ལྷུན་རྩེ་རྫོང་གི་“སྐལ་བཟང་”མེ་ཏོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-24


   ཟླ་8ཚེས་20ཉིན། དབྱར་སྟོན་འབྲེལ་མཚམས་སུ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3800ཡོད་པའི་ལྷུན་རྩེ་རྫོང་གི་“ཤ་ཚལ་སྒོང་གསུམ་”གླིང་ཁུལ་དུ་སྔོ་ཚལ་དང་ཤིང་ཏོག་རིགས་སྨིན་པའི་དུས་ཡིན། 
   བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྫོང་ཞིག་ཡིན་པ་དང་། སྔོ་ཚལ་དང་ཤིང་ཏོག་རིགས་དེ་སྔོན་རྫོང་ཕྱི་ནས་མཁོ་འདོན་བྱེད་དགོས་ཤིང་། སྣ་ཁ་ཉུང་ལ་རིན་གོང་མཐོ་པོ་ཡོད། 2018ལོར། ལྷུན་རྩེ་རྫོང་གིས་“ཤ་ཚལ་སྒོང་གསུམ་”གྱི་ལས་གྲྭ་བསྐྲུན་ནས། སྔོ་ཚལ་དང་ཤིང་ཏོག་རིགས་རང་ཁ་རང་གསོ་ཡོང་བ་མངོན་འགྱུར་བྱས་པས་ཁྲོམ་རའི་རིན་གོང་20%ཆགས་ཤིང་། ད་དུང་རྫོང་ཡོངས་ཀྱི་བུ་བཅོལ་ཁང་དང་སློབ་གྲྭ་ཆུང་འབྲིང་ལ་ཉིན་མཁོའི་སྔོ་ཚལ་མཁོ་འདོན་བྱེད་བཞིན་ཡོད།
    ཟླ་8ཚེས་18ཉིན། གསར་འགོད་པ་ལྷུན་རྩེ་རྫོང་གི་“ཤ་ཚལ་སྒོང་གསུམ་”གླིང་ཁུལ་དུ་ཕྱིན་པ་ཡིན། དྲོད་ཁང་གི་མདུན་ནས། ངལ་གསོ་རྒྱག་བཞིན་པའི་ལས་བཟོ་སྐལ་བཟང་ཐུག་བྱུང་། སྐལ་བཟང་གིས་གསར་འགོད་པར་བཤད་དོན། ཁོ་མོ་དེ་སྔ་རྒྱ་མཚོའི་ངོས་ལས་མཐོ་ཚད་དེ་བས་མཐོ་བའི་ལྷུན་རྩེ་རྫོང་ཞོལ་གསར་ཤང་དུ་སྡོད་པ་དང་། དེར་རང་བྱུང་ཆ་རྐྱེན་ཡག་པོ་མེད་པས་དཀའ་ངལ་ཆེན་པོ་ཡོད། 2017ལོར། སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་གྲོང་རྡལ་གྱི་ཉེ་འཁོར་དུ་གནས་སྤོ་བྱས་པ་ཡིན། ཡུལ་འདིའི་ཁོར་ཡུག་ཞོལ་གསར་ཤང་ལས་ཡག་པ་དང་། འཚོ་བ་ཡང་དེ་སྔ་ལས་ཡག་ཏུ་ཕྱིན་སོང་ཞེས་བཤད།
    ད་ལྟ། སྐལ་བཟང་དང་ཁོ་མོའི་ཨ་མ་དང་། གཅེན་པོ་བཅས་ཚང་མ་ལྷུན་རྩེ་རྫོང་གི་“ཤ་ཚལ་སྒོང་གསུམ་”གླིང་ཁུལ་དུ་ལས་ཀ་བྱེད་བཞིན་ཡོད། སྐལ་བཟང་གིས། འདི་ནས་རང་སྡོད་སའི་ཁང་པ་གསར་པའི་བར་ཐག་ཉེ་ཞིང་། སྔོ་ཚལ་དང་ཤིང་ཏོག་རིགས་འདེབས་པ་ནས་ཟླ་རེར་མི་རེར་ཡོང་འབབ་སྒོར་3500ཡོད་པས་རྩིས་ཤིག་བརྒྱབ་ན་ལོ་རེར་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི་བཅུ་ལྷག་ཙམ་ཡོང་གི་འདུག་ཅེས་བཤད།    
     དམིགས་བསལ་གྱི་ས་ཁམས་ཁོར་ཡུག་ནི་བོད་ལྗོངས་ཀྱི་ས་ཆ་མང་པོ་ཞིག་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། རྒྱ་མཚོའི་ངོས་ལས་ས་བབས་ཆེས་མཐོ་བ་དང་།  ཁ་བས་རི་ལམ་འགག་པ། ས་རྒྱུ་ཞན་པ། ས་ཆ་འགའ་རེ་ལུང་ཁུག་དུ་ཆགས་ནས་ཡུལ་གཞན་དང་འབྲེལ་བ་བྱེད་དཀའ་བས་“ཡུལ་གཅིག་གི་ས་ཆུས་ཡུལ་དེའི་མི་གསོ་ཐུབ་ཀྱི་མེད།”
   བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་ཞའོ་ཧུད་པིང་གིས་གསར་འགོད་པར་བརྗོད་དོན། རང་སྐྱོང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ཡུལ་མི་བཀོད་སྒྲིག་བྱ་ཡུལ་965ཚང་མའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལེགས་འགྲུབ་ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་མི་འབོར་ཁྲི་26.6ཐོན་སྐྱེད་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་རྨང་གཞིའི་སྒྲིག་བཀོད་ལྟོས་བཅས་ཀྱིས་འཐུས་ཚང་ཡིན་པའི་ས་ཆར་གནས་སྤོས་བྱས་ཡོད།  
      ཡུལ་གཞན་དུ་གནས་སྤོས་བྱས་པ་ཙམ་གྱིས་དབུལ་པོའི་མི་འབོར་དབུལ་སྒྲོལ་ཐུབ་པ་དང་ཡོང་འབབ་གསོག་མི་ཐུབ། ཐོན་ལས་དབུལ་སྐྱོར་ནི་ཆེས་ཐད་ཀར་དང་ཆེས་ཕན་ནུས་ལྡན་པའི་བྱ་ཐབས་ཤིག་ཡིན་པས་དབུལ་པོའི་ས་ཁུལ་གྱི་མང་ཚོགས་ཡུལ་དེ་རང་ནས་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱེད་པའི་རྒྱང་རིང་གི་འཆར་གཞི་ཞིག་ཀྱང་རེད།

