སི་ཁྲོན་སྡེ་རོང་རྫོང་གིས་ཁྲིམས་འགལ་ངང་སྐྱོད་པའི་འཕྲུལ་རྟ80ལྷག་ཙམ་གཅིག་སྡུད་ཐོག་མེད་པར་བཟོས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-11



           ཟླ་10པའི་ཚེས་6ཉིན་ནས་ཚེས་7ཉིན་བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་རྫོང་འཕྲལ་སྡོམ་དོ་དམ་ཅུས་ལ་མཉམ་འབྲེལ་ཐོག་རྫོང་སྤྱི་བདེ་ཅུས་ཀྱི་ཁྲིམས་འགལ་རླངས་འཁོར་འཇོག་ས་རུ་ད་ལོའི་ཟླ་4པར་ཞིབ་བཤེར་བྱས་པའི་ཨང་བྱང་མེད་པ་དང་འཛིན་ཡིག་མེད་པ། ལྷུ་ལག་སྡེབ་སྒྲིག་བྱས་པ། བེད་མེད་དུ་གཏོང་པའི་ལོ་ཚད་ཟིན་པ། དེ་བཞིན་ཁྲིམས་འགལ་གྱི་དུས་ལས་ཡོལ་རུང་ཐག་གཅོད་བྱས་མེད་པའི་འཕྲུལ་རྟ80ལྷག་གཅིག་སྡུད་ཐོག་མེད་པར་བཟོས་པ་རེད། 
འདི་ནི་ཁྲིམས་འགལ་གྱི་འཕྲུལ་རྟ་ཞིབ་བཤེར་བཀག་སྡོམ་བྱེད་བཞིན་པ་རེད།
           མེད་པར་བཟོ་ཡུལ་དུ་ལས་བྱེད་མི་སྣས་འཕྲུལ་རྟ་ཚང་མའི་གདུང་མ་དང་སྒུལ་བྱེད་འཕྲུལ་འཁོར་གྱི་གདུང་མ་དུམ་བུར་གཏུབ་པ་དང་སོ་སོར་གཏོར་བ་མ་ཟད། ད་དུང་བེད་མེད་དངོས་རྫས་བཟོ་གྲྭར་གཅིག་སྡུད་ཐོག་དྲུད་དེ་མེད་པར་བཟོས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་སྡེ་རོང་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཁྱོན་བསྡོམས་ཁྲིམས་འགལ་འཕྲུལ་རྟ་120ལྷག་ཙམ་ཞིབ་བཤེར་བཀག་སྡོམ་བཏང་ཞིང་། དེའི་ནང་གི་འཕྲུལ་རྟ་80ནི་སྤྱི་བསྒྲགས་དུས་ཚོད་ལོངས་ནས་ཟླ་3སོང་རིང་ཐག་གཅོད་བྱེད་མཁན་ཡོང་མེད་པས་ གཅིག་སྡུད་ཐོག་མེད་པར་བཟོས་པ་རེད། 
འདི་ནི་ཞིབ་བཤེར་བཀག་གཉེར་འཕྲུལ་རྟ་མེད་པར་བཟོ་པའི་ཡུལ་དངོས་རེད།
           “སྒྲིག་འགལ་གྱི་འཕྲུལ་རྟ་ཚང་མ་ནི་ཨང་བྱང་མེད་པ་དང་འཛིན་ཡིག་མེད་པ་ཤ་སྟག་ཡིན་པ་མ་ཟད། མང་ཆེ་བ་ཚད་ལྡན་གྱི་བཟོ་གྲྭས་ཐོན་སྐྱེད་བྱས་པ་མིན་པའམ་ཡང་ན་ཁྲིམས་འགལ་ངང་སྡེབ་སྒྲིག་བྱས་པའི་གནད་དོན་ཡོད་པས།ཆེད་དོན་དག་ཐེར་ཁྲོད་བེད་མེད་གཏོང་པའི་ཚད་གཞི་ལོན་པའི་འཕྲུལ་རྟ་རྒྱུན་གཏན་མིན་པའི་ཐབས་ལམ་བརྒྱུད་སླར་ཡང་སྤྱི་ཚོགས་ཐོག་གཏོང་རྒྱུ་གཏན་འགོག་བྱ་ཆེད། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འཕྲུལ་རྟ་བཀག་སྡོམ་བྱས་པ་ཚང་མར་ཐོ་འགོད་དང་ཞིབ་བསྡུར་བྱས་པ་ཡིན”ཞེས་སྡེ་རོང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་པས་ལོ་རེར་སྒྲིག་འགལ་འཕྲུལ་རྟ་དེ་དག་གི་རྐྱེན་པས་འགྲིམ་འགྲུལ་དོན་རྐྱེན་མི་ཉུང་བ་ཞིག་ཐོན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཆེན་པོ་ཐེབས་ཡོད་ཕྱིར། ཚང་མས་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་བདེ་འཇགས་ལ་འགན་འཁུར་ནས་ཁྲིམས་མཐུན་ལུགས་མཐུན་གྱི་འགྲིམ་འགྲུལ་བྱེད་སྟངས་སྤྱད་དེ་ཕྱིར་སྐྱོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་བྱུང་། 
