ཟླ10བའི་ཚེས10ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ70འགོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འགོར་བར་རྟེན་འབྲེལ་ཞུ་ཆེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་འཕྲིན་བཤམ་སྟོན་མཛད་སྒོ་མཚོ་སྔོན་ཞིང་ཆེན་གྱི་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རིན་ཆེན་རྒྱལ་བཤམ་སྟོན་མཛད་སྒོར་ཞུགས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཐེངས་འདིའི་བཤམ་སྟོན་སྤེལ་བ་ནི་ཞི་ཅིན་ཕེན་གྱི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀྲུང་དབྱང་གི་བོད་སྐྱོང་ཇུས་གཞི་སློབ་སྦྱོང་དོན་འཁྱོལ་དང་། ཆོས་ལུགས་པའི་སྡེ་ཡི“རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོའི”བརྗོད་དོན་སློབ་གསོ་གཏིང་ཟབ། དུས་སྐབས་གསར་བའི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་སྲོལ་སྲུང་སྐྱོང་། ལྷག་པར་དུ་བླ་སྤྲུལ་ངོས་འཛིན་གྱི་ལས་དོན་ཁྲོད་ཆོས་ལུགས་ཀྱི་ཕྱག་སྲོལ་དང་ལོ་རྒྱུས་ཀྱི་གཏན་སྲོལ། སྲིད་ཇུས་སྒྲིག་སྲོལ་དང་ཀྲུང་དབྱང་གི་ཆོག་མཆན་སོགས་གཞི་རྩའི་རྩ་དོན་གསུམ་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད། དེང་སྐབས་བོད་དང་འབྲེལ་བའི་འཐབ་རྩོད་ཁྲོད་དྲང་ཕྱོགས་ཀྱི་གནས་བབ་རྒྱུན་འཛིན་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཚམ་མཐུན་ཡོང་བར་སྣེ་ཁྲིད་བྱེད་པ་བཅས་ལ་དུས་རབས་དང་དངོས་ཡོད་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།
མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞུང་ཧྭ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོ་དང་། བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་པ་དང་པཎ་ཆེན་ཤིང་སྡེ་དགོན་གྱི་འཐུས་ཚབ་དཀའ་ཆེན་བློ་བཟང་བཀྲ་ཤིས། ཆེད་མཁས་ཀྱི་འཐུས་ཚབ་ཤེར་གཙོ། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གི་གླིང་གཙོ་འོ་ཚོགས་ཆེན་བཅས་ཀྱིས་གསུང་བཤད་གནང་།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རྒྱལ་གཅེས་རིང་ལུགས་པ་རླབས་པོ་ཆེ་དང་། རྒྱལ་དོན་སྤེལ་གནང་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ། བོད་བརྒྱུད་ནང་བསྟན་པའི་དབུ་འཛིན་ཁྱད་དུ་འཕགས་པ་བཅས་ཡིན་ཞིང་། ལྷག་ཏུ་ཆབ་སྲིད་ཀྱི་ཐད་ནས་ཡིད་རྟོན་རུང་ཞིང་ཆོས་ལུགས་ཀྱི་ཐད་ནས་ལུང་རིགས་ཀྱིས་ཕྱུག་པ། སྤྱོད་ལམ་གྱི་ཐད་ནས་ཀུན་གྱིས་ཁས་ལེན་པ། གནད་འགག་གི་སྐབས་སུ་ནུས་པ་ཐོན་པའི་ཆོས་ལུགས་པའི་སྡེ་ཡི་དཔེ་མཚོན་ཡིན། རིན་པོ་ཆེ་ཁོང་གི་མི་ཚེ་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་ལ་འབད་འཐབ་ལྷོད་མེད་བྱེད་པའི་མི་ཚེ་ཞིག་ཡིན་པ་དང་། རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་དར་རྒྱས་ཀྱི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་པའི་མི་ཚེ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དང་བློ་དཀར་མཉམ་ལས། གཅིག་སེམས་གཅིག་གཏད་བྱེད་པའི་མི་ཚེ་ཞིག་ཡིན་པར་མ་ཟད། དམ་པའི་ཆོས་དར་སྤེལ་གཏོང་བ་དང་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བགྱིས་ཏེ་མི་དམངས་ལ་ཕན་བདེ་གཉེར་བའི་མི་ཚེ་ཞིག་ཀྱང་རེད།