བཀྲ་ར་ཆུང་ལྷ་དབང་སོགས་དང་། ཨེ་ཐོག་གི་དབང་གྲགས་དང་འཇམ་དབྱངས་བསྟན་འཇམ་སོགས་དང་། དམུ་པའི་བྲམ་གཤོང་བཀྲ་འཕེལ་དང་བུ་ཁྲ་དཔལ་རྡོ་ཕུན་ཚོགས་སོགས་དང་། ངོ་འཕེལ་གྱི་ཕྱག་རྡོར་དང་རིན་འཛིན་བཀྲ་ཤིས་རྣམ་རྒྱལ་བཀྲ་ཤིས་སོགས་དང་། འབུ་མེའི་རི་རྡོ་དང་འཇམ་དབྱངས་འགྱུར་རྒྱལ་དབང་ཕྱུག་སོགས་དང་། འབྲས་ཐོག་གི་བཀྲ་འཕེལ་དང་དབང་རྒྱལ་སོགས་ཀུ་སེའི་ཕྱོགས་ནས་རྒྱུན་ལྡན་པར་བརྐོས་པ་སྡེ་ཤོག་བཅུ་བཞི་ཙམ་ཡོད། ཀུ་སེའི་ཡུལ་ཀུན་ལ་ཕོ་མོ་སྐྱ་སེར་མེད་པ་པར་བྲིས་བརྐོས་གསུམ་གྱི་ལག་རྩལ་ལ་མངའ་བརྙེས་ཤིང་། སྐྱེ་དམན་ཡིན་ཡང་འབྲི་ཀློག་བརྐོས་གསུམ་མི་ཤེས་མཁན་ཕལ་ཆེར་མེད་པས་ཀུ་སེ་ཕོ་བརྐོས་མོ་བརྐོས་དང་སྐྱ་བརྐོས་སེར་བརྐོས་སུ་གྱུར། ཆོས་ཀྱི་བློ་གྲོས་སོགས་དམ་པ་དུ་མས་ཀུ་སེ་རིག་འབྱུང་ཞེས་བསྔགས་ཡུལ་དེ་དོན་ལ་གནས་པར་གྱུར་ཡོད། སྡེ་དགེའི་ཕྱོགས་ནས་རྣ་ཕུ་དང་། མཛེས་པ། བ་རིང་། མོ་ཤོད། པད་མདའ། དངུལ་ཕུ་སོགས་ཡུལ་ཤོག་དྲུག་ཙམ་དང་ཀུ་སྡེ་གཉིས་ལ་ཡུལ་སྡེ་ཉི་ཤུ་ཙམ་གྱིས་ལོ་ངོ་བཞི་བརྒྱ་ལ་ཉེ་བ་ཙམ་ནས་ལག་རྩལ་པ་མང་སྐབས་སྟོང་ཕྲག་ལ་ཉེ་བ་དང་། ཉུང་སྐབས་ལྔ་བརྒྱ་ཡས་མས་ཙམ་གྱིས་སྤྱི་ཚོགས་རྙིང་པ་ནས་ད་ལྟའི་བར་དུ། བར་མ་ཆད་པར་ལག་རྩལ་འདི་ཉིད་བརྒྱུད་འཛིན་དང་དར་སྤེལ་བྱས།  །དེའི་རྗེས་སུ་ཡི་འཇམ་ལ་བུ་མེད་ཀྱང་བུ་མོ་ཡི་མོ་ནི་སྤྱི་ལོ་ ༡༩༥༧ ལོར་ཡི་རང་ཁྱིམ་དུ་སྐྱེས་ཤིང་མོ་དེ་ལ་བུ་གཉིས་ཡོད་པས། ཡི་རང་ཉི་མ་རིན་ཆེན་བརྐོས་པ་ཡིན་ལ་ཡི་རང་ཚང་གི་ཤིང་བརྐོས་ཀྱི་བརྒྱུད་འཛིན་པ་དགུ་པ་དེ་ཡིན། ཁོང་ནི་༡༩༩༧ ལོར་སྐྱེས་ཤིང་སྐབས་དེར་སྡེ་དགེ་དང་ཀཿཐོག་དཔལ་སྤུངས་སོགས་ཀྱི་པར་བརྐོས་ནས་ཁོང་གིས་ལག་རྩལ་ལ་ཀུན་གྱིས་ཡིད་སྨོན་ཤོར་བའི་གནས་སུ་གྱུར་སོང་བར་གྲགས་སོ།  །དེའི་བུ་བསོད་ནམས་དབང་ཕྱུག་ནི་སྤྱི་ལོ་༢༠༠༤ ལོར་ཡི་རང་ཁྱིམ་དུ་སྐྱེས་ཤིང་ཡི་རང་ཚང་གི་བརྐོས་རབས་བཅུ་པ་ཡིན་པས་ཡབ་མེས་གོང་མ་དག་གིས་བརྐོས་སྲོལ་ཆེད་གཉེར་གྱི་བརྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཕྱིར་པར་བརྐོས་སློབ་དཔོན་ཆེན་མོ་འཇམ་དབྱངས་གྲགས་པས་གསོ་སྐྱོང་འོག་མཛུབ་སྟོན་གྱི་དགེ་བའི་བཤེས་སུ་བཀུར་ནས་ད་ལྟ་སློབ་སྦྱོང་བྱེད་བཞིན་པ་ཡིན་ནའང་ཁོང་ནི་ཡ་རབས་མཁས་པའི་རིགས་བརྒྱུད་འཁྲུལ་མེད་ལག་པས་པར་བརྐོས་ལག་རྩལ་གྱི་འབྱུང་འགྱུར་ལ་དོན་སྙིང་ལྡན་པའི་འཇོན་ཐང་ཅན་གྱི་མི་སྣ་ཞིག་ཏུ་འགྱུར་བའི་ཡིད་ཆེས་བརྟན་པོར་ཡོད།  གོང་དུ་ཞུས་པ་དེ་དག་ནི་ཁྱིམ་བརྒྱུད་གཅིག་ལས་མཆེད་པའི་གནའ་བོའི་པར་བརྐོས་ལག་རྩལ་གྱི་བརྒྱུད་འཛིན་མི་སྣ་རགས་རིམ་ཙམ་དུ་ཞུས་ཟིན་པ་ལགས་སོ།།  དེའི་འོག་ཏུ་སྤྱི་ལོ་༡༩༨༡ལོར་དཔར་དཔོན་བཀྲ་ཤིས་རྡོ་རྗེའི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་རིག་དངོས་བསྲུང་སྐྱོབ་ལས་གནས་ཀྱིས་བསྒྲུབ་འགན་བཞེས་ཏེ་སྤྱི་ཚོགས་འཕོ་འགྱུར་གྱི་དུས་རིམ་ནང་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རིན་པོ་ཆེ་རྣམ་གཉིས་གཙོ་བོར་བྱས་པའི་པར་བྱང་གྲོན་བརླགས་ཤོར་བ་རྣམས་བསྐྱར་གསོ་བྱ་ཆེད།    བོད་ལྗོངས་འཇོ་མདའ་རྫོང་གི་མངའ་ཁོངས་ཀུ་སེའི་ཡུལ་དུ་མྱུལ་ནས་རིག་ཆུང་ཕྱག་རྡོར་དང་བཀྲ་ཚེ་ཚེ་འཕེལ་སོགས་གདན་ཞུས་བྱས་ཏེ་པར་བརྐོས་ལས་སྒྲུབ་མི་སྣ་ལྔ་བརྒྱ་ཙམ་བསྡུས་ནས་པར་ཤིང་བརྐོ་ཞོར་དང་སློབ་མ་གསོ་སྐྱོང་བྱེད་ཞོར་ཟུང་དུ་སྡེབ་ནས་སྡེ་དགེའི་པར་བརྐོས་ལག་རྩལ་གྱི་མེ་རོ་པར་ཁང་ཆོས་མཛོད་ཆེན་མོ་རུ་སློང་ནས་མེ་ལྕེ་གངས་ལྗོངས་མདོ་ཁམས་འབྲི་ཀླུང་ཉིན་སྲིབ་གཉིས་ཀྱིས་ཡུལ་གྲུ་ཀུན་ཏུ་མཆེད།   དེ་ནས་བཟུང་པར་བརྐོས་ལག་རྩལ་གྱི་ཕ་ས་ལྟ་བུ་གྱུར་ནས་དེང་དུས་གསར་རྙིང་གཉིས་ཀྱི་དགོན་སྡེ་དང་བཤེས་གྲྭ་ཁག་ཏུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཔར་གཞི་དང་གྲུབ་མཐའ་སོ་སོའི་གསུངས་འབུམ་དང་རྙིང་རྒྱུད་བཀའ་མའི་པར་གཞི་སོགས་གསུང་རབ་པར་བྱང་བྲག་རི་བརྩེགས་པ་ལྟར་བཞེངས་དང་བཞེངས་བཞིན་པ་བཅས་ལགས་སོ།།  