སྙིང་རྗེ།

གངས་དབང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ཆར་པ་ཟིམ་ཟིམ་ཞིག་བབས་རྗེས། ཉི་འོད་འཇམ་པོ་ཞིག་ཤར་བྱུང་། ཉི་འོད་འཇམ་པོ་ཞིག་ཤར་མ་ཐག འཇའ་ཚོན་བཀྲ་མོ་ཞིག་གིས་རི་ཆུ་གཉིས་ལྷན་དུ་སྦྲེལ།

འདི་འདྲའི་གནམ་གཤིས་ཀྱི་སྐབས་སུ། མི་སེམས་ཀྱང་དགའ་སྐྱོ་དང་ཁྲོ་སྡང་ལས་གྲོལ་ཏེ་བག་ལྷོད་པོར་ཆགས་པས། མཐོང་ཐུབ་པ་རྣམས་མིག་གིས་བལྟས། ཚོར་ཐུབ་པ་རྣམས་རྣ་བས་ཉན། དྲན་ཐུབ་པ་རྣམས་ཡིད་ཀྱིས་བསམ་ཆོག་པའང་ཁེར་རྐྱང་གི་དུས་ཁོ་ན་ལ་ཡོད་པའི་བདེ་སྐྱིད་ཅིག་ཅི་ལ་མིན།

ལུང་པའི་སྟོད་ནས་གྱེན་དུ་བསླངས་པ་ལྟ་བུའི་ཐལ་བ་ཞིག་འཕྱུར་བ་དང་ལྷན་དུ་ཆིབས་རྟ་ཞིག་གི་འཚེར་སྐད་ལྷང་ལྷང་དང་རྨིག་སྒྲ་ཐག་ཐག་ཇེ་ཉེ་ནས་ཇེ་ཉེར་གྲག ལུང་པའི་སྨད་ནས་ཀྱང་དུ་ཞག་འཁྱིལ་བ་ལྟ་བུའི་ཐལ་བའི་ནང་འཕྲུལ་རྟ་ཞིག་འུར་འུར་གྱི་སྒྲ་དང་བཅས་བྱ་འཕུར་བ་ལྟར་ཡོང་གིན་འདུག

ལུང་པའི་ཕུ་མདའ་ཡི་བར་ལ་རྡོ་འབུམ་མ་ཆེ་མ་ཆུང་བ་ཞིག་སྣང་། སྟོད་ནས་འོངས་པའི་རལ་པ་ཅན་དང་སྨད་ནས་འོངས་པའི་ཞྭ་མོ་ཅན་གྱི་ཕོ་སར་གཉིས་ཏག་ཏག་རྡོ་འབུམ་གྱི་ཟུར་ལ་འཕྲད། རྟ་ཕོ་རྐྱང་དམར་གྱིས་གློ་བུར་དུ་འཕྲུལ་རྟ་དམར་པོ་འོད་འཕྲོ་བ་ཞིག་མཐོང་བས་འདྲོགས་ཏེ་སྲབ་མདའ་དང་ཡོབ་ཆེན་གྱི་དྲིན་མིན་ན་ཕོ་སར་རལ་པ་ཅན་སྒ་ཐོག་ནས་ལྷུང་། ཕོ་གསར་ཞྭ་མོ་ཅན་གྱིས་ཚུལ་དེ་མཐོང་མ་ཐག སེམས་ནང་བྲེལ་འཚུབ་ལངས་ཏེ་མགྱོགས་མྱུར་འཁོར་སྒག་མནན་པས་འཕྲུལ་རྟ་ཕྱི་འཁོར་ཞིག་བསྐོར་ཏེ་ཁ་ཕྱོགས་ཡར་འོངས་སའི་ཕྱོགས་ལ་བསྒྱུར།

ཁོ་གཉིས་སོ་སོའི་ཆིབས་རྟ་དང་འཕྲུལ་རྟ་ལས་བབས་རྗེས་མ་བགྲོས་གཅིག་མཐུན་གྱིས་རྡོ་འབུམ་གྱི་རྩ་ལ་བརྒྱུགས།

