ལི་ཁེ་ཆང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ལྷན་ལ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-21


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་7པའི་ཚེས་19ཉིན་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད།
        ད་ལོ་ནི་ཐེབས་རྩ་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཡིན། ལི་ཁེ་ཆང་གིས་ཐེབས་རྩ་ཨུ་ཡོན་ལྷན་ཁང་གིས་སྒྱུར་བཅོས་བྱས་པ་བརྒྱུད་ཚན་ཞིབ་མི་སྣའི་རྣམ་གྲངས་རེ་ཞུའི་ཁུར་པོ་ཡང་དུ་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱི་སྙན་ཞུ་གསན་ཡོད་པ་རེད། ཁོང་གིས། ཐེབས་རྩ་ཨུ་ཡོན་ལྷན་ཁང་བཙུགས་པ་དེའི་ཐོག་ནས་ཚན་རྩལ་ཐོན་ཁུངས་སྒྲིག་བཀོད་དེ་འཆར་གཞིའི་བགོ་འགྲེམ་བྱེད་པ་ནས་འགྲན་རྩོད་ལེགས་འདེམས་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་མཚོན་ཡོད། ཚན་རྩལ་གསར་གཏོད་ཅེས་པ་ནི་འཆར་གཞི་བཟོས་ནས་བྱུང་བ་ཞིག་མིན་ཞིང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བརྒྱུད་རྣམ་གྲངས་ཞིབ་དཔྱད་སྒྲིག་གཞི་དང་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཚན་ཞིབ་མི་སྣས་རྨང་གཞིའི་ཞིབ་འཇུག་ལས་ཀར་གཞོལ་བའི་བློ་སྟོབས་དང་། བཟོད་སེམས་ཡོད་པའི་སྐུལ་མ་གཏོང་བ། སྣོལ་སྡེབ་ཚན་རིག་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས། རྩ་ཆེའི་མ་དངུལ་གྱིས་ཚན་རིག་ཞིབ་འཇུག་ལ་རྒྱབ་སྐྱོར་དེ་བས་ནུས་ལྡན་ཡོང་བ་བྱ་དགོས་ཞེས་གསུངས་ཡོད་པ་རེད།
        ཚོགས་འདུའི་ཐོག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་སྙན་ཞུ་ཕུལ་བ་དང་། ཧོང་རུའུ་དང་། ཧུང་ཡུང་མེའོ། ཧྥུང་ཞུའེ་སོགས་རིགས་གཅིག་མཁས་པ་9ཡིས་གཏམ་བཤད་གནང་ཡོད་པ་རེད། ལི་ཁེ་ཆང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་འབྲེལ་ཡོད་ཕྱོགས་ཁག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། རྒྱ་ཆེའི་ཚན་རྩལ་ལས་དོན་པས་སྟོབས་ཤུགས་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་ནས། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཐད་འགག་གཏོར་གསར་པ་ཟམ་མི་ཆད་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། གོང་འཕེལ་གྱི་དུས་རིམ་གསར་པར་རྐང་པ་འཛུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་སྐྱོང་བྱ་རྒྱུ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་གནད་བབ་ཁྲོད་གསར་གཏོད་ཀྱིས་བཟུང་བའི་སྲོག་ཤིང་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་སྐྲུན་གྱི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་ཤུགས་ཆེན་གཏོང་བ་བརྒྱུད། ཚན་རྩལ་གྱི་གཡུར་ཟའི་འབྲས་བུ་སྔར་བས་མང་བ་འདོགས་ཐུབ་པ་དང་། རྒྱལ་ཁབ་ཀྱི་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1