ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་འགོག་ཚོད་འཛིན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཀའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱས་པར་མ་ཟད། རང་ཞིང་གི་དོན་འཁྱོལ་ལག་བསྟར་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
སྤྱི་ཟླ་2པའི་ཚེས་23ཉིན། ཞིང་ཨུས་རྒྱུན་ལས་ཨུ་ལྷན་གྱི་(རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་འགོག་ཚོད་འཛིན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཀའི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་བྱས་པར་མ་ཟད། སི་ཁྲོན་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀོད་སྒྲིག་བྱས། ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་ཀྱིས་བསྟན་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་འགོག་ཚོད་འཛིན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་ཀའི་བཀོད་སྒྲིག་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྔར་ལས་བརྟན་པའི་འདུ་ཤེས་དང་སྔར་ལས་ཤུགས་ལྡན་གྱི་བྱེད་ཐབས་ཀྱིས་རིམས་འགོག་ཚོད་འཛིན་ལ་ལྷོད་གཡེང་མེད་པར་དམ་འཛིན་བྱེད་པའི་དུས་མཚུངས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ལས་ཀར་གཅིག་འདོམས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དང་། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་ཡོངས་ནས་“བརྟན་གསུམ”ལས་ཀ་ལེགས་པོར་བསྒྲུབ་དགོས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྱབ་ཁོངས་ཡོངས་ཀྱི་འགོག་རྒོལ་དམག་འཐབ་དང་དམངས་ཡོངས་སྲུང་སྐྱོབ་དམག་འཐབ་ལས་རྣམ་པར་རྒྱལ་དགོས་ཤིང། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོས་འགན་དམིགས་འབེན་མངོན་འགྱུར་འབྱུང་བར་འབད་བརྩོན་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ཀྱིས་བསྟན་རྒྱུར། གོམ་གང་མདུན་སྤོས་ཀྱིས་ཞན་ཆ་དང་ཆད་ལྷག་ལ་ཁ་གསབ། ནུས་མེད་སྟོབས་ལྡན་དུ་བསྒྱུར་ནས་མུ་མཐུད་དུ་ཁུལ་བགོས་རིགས་དབྱེ་ལྟར་གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་དགོས། ནན་ཏན་གྱིས་སྔོན་འགོག་དང་ཚོད་འཛིན་ཟུང་སྦྲེལ་དང་། མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པར་དམ་འཛིན་བྱས་ཏེ། སླར་ཡང་ཕྱོགས་ཡོངས་ལ་ཁྱབ་པའི་སྒོ་ནས་འགོག་སྲུང་དམ་པོ་བྱེད་དགོས། ཤུགས་ཆེན་པོས་ཁྱིམ་ཚང་རང་བཞིན་དང་འདུ་འཛོམས་རང་བཞིན་གྱི་འགོ་ཁྱབ་ལ་ཚོད་འཛིན་བྱེད་དགོས། འདུ་ར་གཙོ་བོ་དང་ས་ཚིགས་གཙོ་བོའི་འགོག་སྲུང་འདེམས་བཤེར་བྱེད་ཤུགས་ཆེ་རུ་གཏང་བ་དང་། ཉེས་ཅན་ལྟ་སྲུང་ཁང་དང་བཙོན་ཁང་། བཙན་ཤེད་ཟུར་བཀར་དུག་གཅོད་ཁང་སོགས་ལྟ་སྐུལ་དོ་དམ་འདུ་རའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བྱེད་དགོས། སྨན་བཅོས་སྲོག་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ལྟར་སྨན་བཅོས་སྟོབས་ཤུགས་དང་དངོས་ཟོག་གཙོ་བོ་སྒྲིག་སྡེབ་བྱས་ཏེ་སངས་དྲག་བྱུང་ཚད་ཇེ་མཐོ་དང་ཤི་ཚད་ཇེ་དམའ་རུ་གཏོང་དགོས། ཡུལ་དངོས་ཀྱི་སྨན་བཅོས་མི་སྣར་དོ་ཁུར་བྱེད་དགོས་པ་དང་། གོམ་གང་མདུན་སྤོས་ཀྱིས་རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་བྱས་ཏེ་ཉེན་ཁ་ཆུང་འབྲིང་གི་ས་ཁུལ་དང་། ཉེན་ཁ་ཆེ་བའི་ས་ཁུལ་བཅས་ཀྱི་གནད་ལ་འཁེལ་བའི་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ལེགས་པོ་བྱེད་དགོས།