སྤྱི་ལོ་༢༠༡༢་ལོར་ཚང་བཀྲ་ལགས་ཀྱིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་ལས་གནས་སྤོས་ཏེ། པར་ཁང་གི་རིག་དངོས་བསྲུང་སྐྱོབ་དོ་དམ་དང་པར་དཔོན་ལས་བསྒྲུབ་ཀྱི་ཐུགས་འགན་བཞེས་ཏེ།   རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཐེངས་གཉིས་པའི་པར་གཞི་གསར་བཞེངས་མཛད་པ་ལ་ཕུལ་བྱུང་ལག་རྩལ་མཁས་ཅན་ཀུ་ཚེའི་འཇམ་དབྱངས་གྲགས་པ་གདན་ཞུས་མཛད།  སྤྱི་ལོ་༢༠༡༤ལོར་འགོ་བཙུགས་ཏེ་ཁོང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ།   ལྷ་རིས་པ་གྲགས་ཅན་ཆབ་མདོ་ཆོས་སྐྱོང་ཚེ་རིང་གི་བྲིས་པའི་བསྒྲུབ་པ་བཀའ་བརྒྱད་ཀྱི་པར་རྩ་དང་ཧོར་པོའི་འོ་སེ་ཀརྨའི་གདུང་སྲས་འཆི་མེད་ཏིང་འཛིན་གྱིས་བྲིས་པའི་འཕགས་པ་བཀྲ་ཤིས་བརྒྱད་པའི་པར་རྩ་དང་།  ཉག་རོང་ལྷ་རིས་པ་གྲགས་ཅན་ཨ་སྐལ་གྱིས་བྲིས་པའི་ཉེ་སྲས་བརྒྱད་ཀྱི་པར་རྩ་དང་། གཞན་ཡང་སྤྱན་རས་གཟིགས་དང་སྒྲོལ་མ་རྣམ་སྲས་སོགས་ཀྱི་མཛེས་རྩལ་ཕུལ་དུ་བྱུང་བའི་པར་རྩ་རྣམས་ཀུ་སེ་འཇམ་དབྱངས་གྲགས་པས་ལྷ་པར་དང་བཀའ་འགྱུར་རོ་ཅོག་སོགས་པར་གཞི་གསར་བརྐོས་མཛད་དེ་ཀུན་གྱིས་ཡིད་སྨོན་འཆོར་བའི་གནས་སུ་གྱུར་པའི་མཛད་རྗེས་འཇོག་ཡོད། དུས་ཕྱིས་སུ་པར་བརྐོས་ཀྱི་ཤུལ་བཞག་རིག་དངོས་བརྒྱུད་འཛིན་མི་སྣ་དམིགས་བསལ་བ་ཁག་ཅིག་བྱུང་བའི་ནང་རིག་ཆུང་ཕྱག་རྡོར་ནི་སྤྱི་ལོ་༡༩༤༦ལོར་སྐྱེས་ཏེ་པར་བྲིས་བརྐོས་གསུམ་ལ་མཁས་ཤིང་། ལྷག་པར་དུ་པར་དུ་པར་བརྐོས་ལག་རྩལ་བ་ཤིན་ཏུ་མཁས་པ་ཞིག་ཡིན་པས། པར་དཔོན་བཀྲ་ཤིས་རྡོ་རྗེའི་དུས་སུ་སྡེ་དགེར་པར་བརྐོ་མི་སྣ་ལྔ་བརྒྱ་ལ་ཉེ་བ་འཛོམ་སྐབས། པར་བརྐོའི་དགེ་རྒན་དུ་བསྐོ་བཞག་བྱས། པཎ་ཆེན་རིན་པོ་ཆེ་སྡེ་དགེ་པར་ཁང་དུ་ཕེབས་སྐབས་སུ། འཇིག་རྟེན་མིག་འབྱེད་གསུང་རབ་ཏེ། །ལེགས་ཉེས་གསལ་བའི་མེ་ལོང་ཡིན། །རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ། །སྐྱེ་རྒུ་ཕན་པའི་སྨན་གྱི་འཚོ། །སྡེ་དགེ་པར་ཁང་ཆེན་མོ་ཞེས། །ཡངས་བའི་ཁྱོན་ན་ལྷང་ངེར་གྲགས། །སྔ་རྗེས་ཆེན་པོ་གཞི་ཐོག་ཏུ། །ཕྱི་རྗེས་ཆེན་པོ་འཇོག་པར་འཚལ། །ཞེས་པའི་ཤིས་ཚིག་གནང་བ་དེ་ཉིད་ཁོང་ལ་བརྐོ་བཅུག་སྟེ་དེང་སང་པར་ཁང་གི་འདུ་ཁང་འོག་མ་ཤིང་ཁྲིའི་ཐོག་ཏུ་བཞུགས་ཡོད། དེ་ལ་བརྟེན་ནས་སྐབས་དེའི་སྡེ་དགེའི་ཤིང་པར་གྱི་ཡིག་གཟུགས་ཇི་ལྟར་བརྐོ་བའི་ཚུལ་ལ་ཞིབ་འཇུག་བྱ་ཡུལ་མཆོག་ཏུ་གྱུར་པ་ཞིག་ཆགས་ཡོད། ཁོང་གིས་པར་བརྐོའི་སློབ་མ་སྐྱོང་བ་དང་ལག་རྩལ་རིག་གནས་ཀྱི་སྤུས་ཚད་ཀྱི་ཡར་རྒྱས་སུ་གཏོང་བ་སོགས་མཛད་རྗེས་ཧ་ཅང་ཆེ་བའི་མི་སྣ་གལ་ཆེན་ཞིག་ཡིན་ནོ།། མདའ་འཕེན་ཚེ་སྟོབས་ནི་སྤྱི་ལོ་༡༩༢༦ལོར་སྐྱེས་ཤིང་པར་བྲིས་ལྷ་བརྐོས་གསུམ་ཀ་ལ་བྱང་ཆུབ་པའི་མཁས་པ་ཞིག་ཡིན་ཀྱང་། ལྷག་པར་དུ་ལྷ་ཐང་རི་མོ་ཆེད་བརྐོས་པ་ཞིག་ཡིན་ཏེ། རིག་གསར་རྗེས་སུ་སྡེ་དགེ་པར་ཁང་གི་ལྷ་པར་ཉམས་གསོ་སྐབས་ཀྱི་ལྷ་བརྐོའི་དགེ་རྒན་ཡང་མཛད་མྱོང་བར་མ་ཟད། སྡེ་དགེ་པར་ཁང་གི་ལྷ་ཐང་ཕལ་ཆེར་དཔལ་སྤུངས་ཐང་ལྷ་ཚེ་དབང་གིས་སྐྱ་རིས་བྱས་ཏེ་ཁོང་གི་བརྐོས་པ་ཤིན་ཏུ་མང་། སྡེ་དགེའི་སྲིད་དོན་ལོ་རྒྱུས་ནང་དུ་ལྷ་བརྐོས་མཁས་པ་ཚེ་སྟོབས་ཞེས་འཁོད་ཡོད་པ་སོགས་ཐང་ཁའི་རི་མོ་བརྐོ་བའི་ལག་རྩལ་ལ་མཛད་རྗེས་གསུབ་ཐབས་བྲལ་བ་ལྟ་བུ་བཞག་ཡོད་དོ།། ཕུན་ཚོགས་ཚེ་རིང་ནི། སྤྱི་ལོ་༡༩༥༦ སྡེ་དགེ་མོ་ཤོད་དུ་སྐྱེས། དགེ་རྒན་ནི་ཀུ་སེའི་ཚེ་བཀྲ་དང་རིག་ཆུང་རི་འཛིན་དང་ཚེ་རིང་ཕུན་ཚོགས་སོགས་ལ་བརྟེན། ཁོང་ནི་པར་བརྐོའི་ལག་རྩལ་ལ་བྱང་ཆ་ལྡན་ཞིང་ཉམས་མྱོང་ཆེས་ཆེ་བའི་པར་བརྐོས་ཤིག་ཡིན་ལ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྒྱུད་འཛིན་པའང་ཡིན། ཁོང་ནི་སྡེ་དགེའི་པར་ཁང་དུ་ལོ་ངོ་ལྔ་བཅུ་ལ་ཉེ་བ་ཙམ་དུ་པར་བརྐོས་ལས་ཀ་བྱས་ཏེ། པར་ཁང་དུ་ལས་ཀ་འདིའི་ཐོག་བྱ་བ་སྒྲུབ་ཡུན་ཆེས་རིང་བའི་པར་བརྐོ་ལག་རྩལ་པ་ཞིག་ཡིན། མི་ཚེ་གོང་པོའི་བྱ་བའི་ཉམས་མྱོང་སོགས་ཡོད་ཚད་ཀྱིས་སྡེ་དགེ་པར་ཁང་དུ་མཛད་རྗེས་འཇོག་དང་འཇོག་བཞིན་ཡོད་དོ།། འཕེལ་ནེ་ཚེ་བཀྲ་ནི། ༡༩༢༥ ལོར་སྐྱེས་ཏེ། ཁོང་ནི་པར་བྲིས་བརྐོས་གསུམ་ལ་མཁས་ཤིང་། གྲྭ་ལག་དང་། ལི་ཐང་དང་། དར་རྒྱས་དགོན། སྟག་གཟིག་རྫོང་རྩ་དགོན། རྫ་སྟེང་ཆེན་དགོན་། ཉག་རོང་གོ་འཇོ་བཅས་དགོན་པ་མང་པོར་པར་བརྐོས་སོང་། ༡༩༨༡ ལོར་སྡེ་དགེ་པར་ཁང་དུ་མཁས་འཇུག་དང་། སྒྲ་ཊིཀ་དང་། སྒྲ་མདོ་བཅས་པར་བརྐོས། ༡༩༨༢ ལོར་རིན་ཆེན་གཏེར་མཛོད་དང་། ༡༩༨༤ལོར་རྨུགས་སངས་མཁར་ལེགས་སྤྲུལ་སྐུས་དཔལ་ཡུལ་དུ་བཀའ་མ་བརྐོ་མཁན་གཏོང་། ཤཱཀྱ་སྡེ་དགེ་པར་ཁང་གི་པར་དཔོན་སྐབས་སུ། ཙུའུ་ཀྲུམ་དང་བཙུགས་མགོ་ངོས་ལེན་པ་བྱསཏེ། རིན་ཆེན་གཏེར་མཛོད་མཇུག་མ་རྫོགས་བར་དུ་སྡེ་དགེ་ཚང་གི་པར་བརྐོའི་བྱ་བ་སྒྲུབ་ཅིང་ཁོང་ནི་པར་བྲིས་བརྐོ་གསུམ་ལ་མཁས་པ་ཙམ་དུ་མ་ཟད་མདོ་ཁམས་ཀྱི་དགོན་པ་མང་པོར་སོང་ནས་གསུང་རབ་ཀྱི་ལས་ལ་མཛད་བཟང་གསེར་གྱི་འཁོར་ལོ་རབ་ཏུ་བསྐོར་བའོ།། པར་བརྐོ་ཚེ་འཕེལ་ནི་སྤྱི་ལོ་སྤྱི་ལོ་༡༩༦༣ལོར་སྐྱེས་ཤིང་ཀུ་སེ་རྨུགས་སངས་ཤིང་བརྐོས་ཀྱི་དགེ་རྒན་དང་། པར་བརྐོས་མཁས་པ་ཚེ་འཕེལ་ཞེས་ཡོངས་སུ་གྲགས། བོད་ལྗོངས་ཆབ་མདོའི་ཡུལ་སྐོར་ཅུས་ཀྱིས་ཁོང་གི་འདྲ་སྐུ་བཟོས་ཏེ་གཤོམས་སྟོན་ཁོང་དུ་བཞག་ཡོད། ཁོང་ནི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་གྱི་རྒྱལ་ཁབ་རིམ་པའང་ཡིན། ད་ལྟ་ཤིང་བརྐོས་འདིའི་ཐད་དུ་སློབ་མ་སྐྱོང་བ་སོགས་མཛད་རྗེས་ཀྱི་ཕྱག་ལས་གནང་དང་གནང་བཞིན་ཡོད། ཉ་ཚ་རྣམ་རྒྱལ་ནི་སྤྱི་ལོ་༡༩༦༨ལོར་ཀུ་སེའི་ཡུལ་དུ་སྐྱེས་ནས་སློབ་སྦྱོང་གི་བརྒྱུད་བརླན་ཤིང་བརྐོས་ཀུང་སིའི་གཙོ་བདག རྐོས་ལྷ་གཉིས་པའི་མཚན་བཞེས་ཐོག་རྣམ་རྒྱལ་པར་ཁང་ཟེར་བའི་སྔར་མེད་ཀུ་སེ་གཞུང་དུ་པར་ཁང་ཞིག་བརྒྱབ་ཡོད། ཁོང་ནི་པར་བརྐོ་མཁས་པར་མ་ཟད་ལྗོངས་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པའང་ཡིན་ནོ།། བྲག་ཐོག་ཨ་རྣ་ནི་སྤྱི་ལོ་༡༩༥༦་སྐྱེས་ཤིང་ཁོང་ནི་པར་རྐོས་དང་ཚ་ཚའི་རྐོས་ཕོར་བླུགས་སྒྲོས་ལ་མཁས། རྫ་པད་སྙིང་དང་དཀར་མཛེས་ན་གཙང་སྤྲུལ་སྐུ་སོགས་ཀྱི་པར་བརྐོས་དང་། ཛཾ་ཐང་གཙང་བ་དགོན་གྱི་པར་དཔོན་བྱས། ཇོ་ནང་ཆོས་འབྱུང་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དུམ་པ་བཅུ་གཉིས།  