༄༅།།པར་བརྐོས་ལག་རྩལ་ལ་བསྟོད་པ་སྙན་ཚིག་ཐོས་འཛིན་བདུད་རྩི།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་་དྲ་བ་ལས་དྲངས། སྤེལ་དུས། 12-27


ལེགས་བྱས་བསོད་ནམས་འབུམ་གྱིས་བརྡལ་བའི་ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅིང་།།

རྒྱལ་ཡུམ་སྐྱེད་པའི་ཆོས་སྐུའི་རིང་སྲེལ་མིང་ཚིག་ཡི་གེའི་གཟུགས་ཤར་བའི།   །

ཕན་བདེའི་རྟག་ཁྱབ་ཕྲིན་ལས་ཐོགས་མེད་དུས་མཐའི་གདུལ་བྱའི་དཔལ་གྱུར་པ། །

བླང་དོར་འབྱེད་པའི་ཤེས་རབ་མིག་སྦྱིན་དཔྱོད་ཤེས་རིག་པའི་གྲོགས་སུ་འགུགས། །


སྲིན་བུའི་ཟོས་པར་རྗེས་ཤུལ་དཔྱོད་པའི་རིན་ཆེན་དབྱིག་གིས་མི་བསྒྲུན་པའི། །

རིག་པའི་འཕྲུལ་གྱིས་སོར་མོའི་འདུ་བྱེད་སྒྱུ་རྩལ་བྱེ་བའི་འབྱུང་གནས་ཀྱིས། །

རྣམ་དཔྱོད་སྟོང་གི་དཔལ་དུ་འབར་བའི་གསུང་རབ་པར་གཞི་བསྐྲུན་པ་ཡིས། །

ངོ་མཚར་གཏམ་གྱིས་དབྱར་རྔ་ལྡིར་བའི་བྱམས་ཐོག་ལྷ་དབང་སྐྱེས་དེར་བསྔགས། །


གསར་གཏོད་རིག་པའི་ཤར་རིའི་རྩེར་ནས་ཕན་བདེའི་ཟླ་ཟེར་ལེགས་དྲངས་ནས། །

བརྐོས་རབ་མཚན་ཉིད་ཟུར་དགུའི་བསིལ་སྦྱིན་ལྷ་དབང་རལ་པའི་རྒྱན་བཀོད་དེ།།

འཁོར་གྱི་སློབ་འབངས་རྒྱུ་སྐར་དབུས་ན་མཁས་པའི་ལེགས་བཤད་འོད་དཀར་གྱིས། །

ཀུན་རྟོག་མུན་པ་སྟུག་པོ་འཇོམས་ཤིང་བློ་གསལ་ཀུན་དའི་འདབ་བརྒྱ་དགྲོལ། །


ཁྱད་ཆོས་བདུན་ལྡན་སྙན་པའི་འབབ་རྒྱུན་ལྷུང་ལྷུང་བཞུར་བའི་དལ་འགྲོ་མས། །

ཁམས་བརྐོས་བརྒྱུད་འཛིན་རྒྱ་མཚོ་བསྐྲུན་པའི་སྲོལ་འབྱེད་རིག་པའི་དཔའ་བོ་ཞིག།།

ཡངས་པའི་རྒྱལ་ཁམས་ལྷུན་གྲུབ་སྟེང་གི་རྒྱལ་ཐབས་འཁོར་ལོས་བསྒྱུར་བ་དེས། །

གསུང་རབ་ཆོས་སྦྱིན་གྲངས་མེད་འགྱེད་པའི་དགེ་བའི་གྲོགས་སུ་བཀུགས་ཞེས་གྲགས།།


རྒྱལ་བསྟན་གངས་ལྗོངས་ཉིན་མོར་བྱེད་པའི་གསུངས་རབ་པར་གཞི་ལེགས་བསྐྲུན་ནས།།

བོད་ཡུལ་མཐའ་འཁོབ་མུན་པའི་གླིང་འདིར་ཤེས་རབ་སྒྲོན་མེ་གཏེགས་པ་ཡིས། །

མ་རིག་འཁོར་བའི་གཏིང་མཐའ་གསལ་བའི་རང་བྱུང་ཡེ་ཤེས་མངོན་གྱུར་པའི། །

གཙུག་ལག་རིག་པའི་རྒྱ་མཚོའི་འབྱུང་གནས་ཁམས་བརྐོས་ལག་རྩལ་ཕྱོགས་མཐར་ཁྱབ།།


གངས་ལྗོངས་ས་གཞི་གོ་ལའི་ཁྱོན་འདིར་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་གིས། །

ལུང་གི་སྡེ་སྣོད་ཤིང་བརྐོས་པར་གཞི་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས། །

ཐུན་མོང་ཐུན་མིན་མདོ་སྔགས་རིག་གཞུང་པར་གྱི་ཕྱི་མོར་བསྐྲུན་པ་འདི།   །

ཡུན་ནས་ཡུན་བརྟེན་བསྐལ་པའི་བར་དུ་མི་ཉམས་བསྟན་པར་རྒྱས་གྱུར་ཅིག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1