དཀར་མཛེས་སུ་ཆུ་བོ་གལ་ཆེན་882དང་མཚེའུ་144ཡོད།

སྒྲིག་སྒྱུར། བདེ་གཡང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-10


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ནི་ཚེ་སྲོག་གི་གཅིག་མཐུན་ཚོགས་པ་ཡིན་ཞེས་པའི་འདུ་ཤེས་གལ་ཆེན་ལག་བསྟར་བྱ་ཆེད། དཀར་མཛེས་ཁུལ་གྱིས་ཆུ་ནས་འགོ་བརྩམས་ཏེ། ཀྲུང་གོའི་ཕུགས་འདུན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཀྱི་ལེའུ་གསར་པར་གསོན་ཉམས་ལྡན་པའི་མཆན་འགྲེལ་གནང་ཡོད།

ཆུ་རྒྱུས་ལོན་པ། རི་ཆུས་དཀར་མཛེས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་བསྩལ་བ།

བར་སྣང་ཁམས་ནས་བལྟས་ཚེ། རྫ་ཆུ་དང་ཉག་ཆུ། རྒྱལ་མོ་རྔུལ་ཆུ་བཅས་བྱང་ནས་ལྷོ་བར་བཞུར་བ་དང་། དཀར་མཛེས་ཁུལ་བརྒྱུད་དེ་ས་མཐོའི་ས་གཞི་ཆེན་པོར་རྒྱ་ཡིག"川"ཞེས་པའི་ཡིག་འབྲུ་ཞིག་བྲིས་ཡོད། སྡེ་དགེ་དང་དཀར་མཛེས། ཉག་ཆུ་ཁ། དར་རྩེ་མདོ། ལྕགས་ཟམ་རྫོང་སོགས་གྲོང་ཁྱེར་གལ་ཆེན་ཚང་མ་ཆུ་ལ་བརྟེན་ནས་ཆགས་པ་དང་ཆུ་ལ་བརྟེན་ནས་དར་བ་རེད།

《2023ལོའི་སི་ཁྲོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྤྱི་བསྒྲགས།》ཞེས་པ་ལས་དཀར་མཛེས་ཁུལ་དུ་ཁྱོན་ཆུ་བོ་གལ་ཆེན་882ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་གསུམ་ཆ་གཅིག་ཟིན་པ་དང་། མཚེའུ་144ཡོད་པ་དེའི་ནང་ལོ་ཧྲིལ་པོའི་ཆུ་ངོས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1ཡན་ཟིན་པའི་མཚེའུ་19ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་གསུམ་ཆ་གཉིས་ཟིན་པ། ཁུལ་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་560.86ཟིན་ནས་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ་མངོན་ཡོད། དུས་རབས་གསར་པར་ཕུན་སུམ་ཚོགས་པའི་རི་ཆུའི་ཐོན་ཁུངས་དེ་ནི་དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་ཁུལ་ཞེས་པ་དང་། ནུས་རྒྱུའི་ཁུལ་ཞེས་པ། སྐྱེ་ལྡན་ཁུལ་ཞེས་པ་བཅས་གཏོད་པའི་སྒུལ་ཤུགས་སུ་གྱུར་ཡོད།

ཆུ་བཅོས་སྐྱོང་བྱེད་པ། ཚེག་ཐིག་ངོས་གསུམ་གྱིས་ལྗང་མདོག་གི་ལྕགས་རི་རིང་པོ་བསྐྲུན་པ།

ཆུ་དང་མཚེའུ་དཔོན་ལམ་ལུགས་ནི་རང་རྒྱལ་གྱི་ཆུའི་ཐོན་ཁུངས་དོ་དམ་བྱེད་པའི་ལམ་ལུགས་གསར་པ་ཞིག་ཡིན་པ་དང་། དེས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔར་ཆགས་པའི་ཆུ་དཔོན་མ་ལག་བཙུགས་ནས་ཆུ་བོ་དང་མཚེའུ། ཆུ་མཛོད་སོགས་ཆུ་ཁོངས་ལ་བཅོས་སྐྱོང་དང་སྲུང་སྐྱོང་བྱས་ཡོད།

ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པའི་འགག་རྩ་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད། འདི་ལོ་ནི་དཀར་མཛེས་ཁུལ་གྱིས་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལོ་བདུན་པ་དེ་ཡིན་པ་དང་། ལོ་བདུན་རིང་གཙང་པོ་དང་ཆུ་བོ་ཆེ་གྲས་དང་དེ་བཞིན་ཆུ་བོ་འབྲིང་ཆུང་བཅོས་སྐྱོང་བྱེད་པ་དང་། གཙང་པོ་དང་མཚེའུ་སོགས་ཀྱི་མིང་ཐོ་མཐིལ་རྟོགས་ཐོ་འགོད་བྱེད་པ། ཆུ་ལམ་གྱི་བྱེ་རྡོའི་ཐོན་ཁུངས་དོ་དམ་བྱེད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་སོགས་ཀྱི་ལས་དོན་དཀར་མཛེས་ཁུལ་གྱི་རྫོང་གྲོང་ཁག་ཏུ་རེ་རེ་བཞིན་དོན་འཁྱོལ་བྱས་ཡོད།

དེ་ཙམ་གྱིས་མ་ཚད་པར། དཀར་མཛེས་ཁུལ་གྱིས་ད་དུང་ས་འབྲེལ་གྲོང་ཁྱེར(ཁུལ)དང་མཉམ་ལས་ཧུར་ཐག་བྱས་ཏེ། མཚོ་བོད་ཁྲོན་ཞིང་ལྗོངས་གསུམ་དུ་གྲོང་ཁྱེར(ཁུལ)བདུན་གྱི་གཙང་པོ་རྒྱུག་ཁུལ་དུ་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་ཆགས་པར་བྱས་ཡོད། ལམ་སྲོལ་དེས་ས་ཁོངས་ཀྱི་རྫོང་རགས་ལས་བརྒལ་ནས་ཆུ་བོ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་བྱེད་པའི་དཀའ་གནད་དག་ནུས་ལྡན་ངང་སེལ་བར་བྱས་ཡོད།

ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ《དཀར་མཛེས་ཀྱི་ཆུ་དྲ་འཆར་འགོད།(2021ལོ་ནས་2035ལོའི་བར)》ཅེས་པ་བཟོ་འགོ་བཙུགས་ནས། དང་ཐོག་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭ་244དང་འབྲུབ་འགོག་གེགས་སེལ་ལས་གྲྭ་664། ཆུའི་འབྱུང་ཁམས་སྲུང་སྐྱོང་སླར་གསོའི་ལས་གྲྭ་90། ཆུ་བེད་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་21བཅས་ཇུས་འགོད་དང་སྐུལ་འདེད་བཏང་ཡོད། ཡིག་འབྲུ་ཁྲི་ལྔ་ལ་ཉེ་བའི《འཆར་འགོད།》འདིས་དཀར་མཛེས་ཁུལ་ཡོངས་ཀྱི་ཆུ་བཅོས་ལས་དོན་གྱི་ཚེག་དང་ཐིག་ངོས་བཅས་མིག་མངས་འགྲིག་སྐོར་གཅིག་གི་ནང་དུ་བཞག་ནས་བསམ་བློ་བཏང་སྟེ། ཆུའི་ཐོན་ཁུངས་ཀྱི་བར་སྟོང་ཁྱབ་ཚུལ་དོ་མི་མཉམ་པའི་བཀག་རྒྱ་ལས་གྲོལ་ཐབས་བྱས་ཡོད།

འཆར་འགོད་དོན་ཐོག་ཏུ་འཁྱོལ་བ་དང་ཆབས་ཅིག་བྱ་བ་དངོས་རེ་རེ་བཞིན་དཀར་མཛེས་ཀྱི་ས་གཞི་ཆེ་མོར་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པ།