ཀུན་མཁྱེན་དོལ་པོ་པའི་གསུང་འབུམ་དུམ་པ་བརྒྱད། བསྐལ་བཟང་ལྷ་བརྒྱ་དང་། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་གསུང་འབུམ་སོགས་པོ་ཏི་མང་པོ་ཞིག  སྤྱི་ལོ༡༩༨༢ནས་དབུ་བརྩམས་ཏེ་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་སྣེ་ཁྲིད་བྱས། ལོ་དེའི་རིང་ཀུ་སེ་བའི་ཡུལ་ཤོག་མང་པོ་ཞིག་ལ་འཚོ་བ་དང་དཔལ་འབྱོར་ལག་རྩལ་ཐད་དུ་བཀའ་དྲིན་གསབ་ཐབས་བྲལ་བའི་བརླབ་ཆེན་གྱི་མི་སྣ་ཞིག་ཡིན་ནོ།། བཤད་སྒྲུབ་དར་རྒྱས་ནི། སྤྱི་ལོ་ ༡༩༧༡ལོར་སྡེ་དགེ་མོ་ཤོད་དུ་སྐྱེས། རང་ལོ་བཅུ་གསུམ་ཐོག་ནས་དགེན་ཕུན་ཚོགས་ཚེ་རིང་སོགས་ལ་བརྟེན་ནས་པར་བརྐོའི་ལག་རྩལ་ལ་སྦྱོང་བ་མཐར་ཕྱིན་པ་བྱས། རང་ལོ་བཅོ་ལྔའི་ཐོག་ནས་ད་ལྟའི་བར་པར་ཁང་དུ་ལས་ཀ་བྱས་ཤིང་། ངོ་ལོ་བཞི་བཅུ་ལ་ཉེ་བ་ཙམ་དུ་ལག་རྩལ་འདི་བེད་སྤྱོད་ནས་པར་ཁང་གི་བྱ་བ་ལ་བྱས་རྗེས་བཞག་དང་འཇོག་མུས་སུ་མཆིས། ཁོ་བོ་ནི་ཞིང་ཆེན་རིམ་པའི་པར་བརྐོའི་ལག་རྩལ་རྒྱུད་འཛིན་མི་སྣ་ཞིག་ཡིན་ནོ།། ཤེས་རབ་ཕུན་ཚོགས་ནི།  ༡༩༦༣ལོར་སྡེ་དགེ་བ་རིང་གཡུ་གུ་ནང་དུ་སྐྱེས་ཤིང་། ནར་སོན་རྗེས་སུ་ཀུ་སེའི་ཨ་ལྷོ་དང་། རྡོ་རྗེ། ཀུན་འཕྲིན། སྡེ་དགེའི་ཕུན་ཚོགས་ཚེ་རིང་རྣམས་དགེ་རྒན་དུ་བརྟེན་ནས་པར་བརྐོ་རྒྱུ་ལ་སྦྱོང་བ་བྱས། ལོ་ངོ་༤༢ ཙམ་ལ་པར་ཁང་ནང་དུ་བྱ་བ་སྒྲུབ་སྟེ། པར་བརྐོའི་ལག་རྩལ་ལ་ཆ་རྒྱུས་ཉམས་གསུམ་ལྡན་པས། ཞིང་ཆེན་རིམ་པའི་པར་བརྐོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་ཡིན། ཁོང་གི་ཞང་པོ་བ་དགེ་པ་ར་ཟེར་བ་དེ་སྤྱི་ཚོགས་རྙིང་པའི་དུས་སུ་དགོན་ཆེན་དགོན་པའི་དབུ་མཛད་དང་པར་ཁང་པར་དཔོན་བྱེད་མྱོང་རབས་བཤད། ཕ་འཇམ་དཔལ་ནི་པར་འདེབས་ལ་ཤིན་ཏུ་མཁས་པས་རིག་གསར་སྒོ་འབྱེད་རྗེས་སུ་པར་ཁང་ལས་གྲ་འཛོམས་དུས་བཀྲ་ཤིས་རྡོ་རྗེས་ཆེད་དམིགས་སུ་གདན་ཞུས་བྱས། ཨ་ཁུ་ཡོན་ཏན་ཟེར་བས་བཀྲ་ཤིས་རྡོ་རྗེའི་དུས་པར་དཔོན་ཆེ་བའི་འགན་བཞེས་བྱེད་མྱོང་ཞེས་ཁོང་གིས་བཤད་ལ། ཁོང་ཚང་གི་ཁྱིམ་རྒྱུད་མི་རབས་འགའ་ཡིས་པར་ཁང་དུ་ཕྱག་ལས་གནང་མྱངས་བར་གྲགས།