གྲོས་ཚོགས་ཀྱིས་བསྟན་རྒྱུར། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་པའི་སྔོན་འགྲོའི་འོག ནུས་ཤུགས་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་དང་། རིམས་འགོག་ཚོད་འཛིན་ལ་འཚམས་པའི་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་རིམ་བསྐྲུན་དགོས། གོ་རིམ་ལྡན་པར་ལས་ཀ་བ་ས་ཁོངས་བརྒལ་ནས་ལས་གནས་སུ་ཡོང་བར་རྩ་འཛུགས་དང་། དོན་དངོས་དང་མཐུན་པར་མི་སྣ་རྩ་འཛུགས་དང་བདེ་ཐང་བརྟག་དཔྱད། རིམས་ནད་འགོག་སྲུང་། འགྲིམ་འགྲུལ་འགན་སྲུང་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས། བློ་བརྟན་འགྱུར་མེད་ཀྱིས་གཡུལ་འཐབ་གསུམ་ལེགས་པར་བརྒྱབ་ནས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་དུ་འགྱུར་བར་འགན་སྲུང་བྱ་དགོས། དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ལས་ཀ་ལེགས་པོར་བསྒྲུབ་ནས་སྔོན་ལ་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཕྱི་ལ་ལས་ཀར་འགྲོ་བར་རྩ་འཛུགས་བྱེད་དགོས། ཁྱད་ལྡན་ཞིང་ལས་དང་ཕྱུགས་ལས་འཕེལ་རྒྱས་ལ་དམ་འཛིན་དང་། ཚོང་ཐོན་མཐུད་སྦྲེལ་ལ་ཤུགས་སྣོན་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་ཚོང་ལམ་གཏོད་དགོས། ཉེན་ཁ་ཆེན་པོའི་འདུམ་འགྲིག་དང་འགོག་སྲུང་གི་མཁྲེགས་གཏོར་གཡུལ་འཐབ་ལེགས་པོར་བརྒྱབ་ནས་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཚམས་ཐིག་བརྟན་སྲུང་བྱ་དགོས།
གྲོས་ཚོགས་ཀྱིས་བསྟན་རྒྱུར། གཏིང་ཟབ་ཅིང་ཚགས་ཞིབ་མོའི་སྒོ་ནས་དམངས་འཚོའི་ལས་ཀ་ཁག་ལེགས་པོར་བསྒྲུབ་པ་དང་། དམངས་འཚོའི་འགན་སྲུང་གི་བདེ་འཇགས་དྲ་བ་ལེགས་པོར་བསྐྲུན་དགོས། ཁྱོན་ཡོངས་ནས་ལས་གནས་སྲ་བརྟན་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས་ཏེ་དཀའ་ཁག་ཅན་གྱི་ཚོགས་པའི་ལས་ཞུགས་ལ་རོགས་རམ་བྱས་ཏེ་ཧུར་ཐག་གིས་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ། རིམས་ནད་ཀྱི་དབང་གིས་དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་སྒྲུབ་བྱེད་མ་ཐུབ་པར་འགན་སྲུང་ལེགས་པོ་བྱ་དགོས། ཧུར་ཐག་གིས་འཚོ་བའི་མཁོ་ཆས་ཀྱི་ཐོན་སྐྱེད་དང་སྒྲིག་སྡེབ། སྐྱེལ་འདྲེན། ཚོང་རའི་མཁོ་འདོན་བཅས་རྩ་འཛུགས་བྱས་ཏེ་གཞི་རྩའི་དམངས་འཚོའི་ཐོན་རྫས་ཀྱི་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་ཀྱི་ལས་ཀར་དམ་འཛིན་བྱེད་དགོས།
གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་རྫོང་(གྲོང་ཁྱེར་དང་ཆུས)བར་ལ་འཚོགས་ཤིང་། ཞིང་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཁོངས་མི་དང་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད། ཞིང་ཆེན་གྱི་ཐད་གཏོགས་སྡེ་ཁག་གི་བློ་མཐུན་འགན་ཁུར་བ་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་(ཁུལ)དང་རྫོང་(གྲོང་ཁྱེར་དང་ཆུས)གི་བློ་མཐུན་འགན་ཁུར་བ་ཡན་ལག་ཚོགས་རའི་གྲོགས་ཚོགས་སུ་ཞུགས། །