སྡེ་དགེ་རྫོང་དུ་གཙང་ཞིང་བརྟན་པོ་ཡིན་པའི་རང་འབབ་ཆུ་རྐ་ལ་སྦུ་གུ་བརྒྱུད་རྫོང་གྲོང་དང་བར་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པ་དང་མཚོ་འཕགས་ཆ་སྙོམས་སྨི་3700ཡས་མས་ཡོད་པའི་ར་སྐོར་ཤང་དུ་ཁྲིད་ཡོད་པ་དང་། མང་ཚོགས་ཀྱིས་ཆུ་ལེན་པར་སྤྱོད་པའི་ཟངས་ཆེན་དེ་ཡང་ཆ་སྒམ་གྱི་རྒྱན་ཆར་གྱུར་ཡོད།

ཉག་རོང་རྫོང་དུ་གྲོང་སྲོལ་ཤེས་དཔལ་གྱི་སྒོ་རྩིས་ཚོང་ཁང་ཆུང་ཆུང་མང་པོ་སྒོ་ཕྱེས་ཡོད་པ་དང་། "འབྱུང་ཁམས་སྐར་གསོག"ལ་བརྟེན་ནས་འབྲས་དང་འདག་རྫས། འདག་ཕྱེ་སོགས་བརྗེ་པོ་རྒྱག་པ་ནི་གྲོང་མིའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

སྡེ་རོང་རྫོང་གི་གནས་སྤོས་གྲོང་ཚོ་དང་པོ་ཝ་ཁ་གྲོང་ཚོར། ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་དྭངས་གཙང་བྱ་སྤྱོད་ཅེས་པ་དང་ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་ཅེས་པའི་བྱ་སྤྱོད་ནང་ཞུགས་ནས། ཁོར་ཡུག་ཡག་ཅིང་འགྲོ་སྡོད་གཉིས་ཀར་འཚམ་པའི་དེང་རབས་ཅན་གྱི་གྲོང་ཚོ་ཞིག་རིམ་བཞིན་ཆགས་པར་བྱས་ཡོད།

འབྱུང་ཁམས་འཕེལ་རྒྱས་ཀྱིས་སེམས་ཁམས་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ། དཀར་མཛེས་ཁུལ་དུ་ཆུ་བཅོས་ལས་དོན་དེ་དེ་སྔའི་ང་ལ་དོ་དམ་བྱེད་པ་ནས་ངས་དོ་དམ་བྱེད་པར་འགྱུར་བཞིན་ཡོད། ཁྲ་ཆུང་མིག་ཟུང་ལ་སྲུང་སྐྱོང་བྱེད་པ་བཞིན་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དེ་སྔ་ས་ནས་མང་ཚོགས་ཀྱི་བྱ་སྤྱོད་ལག་ལེན་དང་མཉམ་དུ་འདྲེས་ཡོད།

མིག་སྔའི་བར། དཀར་མཛེས་ཁུལ་གྱིས་ཁུལ་དང་རྫོང་། ཤང་དང་གྲོང་ཚོ་བཅས་རིམ་པ་བཞི་པའི་ཆུ་དང་མཚེའུ་དཔོན་3326ལེགས་སྒྲིག་དང་འཐུས་ཚང་དུ་བཏང་བ་དང་། གཞི་རིམ་གྱི་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་བཅིངས་འགྲོལ་རྣམ་པ་1923བསྐྲུན་པ། ལོ་ཧྲིལ་པོར་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཁྱོན་སྤྱི་ལེ་ངོས་གྲུ་996.4ལེགས་གྲུབ་བྱུང་བས། ཆུ་ཁ་རྒྱུག་པ་དང་། ཆུ་དྭངས་བ། ཆུ་ངོགས་སྔོ་བ། ཡུལ་ལྗོངས་མཛེས་པ། མི་སེམས་མཐུན་པ་བཅས་ཀྱི་འབྱུང་ཁམས་མཛེས་རིས་ཤིག་དཀར་མཛེས་སུ་དལ་བུར་ངོམས་ཡོད།