           སྡེ་རོང་རྫོང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཕྲུལ་རྟ་ནི་ཐོག་མཐའ་བར་གསུམ་དུ་སྡེ་རོང་རྫོང་གི་འགྲིམ་འགྲུལ་དོན་རྐྱེན་གྱི“འབྱུང་ཁུངས་ཆེན་མོ”ཞིག་ཡིན་ཏེ། 2018ལོ་ཁོ་ནར་སྡེ་རོང་དུ་འཕྲུལ་རྟས་རྐྱེན་གྱིས་འགྲིམ་འགྲུལ་དོན་རྐྱེན31བྱུང་ཡོད་ལ་དེ་ལས་མི་1རྐྱེན་ལམ་དུ་ཤོར་བ་དང་མི་2ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དེས་འགྲིམ་འགྲུལ་དོན་རྐྱེན་ཡོངས་ཀྱི་64%ཟིན་ཡོད་པ་རེད། དེར་བརྟེན་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་འཕྲུལ་རྟར་དག་ཐེར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད། ད་ལོའི་ཚུན་ལ“འཕྲུལ་རྟར་དག་ཐེར”གྱི་ཆེད་དོན་བྱ་འགུལ་ཐེངས་5ལ་སྤེལ་བ་དང་རྒྱུན་གཏན་གྱི་ཞིབ་བཤེར་ཐེངས་140ལྷག་ཙམ་གནང་པ། རིགས་ཁག་གི་ཁྲིམས་འཛིན་སྟོབས་ཤུགས་མི་ཐེངས་550རྩ་འཛུགས་བྱས་པའི་དུས་མཚུངས་སུ་ཤང་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁྲིམས་འགལ་འཕྲུལ་རྟའི་ཁ་ལོ་བར་ཁ་ཏ་བསླབ་བྱ་དང་ཡོ་བསྲང་བྱས་ནས་འཕྲུལ་རྟའི་འགྲིམ་འགྲུལ་དོན་རྐྱེན་ཐོན་མང་བའི་གནས་ཚུལ་བཀག་འགོག་ཐད་ནུས་པ་ཐོན་ ཡོད་པ་རེད། 2019ལོའི་ཟླ་དང་པོ་ནས་བཅུ་པའི་བར་སྡེ་རོང་དུ་འཕྲུལ་རྟའི་འགྲིམ་འགྲུལ་དོན་རྐྱེན་6ཐོན་པ་དེ་ལོ་གོང་མའི་དུས་མཚུངས་ལས་80%ཙམ་མར་ཆག་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། 
           མིག་སྔར་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་གྱི་ཁྲིམས་འགལ་རླངས་འཁོར་འཇོག་སར་ད་དུང་ཞིབ་བཤེར་བཀག་སྡོམ་བྱས་པའི་འཕྲུལ་རྟ་16ཡོངས་བསྒྲགས་བྱེད་བཞིན་པའི་སྒང་ཡིན་ལ།སྡེ་རོང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་གཅིག་གྱུར་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རྫོང་ཡོངས་ཀྱི་འཕྲུལ་རྟའི་ཁ་ལོ་བ་200ལྷག་ཙམ་གྱིས་འབྲེལ་ཡོད་གོ་རིམ་ལྟར་ཁ་ལོ་བའི་འཛིན་ཡིག་གི་ཡིག་རྒྱུགས་བཏང་ཟིན་པ་དང་། ད་དུང་ཁ་ལོ་བ་600ལྷག་ཙམ་གྱིས་ཁོངས་གཏོགས་ཁུལ་དུ་ཨང་བྱང་མེད་པ་དང་འཛིན་ཡིག་མེད་པའི་འཕྲུལ་རྟའི་ཁ་ལོ་བའི་གསོ་སྦྱོང་ལ་དུས་ཆད་བྱས་ཡོད་ཅིང་། སྔོན་དཔག་བྱས་པར་གཞིགས་ན་ལོ་མཇུག་ཏུ་ཡིག་རྒྱུགས་ལེན་ཐུབ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1