རྡོ་འབུམ་དེ་ནི་མ་ཎི་དང་བཛྲ་གུ་རུ། སྒྲོལ་མ་ཉེར་གཅིག་སོགས་གཟུངས་སྔགས་བརྐོས་ཡོད་པའི་རྡོ་ལེབ་ཀྱིས་བརྩིགས་པས་མ་ཚད། སྦྲུལ་གཟུགས་བརྐོས་ཡོད་པའང་མང་པོ་འདུག གཡས་གཡོན་ལ་བཙུགས་པའི་ཤིང་གི་ཀ་བ་གཉིས་ཀྱི་བར་རླུང་རྟ་དཀར་གསེར་དམར་ལྗང་གིས་སྦྲེལ་ནས་ཡོད་པས་རླུང་གི་ལྡང་ཕྱོགས་དང་བསྟུན་ནས་འུ་རུ་རུ་ཞེས་གཡོ་བཞིན་སྣང་།

རླུང་རྟའི་འོག་གི་རྡོ་ལེབ་ཅིག་གི་ཐོག་ལ་ནེ་ཙོ་ཞིག་བབ་སྟེ་ཨོག་སྐོར་ལྷན་ལྷན་དུ་འདར་ཞིང་། མིག་ཧྲིག་ཧྲིག་གིས་ཡར་ལྟ་མར་ལྟ་བྱས། ཞིབ་ལྟ་ཞིག་བྱེད་དུས་ནེ་ཙོའི་རྐང་པ་ལ་བཏགས་པའི་ཐི་གུའི་སྣེ་མོ་རྡོ་ལེབ་བར་དུ་ཐོགས་ཏེ་ཕྱིར་འཐེན་མི་ཐུབ་པའི་ཚོད་རེད།

སྙིང་རྗེ། ཐི་གུ་བཅད་ནས་ནེ་ཙོ་འདི་བཏང་ན་མ་གཏོགས་ལྟོགས་སྐོམ་གྱིས་འཆི་རྒྱུ་རེད། ཅེས་ཕོ་གསར་ཞྭ་མོ་ཅན་དེས་སྐེད་པའི་གྲི་ཤུབས་ནས་གྲི་བཏོན།

དེ་མི་རུང་། གལ་སྲིད་ནེ་ཙོ་འདི་ནགས་ནང་འཕུར་སོང་ན་བདག་པོས་ཇི་ལྟར་བཙལ་ཡང་རྙེད་ཐབས་མེད་པས་སྙིང་རྗེ་ཞེས་ཕོ་སར་རལ་པ་ཅན་དེས་ལག་ནས་རྟ་ལྕག་ཕྱར།

ནེ་ཙོ་དེའི་ཐི་གུ་བཏགས་ཡོད་པའི་རྐང་པའི་པགས་པ་ཅུང་བཤུས་ཡོད་པ་ལས་དེ་མིན་མཆུ་ཏོ་དང་གཤོག་སྒྲོ། རྔ་མ་བཅས་ལ་རྨས་སྐྱོན་ཅི་ཡང་ཐེབས་མི་འདུག ཁོ་གཟེབ་མ་ནང་བཙུད་དེ་ཡུན་རིང་པོར་མི་སྐད་ལ་ལད་མོ་བྱས་པར་ཞེན་པ་གཏིང་ལོག་བྱུང་སྟེ་ཤི་འཐེན་རོ་འཐེན་གྱིས་འདོགས་ཐག་བཅད་དེ་ཕྱི་རུ་ལྡིང་བ་ཡིན་ནམ། ཡང་ན། བདག་པོ་ཨ་གསར་ཅན་དེས་རང་ལ་དགོས་མཁོ་མེད་དུས་གཞན་གྱིས་འཇུ་བདེ་བའི་སླད་དུ་རྐང་པ་ལ་ཐི་གུ་ཐུང་ངུ་ཞིག་བཏགས་ཏེ་ཕྱི་ལ་ཕུད་པ་ཡིན།

ཕོ་གསར་རལ་པ་ཅན་དང་ཞྭ་མོ་ཅན་གཉིས་ནི་ནེ་ཙོ་དེའི་རྐང་པའི་ཐི་གུ་བཀྲོལ་ཏེ་གཏོང་མིན་ཐད་ལ་བསམ་འཆར་མ་མཐུན།