ཆུ་དར་བར་བྱེད་པ། ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་བཅུའི་མི་ཁ་གསོ་བ།

སྐས་རིམ་དང་པོ་ནས་སྐས་རིམ་གཉིས་པར་བར་བརྒལ་བྱེད་པའི་ས་མཚམས་སུ་གནས་པའི་དཀར་མཛེས་ལ་མཚོ་འཕགས་མཐོ་ཚད་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ལྡན་པས། འདི་གའི་ཆུ་ནུས་དང་ཉི་ནུས། རླུང་ནུས། ས་འོག་ཚ་ནུས་བཅས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། རིགས་པའི་གཞུང་ལུགས་ཀྱིས་ཁུངས་འདེད་བྱེད་པའི་ཆུ་ནུས་ཐོན་ཁུངས་ཁོ་ནའི་གསོག་ཚད་ཀྱང་སྟོང་ཝ་ཁྲི་5000ལས་བརྒལ་ཡོད།

དེས་ན་སྤུས་ལེགས་ཐོན་ཁུངས་དེ་འདྲ་ཡག་པོ་ཡོད་པའི་དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་ཁྲོད་འབྱུང་ཁམས་སྲུང་སྐྱོང་དང་སྤྱི་ཚོགས་དམངས་འཚོ་ཐད་གཅིག་གྱུར་འཆར་འགོད་ཇི་ལྟར་བྱེད་དགོས་སམ་ཞེ་ན།

2023ལོར་དཀར་མཛེས་ཁུལ་གྱིས《དྭངས་གཙང་ནུས་རྒྱུའི་སྤུས་མཐོའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར།》ཞེས་པ་བཏོན་པ་དང་། དེ་ནི་དཀར་མཛེས་ཁུལ་དེ་ཆུའི་ཐོན་ཁུངས་ཀྱི་ཁུལ་ཆེན་ནས་ཆུའི་ཐོན་ཁུངས་ཀྱི་སྟོབས་ཆེའི་ཁུལ་དུ་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་རེད།

འཆར་འགོད་གཞིར་བཟུང་། དཀར་མཛེས་ཁུལ་གྱིས་ཉག་ཆུའི་སྟོད་རྒྱུད་དང་དབུས་རྒྱུད། དེ་བཞིན་རྫ་ཆུ་དང་རྒྱལ་མོ་རྔུལ་ཆུ་བཅས་ལྟེ་བར་བྱས་པའི་ས་ཁོངས་ཆེ་གྲས་ལྔར་ནུས་རྒྱུ་གཙང་མའི་རྟེན་གཞི་བཀོད་སྒྲིག་བྱས་པ། 2023ལོ་ཁོ་ནར་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་མ་འཇོག་སྒོར་དུང་ཕྱུར་240ལས་བརྒལ་བ་དང་དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཀྱི་41%ཟིན་པ་དང་། ནུས་རྒྱུ་གཙང་མའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་102.7མངོན་འགྱུར་བྱུང་ཞིང་། དེས་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མའི་80.6%དང་GDPཡི་20%བཅས་བཟུང་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་དེས་ཡུལ་ཕྱོགས་གཅིག་གི་ས་ཆུས་ཕྱོགས་བཅུའི་མི་ཁ་གསོ་ཐུབ་པ་ཡོང་རྒྱུ་རེད།

ཆུའི་ལས་དོན་ཡག་པོ་གཉེར་ནས། དཀར་མཛེས་ཁུལ་གྱིས་མུ་མཐུད་འབད་པ་བྱེད་ངེས།

མ་འོངས་པར་དཀར་མཛེས་ཁུལ་གྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས་ཏེ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་འབྱུང་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་དཀར་མཛེས་ཆུ་བེད་ལས་དོན་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1