ཀུ་ཚེའི་འཇམ་དབྱངས་གྲགས་པ་ནི་སྤྱི་ལོ་༡༩༨༤ལོར་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གི་མངའ་ཁོངས་ཀུ་ཚེའི་གླང་ཐོད་གྲོང་གསེབ་ནས་དུས་རབས་གསར་པའི་ནང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ནས་པར་བྲིས་བརྐོས་གསུམ་སོགས་ལག་རྩལ་གྱི་རིག་པའི་གནས་ལ་སློབ་སྦྱོང་གི་རྒྱུད་རླན་ཞིང་རང་བྱན་ཆུད་པའི་ཁོར་ཡུག་ཞིག་ནས་འཚར་ལོངས་བྱུང་བའི་ཕུལ་བྱུང་མཁས་པའི་བརྐོས་བཟོའི་མི་སྣ་ཞིག་ཏུ་གྱུར།  རང་ལོ་སུམ་ཅུ་སྟེ་སྤྱི་ལོ་༢༠༡༤ལོར་སྔོན་གྱི་ལས་སྨོན་བཟང་པོའི་རྣམ་དཀར་གྱིས་ས་བོན་ལས་འཕོས་པའི་རིག་པའི་རླབས་འཕྲེང་སྡེ་དགེའི་མངའ་ཁོངས་སུ་འཐོར་ཞིང་ལྷུན་གྲུབ་སྟེང་དུ་གནས་སྤོས་ཏེ་གཞིས་ཆུས་གཉིས་ལ་སོ་ནམས་ཀྱིས་ས་བོན་བཏབ། དེ་ཡང་ས་སྐྱ་པཎ་ཆེན་གྱིས། དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱད་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །ཞེས་གསུངས་པ་ལྟར།  ཁོང་གིས་རྒྱུད་ལ་འབྱོར་བའི་ནང་གི་རིག་གནས་དང་ཕྱིའི་ལག་རྩལ་གྱི་ཡོན་ཏན་མདོ་དབུས་ཁམས་གསུམ་ལ་ཡོངས་སུ་གྲགས་ཤིང་སྙན་པའི་བསུང་ཞིམ་གང་སར་ཁྱབ་ནས་དགོན་སྡེ་སོ་སོའི་གཙུག་ལག་ཁང་ཁག་ཏུ་མེད་དུ་མི་རུང་བ་ནི་གསུང་རབ་ཀྱི་གླེགས་བམ་ཡིན་པས། དེའང་སློབ་དཔོན་དབྱིག་གཉེན་གྱིས།  སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དང་། །དེ་འཛིན་བྱེད་པ་སྨྲ་མཁས་རྣམས། །སྒྲུབ་པར་བྱེད་པ་ཁོ་ནའོ།  །ཞེས་གསུངས་པ་ལྟར། རྒྱལ་བའི་གསུང་རབ་ལུང་གི་ཆོས་སྡེ་སྣོད་རིན་པ་ཆེ་རྣམ་པ་གསུམ་དང་། རྟོགས་པའི་ཆོས་བསླབ་པ་གསུམ་སོགས་སུ་བསྡུས་ནས་སངས་རྒྱས་ཀྱིས་ཕྲིན་ལས་མིང་ཚིག་ཡི་གེའི་གཟུགས་སུ་སྤྲུལ་ནས་གདུལ་བྱ་འདུལ་བའི་ནུས་པ་ཡོད་པ་ནི་ཡིད་ཆེས་ཆེར་འབྱུང་བའི་གནས་སུ་གྱུར་ཡོད་པས། དེའི་འབྱུང་ཁུངས་པར་བརྐོས་ལག་རྩལ་ལ་རག་ལས་པ་ཡིན་ལ།  བརྐོས་བྲིས་ཟུང་དུ་སྡེབ་པ་ནི་ལག་རྩལ་མཁས་པའི་རྒྱན་དུ་འགྱུར། ཁོང་གི་པར་བྲིས་བརྐོས་གསུམ་གྱི་མཛད་རྗེས་ལ་གཞན་དང་མ་འདྲ་བར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ། ཁམས་བརྐོས་ཞེས་གྲགས་པའི་རིག་དངོས་འདིའི་ཕུལ་བྱུང་ལག་རྩལ་བརྒྱུད་འཛིན་མི་སྣ་ཞིག་ཏུ་གྱུར་ཡོད། ཁོང་གི་ལོ་རྒྱུས་ཁ་ཚང་ལོགས་སུ་བྲིས་ཡོད་པས་དེ་ལ་གཟིགས།  

