བར་ཐག

སྟག་རིག་འབྲུག་ཐར། (མཚོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


བརྩེ་བ་ནི་ནོམ་པས་གཞལ་བར་དཀའ་བའི་སེམས་ཀྱི་སྙི་ས་དེ་ཡིན་ན། བར་ཐག་ནི་ཉི་ཟླས་གཟི་མདངས་སྐྱུགས་པའི་ཁྱེད་དང་ང་ཡི་དྲོད་འཇམ་གྱི་སེམས་པ་དེ་ཅི་ལ་མིན། དུང་བ་ནི་མདོངས་མཐའི་རྣ་ལམ་ལ་འབྲུག་སྒྲ་སྒྲོག་པའི་སྐལ་བ་ཡག་ཤོས་དེ་ཡིན་ན། བར་ཐག་ནི་དམ་བཅའི་བྲག་གི་རི་མོ་ཁྱེད་དང་ང་ཡི་ཁ་རླངས་ཀྱིས་སྣོག་མི་སྲིད་པ་དེ་ཅི་ལ་མིན།

བར་ཐག་ནི་འགྱིག་ཐག་ཅིག་སྟེ། རིང་ནས་རིང་དུ་འཐེན་ན་འོ་མའི་མདངས་ལྟ་བུའི་བརྩེ་བ་ཞིག་ནམ་ཡང་ཉེ་གམ་དུ་ལྷོད་ཀྱིས་འཁྱིལ་བ་ཚོར། བར་ཐག་ནི་ལྡེམ་རྩིབ་ཅིག་སྟེ། རིང་ནས་རིང་དུ་འཐེན་ན་ཆུ་མིག་ལྟ་བུའི་དུང་བ་ཞིག་ནམ་ཡང་འཁྲིས་གུད་དུ་ཆད་མེད་རྒྱུ་བ་ཚོར།

བར་ཐག་ནི་རྒྱང་ཐག་ལེ་དབར་སྟོང་ཕྲག་གི་རི་ཆུས་བཅད་པའི་ས་མཚམས་ཀྱི་ལེའུ་དེ་མ་ཡིན་པར། ཁྱེད་དང་ང་ཡི་སྨྲ་བརྗོད་ལ་བརྡ་རྟགས་དབེན་པའི་ལྷིང་འཇགས་ཀྱི་དུས་ཚོད་དེའོ།། བར་ཐག་ནི་གནམ་མཐའ་རུ་འཕུར་བ་དང་མཚོ་མཐའ་རུ་བསྐྱོད་པའི་མཐོ་དམའི་ཁྱད་པར་གྱི་ཧེ་བག་དེ་མ་ཡིན་པར། གོ་ཁ་གཅིག་ན་ཕྱི་ནང་མངོན་ལྐོག་གི་གསང་བ་གབ་ལ་སྦས་པའི་སྒྱུ་འཕྲུལ་དེའོ།། བར་ཐག་ནི་མིག་ཟུང་གཉིས་ཀས་ཕན་ཚུན་ལ་ལྟ་མི་ཐུབ་པ་དང་ལག་པ་གཡས་གཡོན་གྱིས་ཕྱག་འཇུ་འཕྲོད་དཀའ་བའི་ཆོས་ཉིད་ཀྱི་བར་གྱང་དེ་མ་ཡིན་པར། བློས་ཐུབ་གྲོགས་པོའི་འཛུམ་མདངས་སྣུམ་ཡང་སེམས་དང་བསམ་པར་ཉིན་སྲིབ་ཀྱི་ཆ་ལྡན་པ་དེའོ།། བར་ཐག་ནི་ཆ་མེད་རྒྱུས་མེད་དག་རང་སར་བགྲོད་པའི་ལེ་དབར་སྟོང་ཕྲག་གི་བཤུལ་ལམ་སྐྱ་བོ་དེ་མ་ཡིན་པར། ཤ་ཁྲག་ཉེ་དུའི་འབྲེལ་བ་གྲུབ་ཀྱང་སྐྱིད་སྡུག་ལ་ཚོར་མེད་སྨྲ་བའི་སྤྱོད་པ་འཆལ་བོ་དེའོ།།