   ལྷུན་རྩེ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་ཐོན་ལས་ཚོ་ཆུང་གི་ལས་དོན་མི་སྣ་ཝང་ཝུན་གྱིས། ལྷུན་རྩེ་རྫོང་གི་“ཤ་ཚལ་སྒོང་གསུམ་”ལས་གྲྭ་ནི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་5160.48བཏང་ནས་འཛུགས་སྐྲུན་བྱས་པ་དང་། ལྷུན་རྩེ་རྫོང་གི་“ལོ་ལྔའི་འཆར་གཞི་བཅུ་གསུམ་”གྱི་སྤུས་ལེགས་ཐོན་ལས་རྣམ་གྲངས་ཤིག་ཀྱང་རེད། དེའི་ཁྲོད་ཀྱི་སྐལ་བཟང་ཁྱིམ་ལས་ཀ་བྱེད་སའི་ལྷུན་རྩེ་རྫོང་གི་“ཤ་ཚལ་སྒོང་གསུམ་”གླིང་ཁུལ་ནི་2016ལོར་སྐྲུན་པ་དང་2017ལོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་ཞིག་རེད། གླིང་ཁུལ་ནང་ཁྱོན་དྲོད་ཁང་244བསྐྲུན་ཡོད་པ་དང་། དེའི་ནང་རིག་ནུས་དྲོད་ཁང་2ཚུད་ཡོད། དེས་ཡིག་ཚགས་དང་གཱ་བཟོས་བའི་དབུལ་པོའི་དུད་ཚང་370དབུལ་སྒྲོལ་བྱུང་ནས་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་ཐུབ་པའི་འཆར་གཞི་ཡོད་ཅེས་ངོ་སྤྲོད་བྱས།  



http://tibet.people.com.cn/15821651.html 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1