མདའ་འཕེན་སྟོབས་ལྡན་ནི། སྤྱི་ལོ༡༩༧༢ལོར་སྐྱེས་ཤིང་རང་ལོ་བཅུ་ལོན་སྐབས། ཞེ་ཆེན་དགོན་དུ་ལོ་ངོ་གཉིས་རིང་པར་བརྐོས།  ༡༩༨༥ལོར་སྡེ་དགེའི་པར་ཁང་དུ་ལོ་གཅིག་ལྷག་པར་བརྐོས། ༡༩༨༦ལོར་ཨ་འཛོམས་ཆོས་སྒར་དུ་པར་བརྐོས། ལས་གྲ་ཉི་ཤུ་ཙམ་གྱི་ནང་ནས། ཡག་མགྱོགས་གཉིས་ཀ་ཨང་དང་པོ་ཡིན༡༩༨༧ལོར་ཁོང་གཅིག་པུས་དྷ་གོ་རི་ཁྲོད་དུ་པར་བརྐོས།  ༡༩༨༨ལོར་ཁྲོཾ་རྡོ་ཁོ་དགོན་དུ་པར་བརྐོ་བ་བཅུ་གསུམ་གྱི་པར་དཔོན་བྱས་ནས། གཞུང་ཆེན་བཅུ་གསུམ་བརྐོས། ༡༩༩༠ལོར་དཔལ་ཡུལ་དགོན་གྱི་བཀའ་མའི་པར་དཔོན་བྱས།  ༢༠༡༤ལོར་སྡེ་དགེས་བཀའ་འགྱུར་བསྐྱར་དུ་རྐོ་སྐབས་འཕྲུལ་ཆས་ཀྱིས་བརྐོ་བའི་སྟ་གོན་དང་འཆར་གཞི་ཡོད་ཀྱང་།  ཁོས་འཕྲུལ་ཆས་ཀྱིས་བརྐོ་ན་མི་འགྲིག་ཚུལ་གྱི་ཡིག་ཆ་བཟོས་ནས་དཔོན་པོ་དང་བླ་ཆེན་ཁག་མང་པོ་སར་བསྐྱལ་ཏེ། མཐའ་མ་དགག་ཐུབ་པ་བྱུང་ཞིང་། པར་བརྐོས་རིག་གནས་ལག་རྩལ་གྱི་ཚེ་སྲོག་ཐེངས་གཅིག་བསྐྱབས། ད་ལྟ་དུང་ལོ་དཀར་པོའི་བོད་ཤོག་བཟོ་གྲྭ་ཞེས་རྒྱལ་ཕྱི་ནང་གཉིས་སུ་གྲགས་ཤིང་། བྱ་དགའ་དང་གཟེངས་རྟགས་ཐོབ་ཅིང་བཞུགས་སོ།། གོང་དུ་ཞུས་པ་དེ་དག་པར་བྲིས་བརྐོས་གསུམ་གྱི་ལག་རྩལ་ལ་མཁས་ཤིང་དུས་ཕྱིས་སུ་འཚར་ལོངས་བྱུང་བའི་ཤུལ་བཞག་རིག་དངོས་ཀྱི་རྒྱུན་འཛིན་མི་སྣ་དམིགས་གསལ་ཅན་ཤ་སྟག་ཡིན་པས་ཁོང་རྣམ་པས་བོད་འབྲེལ་ས་ཁུལ་གྱི་དགོན་སྡེ་དང་གཙུག་ལག་ཁང་ཡོངས་སུ་གསུང་རབ་ཀྱི་བསྟན་པ་བཀའ་རབ་འབྱམས་རྒྱ་མཚོའི་ཕྱི་མོ་བསྐྲུན་ཞིང་ཇི་སྲིད་འཁོར་བར་མ་འཇིག་གི་བར་དུ་དེ་སྲིད་དུ་གནས་པའི་བསྟན་རྒྱུན་འཛམ་གླིང་གསལ་བའི་མིག་རྒྱན་དུ་སྤེལ་བའི་མཛད་རྗེས་བླ་ན་མེད་པར་འཇོག་ཐུབ་པའི་ཡིད་ཆེས་བརྟན་པོར་ཐོབ་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1