སོ་སོའི་འདུན་མའི་ཆེད་དུ་བྱ་ཚང་གཅིག་ནས་ཕྱོགས་བཞིར་འཐོར་དུས་སེམས་ཚོར་ལྕི་མོ་ཞིག་གིས་རབ་ཏུ་མནར་བ་ནི་བར་ཐག་གི་བསྐྱེད་འབྲས་ཡིན། བར་ཐག་སྐྱོང་ཤེས་ན་ཆུ་དང་འོ་མ་ཡིན། ལུས་དང་གྲིབ་མ་ཡིན། རེ་ལྟོས་ཁྲི་ཕྲག་གི་གཡབ་མོ་སེམས་ཀྱི་གཤོག་ཟུང་གིས་བཏེགས་ནས་ཡོད། འཛུམ་དཀར་མེ་ཏོག་ཀློང་ནས་གྱེས་གདུང་ལ་སྤྱན་ཆབ་བསིལ་བ་ནི་བར་ཐག་གི་བསྐྱེད་འབྲས་ཡིན། བར་ཐག་འབྲེལ་ཤེས་ན་ཚེ་གང་གི་བསོད་ནམས་ཡིན། ལས་ཐོད་པའི་རྣམ་སྨིན་ཡིན། འཛུམ་མདངས་དྲོན་མོ་ཞིག་གིས་སླར་མཇལ་ལ་སྒུག་ཡོད།

འཛམ་གླིང་སྟེང་ཆེས་ཉེ་བའི་བར་ཐག་ནི་སེམས་དང་སེམས་ཀྱི་བར་ཐག་ཡིན་ལ། ཆེས་རིང་བའང་དེའོ།། བར་ཐག་གིས་རྣམ་པར་བཀྲ་བའི་མཛེས་སྡུག་སྲུང་འཛིན་བྱེད་ཅེས་པ་ནི་སྒྲ་དོག་འཇུག་གི་འགྲེལ་ལུགས་ཏེ། ཐོབ་གོ་ས་མཐོ་བ་གནམ་ན་ཡོད་དུས་ཁྱེད་དང་བར་ཐག་ཉེ་རུ་གཏོང་མཁན་ཧ་ཅང་མང་ཞིང་། དབང་སྟོབས་འབྱོར་དམའ་བ་ཐང་ན་ཡོད་དུས་ཁྱེད་དང་བར་ཐག་རིང་དུ་གཏོང་མཁན་དེ་བས་མང་།

སྒྲ་ཡངས་འཇུག་གིས་བཤད་ན། བར་ཐག་ནི་སེམས་འགྱུ་ཞིག་སྟེ། མི་ཚོགས་ཀྱི་རྦ་རླབས་ཁྲོད་དུ་དཀའ་བའི་ལ་མོར་བརྒྱུད་དུས་རྒྱབ་ཏུ་སྐྱོར་མཁན་དང་སྔུན་ནས་འཐེན་མཁན་མེད་པ་ནི་བར་ཐག་ཡིན། ངལ་རྩོལ་གྱི་འཕག་འཚག་ཁྲོད་དུ་ཞབས་ནས་འདེགས་མཁན་དང་ཀླད་ནས་ཁྲིད་མཁན་མེད་པ་ནི་བར་ཐག་ཡིན།

བརྩེ་བའི་ས་བོན་ཕན་ཚུན་གྱི་ཞིང་སར་སྦྲུམ་ཡོད་ན་སེམས་ཀྱི་མེ་ཏོག་བར་སྣང་གཅིག་ཏུ་འདབ་མ་རྒྱས་སྲིད་ལ། འཁྲེང་སེམས་དང་དྲན་གདུང་ཁུར་བའི་གཡུ་སྦྲང་ཚོགས་ཀྱིས་ལས་ཀྱི་ཟེའུ་འབྲུ་སྦྱོར་བ་ནི་བར་ཐག་གིས་བསྐྱེད་པའི་ཐོན་སྐྱེད་དོ།།

རྒྱང་ཐག་རིང་བོ་ཆོད་ཀྱང་རྨི་ལམ་སྔོན་པོས་མཚན་མོའི་སྲུབས་ཀ་འཚེམ་སྲིད། དེ་ནི་ཕན་ཚུན་མཐུན་འབྲེལ་གྱི་རྟགས་མཚན་ཞིག་གོ། སྔས་གོང་གཅིག་ལ་མགོ་བོ་སྔས་ཀྱང་སེམས་ཀྱི་འཁྱེར་སོ་ཁ་ཁར་ལྷུང་འགྲོ། དེ་ནི་ཕན་ཚུན་སོ་སོར་གྱེས་པའི་སྔོན་བརྡ་ཞིག་གོ།