ཁྱེད་ཀྱི་འཕྲུལ་རྟ་དམར་པོས་ངའི་ཆིབས་རྟ་རྐྱང་དམར་དཀྲོགས་པས་ཅུང་མིན་ན་རྟ་འགྱེལ་སྒ་ལོག་བྱས་སོང་ཞེས་མིག་མདངས་མེ་ལྕེ་ཚ་ཚ། ཁ་ལྕེ་གློག་དམར་འཚུབ་འཚུབ། ངར་སྐད་འབྲུག་སྒྲ་ལྡིར་ལྡིར། ལག་ངར་ལྕག་ཚན་འཕྱར་འཕྱར་བྱས།

ཁྱེད་ཀྱི་རྟ་རྒན་འདྲོགས་པས་ཅུང་མིན་ན་ང་རྐང་ཆག་ལག་དཀྲུགས་རེད་སོང་ཞེས་ཁ་ཆུ་ལྦུ་བ་བཙག་བཙག མགོ་བོ་ཌ་རུ་སྐྲོག་སྐྲོག རྐང་ལག་ཞབས་བྲོ་འཁྲབ་འཁྲབ། ཁུ་ཚུར་ཐོ་བ་གཡུག་གཡུག་བྱས།

རྡོ་འབུམ་དང་ཐག་མི་རིང་བ་ན་གྲོང་པའི་གྲོང་མི་རྣམས་ལ་ལ་ཁང་པའི་སྟེང་དུ་བུད། ལ་ལས་སྐར་ཁུང་ནས་སྐེ་བསྲིངས་ཏེ་སི་སྒྲ་སྤུར་བ་དང་ཀི་སྒྲ་བཏབ་སྟེ་ཡིད་ཚིམ་པའི་ལྟད་མོ་ཞིག་ལ་ལྟ་འདོད་ཆེ་བའི་ཚུལ་བསྟན།

སྙིང་རྗེ། དེ་རིང་ཁྱེད་གོམ་པ་གང་གཏང་ན་ངའི་རལ་པ་རིང་པོས་གོ་མ་ཆོད་པའི་རྟགས་ཡིན།

སྙིང་རྗེ། དེ་རིང་ཁྱེད་ལ་རྡོ་འབུམ་ཕྱི་སྐོར་ཞིག་རྒྱག་མ་བཅུག་ན་ངས་ཞྭ་མོ་ཆུ་ནང་འཕེན་རྒྱུ་ཡིན།

……

རྒྱང་རིང་ས་ན་ལག་པ་ཐོད་པར་བཞག་པའི་ལྟད་མོ་བ་རྣམས་ཀྱི་འུར་སྒྲ་དང་། ཐག་ཉེ་ས་ན་ཁྱི་འཛིང་རུས་འཁོན་གྱི་ཧར་སྒྲའི་བར་གསེང་དུ་ཧ་ཧ་ཧེ་ཧེ་ཧོ་ཧོ་ཞེས་སྐད་ཅོར་རྒྱག་པ་མཚམས་རེར་རྡོ་འབུམ་གྱི་སྦུབས་ནས་མཆེད། སྐབས་རེར་མཐོ་སའི་བར་སྣང་ནས་གྲག ལན་རེར་འགྲོ་ལམ་གྱི་གོང་འོག་ན་ཁྱབ།

ནེ་ཙོ་སྐྲག་འཇིགས་ཆེན་པོས་སྒྲོ་དཀྲུགས་ལན་གསུམ་བྱས་པས་རྡོ་ལེབ་བར་དུ་ཐོགས་པའི་ཐི་གུ་དེ་ཆད་སོང་། ཆད་མ་ཐག་ནེ་ཙོས་ད་གཟོད་རང་ལའང་གཤོག་ཟུང་ཡོད་པ་དྲན་ཏེ་རིམ་གྱིས་རྡོ་འབུམ་གྱི་ཐོག་ལ་ལྡིང་སྐོར་ལན་གསུམ་བརྒྱབ་རྗེས་སྙིང་རྗེ། སྙིང་རྗེ། སྙིང་རྗེ། ཞེས་ལུང་པའི་མདའ་ལ་འཕུར་སོང་ངོ།། །།


རྩོམ་ཡིག་སྔོན་མ།
ཤ་མོ་བསྡུ་བ།
རྩོམ་ཡིག་རྗེས་མ།
བར་ཐག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1