གལ་སྲིད་འཇིག་རྟེན་དུ་སྤམ་མཐུག་གི་གྱང་ལྟ་བུའི་བར་ཐག་ཅིག་མེད་ཚེ། ང་དང་ཁྱོད་ཅེས་པའི་ཐ་སྙད་ཅིག་འགྲུབ་དཀའ་ལ། བདག་བས་གཞན་གཅེས་ཀྱི་མི་བསླུ་བའི་བྱང་སེམས་ཤིག་ཀྱང་འགྲུབ་དཀའ་ཕྱིར་བར་ཐག་ནི་མཛེས་སྡུག་ཅིག་ཏུ་གྲུབ། བར་ཐག་ཅེས་པ་གྲུབ་ཚར་རྗེས། ཐ་ན་སྲབ་ཅིང་ཡང་བའི་ཤོག་བུ་ཞིག་གིས་ཀྱང་བར་ཐག་ཕྱེ་ཡོང་།

ང་ཚོ་ཕན་ཚུན་ལ་བར་ཐག་ཆོད་པས། དྲན་པ་རྐྱོང་བྱེད་ཀྱི་མཛེས་པ་བར་ཐག་ཡིན། དགའ་བ་སྨིན་བྱེད་ཀྱི་ས་བོན་བར་ཐག་ཡིན། ཡིད་ཆེས་སྲུང་བྱེད་ཀྱི་སོ་བ་བར་ཐག་ཡིན། ཁ་མཆུ་སློང་བྱེད་ཀྱི་བདུད་བར་ཐག་ཡིན། བརྩེ་བ་ཉོག་བྱེད་ཀྱི་གདོན་བར་ཐག་ཡིན། རྨ་ཁ་བཟོ་བྱེད་ཀྱི་འདྲེ་བར་ཐག་ཡིན།

དུས་ཀྱི་འཁོར་འགྲོས་དང་བསྟུན་ང་ཚོ་ཕན་ཚུན་བར་ཐ་གུ་ལྟ་བུའི་སྦྲེལ་བྱེད་སྐད་ཆའི་ལབ་གླེང་ཉུང་ནས་ཉུང་དུ་འགྲོ་དུས། གཟུགས་མེད་ཀྱི་བར་ཐག་ཅིག་རིང་ནས་རིང་དུ་ཕྱེ་བ་མཚོན་ལ། མངོན་ལྐོག་གང་རུང་གི་སྐད་ཆ་མཐའ་དག་བྲང་ཁོག་ནས་ལྷོག་ལྷོག་ཏུ་ཁྱེད་ལ་ལྷུག་པོར་བརྗོད་དུས། ཁྱེད་དང་ང་ཚོར་བར་ཐག་ཅེས་པའི་ཐ་སྙད་ཅིག་གདོད་ནས་གྲུབ་མེད།

མདོར་ན་དེང་རབས་འཕྲུལ་གྱི་ཡོ་ཆས་བར་ཐག་རྐྱོང་བྱེད་ཀྱི་བདུད་ཡིན་ཞིང་། ར་མིན་ལུག་མིན་གྱི་སྦྲགས་སྐད་བར་ཐག་རྐྱོང་བྱེད་ཀྱི་རྟགས་ཡིན་སྟབས། བར་ཐག་སྐྱོན་དུ་བརྩི་ན་བརྩེ་བ་རྨེག་མེད་དུ་བཅོམ་བྱེད་སྡུག་བསྔལ་གྱི་རྒྱུ་དང་། བར་ཐག་དགེ་རུ་བཀུར་ན་དུང་བ་ལྷད་མེད་དུ་སྲུང་བའི་མཛེས་སྡུག་ཅིག་གོ།།


རྩོམ་ཡིག་སྔོན་མ།
སྙིང་རྗེ།
རྩོམ་ཡིག་རྗེས་མ།
ལོ་ཟླ་ནི་གཙང་བོ་བཞིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1