ཡུལ་ལྗོངས་འཁྱག་པོ།

ཁྲི་སེམས་དཔའ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


ཐོག་མའི་གཏམ།

རླུང་ལྡང་ཐེངས་རེར། རྒྱང་རིང་ནས་མུན་པ་དང་ས་རྡུལ་ཁུར་འོངས།

ས་ཆེན་དང་ཨ་སྔོན་མཉམ་གཅིག་ཏུ་བསྒྲིབས་པས།

ཁེར་རྐྱང་གི་ཟླ་བ། དགུ་ཚིགས་ཀྱི་ཀློང་དུ་ལྕེབས།

རབ་རིབ་ཀྱི་སྐར་ཚོགས། དབྱིངས་རིམ་ན་གྲང་འདར་རྒྱག

མཚན་གྱི་དུས་ལ། སྐྱོ་བའི་གྲི་ཆུང་སྙིང་ལ་ཕོག་པས།

ངའི་བཤད་འདོད་པའི་སྐད་ཆ་མགྲིན་པ་ནས་ལུས་ཤིང་།

ངའི་མིག་ཆུ། མཁུར་ཚོས་ཀྱི་རི་སྒང་ཉུལ་ནས།

ཚོར་སྣང་གི་གཤོག་པ་སྦངས་སོང་།

མཚན་སྨག་གི་ཀློང་དུ། ངས་ནང་སེམས་ཀྱི་སྐྱོ་ངལ།

དབྱངས་གསལ་སོ་བཞིའི་རྒྱུན་བུ་ལ་བརྒྱུས་ཀྱང་།

ཞལ་ལ་ཞལ་ངོ་འཕྲོད་ཅིང་། སེམས་ལ་སེམས་ངོ་འཕྲོད་པའི།

ཡིད་འགྱུར་གྱི་རླབས་རིས་འཁྱུག་ཐབས་མི་འདུག

སྨག་གིས་ས་གཞི་ཁེབས་དུས།

ངའི་གྲིབ་གཟུགས་ཡ་ཡོ་མུན་པས་རྙོག་སོང་།

ངའི་རྐང་རྗེས་ཐར་ཐོར་རླུང་གིས་བསུབ་སོང་།

ངའི་ཡ་ཆུང་ཁོག་གི་ཆུ་རྒོད་བཞིན་གདུ་བའི་སྡུག་སྣང་།

ལོ་མང་གི་སྡུག་སྣང་།

ཁབ་དང་འབིགས་བཞིན་བསགས་པའི་སྡུག་སྣང་།

སུ་ཡིས་ཁྱོད་ལ་ཇི་ལྟར་བདེན་དཔང་བྱེད་ཨང་།

དང་པོ། སེམས་ཀྱི་དབྱངས་རྟ།

༡ རྡོ་བར་ཕུལ་བ།

ང་ཁྱོད་མེད་པར་ཇི་ལྟར་བཅར་ཀྱང་དམིགས་ས་དེར་བསླེབ་མ་ཐུབ།

གང་དུ་ཡོད་དམ། ང་ཡི་རྡོ།

ནང་སྙིང་ནི་རུལ་མྱགས་ཀྱི་འཇིག་རྟེན་ཞིག་ཡིན་ནམ།

ང་རང་ཁ་རལ་སྣ་རལ་དུ་གྱུར་ཀྱང་ཁྱོད་ཀྱི་ཡིད་རྟོན་མ་ཁུགས།

མྱ་ངམ་གྱི་ཐང་ཆེན་ནས་ངས་ཆུ་ཕྲན་ཞིག་གི་འཇམ་མཉེན་བཙལ་ཏེ།

ད་རག་བར་དཔུང་མེད་རྒྱབ་ཆད་དུ་ལུས་སོང་།

ངས་རྩྭ་རྩེའི་ཟིལ་བ་མྱང་འདོད།

ངས་འོད་ཀྱི་གཟི་བྱིན་འཐུང་འདོད།

རྡོ་བ། རྡོ་བ།

སྲ་ཞིང་མཁྲེགས་པའི་སྙིང་ཁོང་ལ་མུན་ནག་གི་རྩིད་པ་སྐྱེས་འདུག

ཁྱོད་ཀྱིས་སྒེའུ་ཁུང་ཡོད་ཚད་ལ་ཡོལ་བ་དམར་པོ་བརྒྱབ་ཅིང་།

ཁྱོད་ཀྱིས་རང་གི་རྣ་བ་བཀབ་ནས།

ཁྱོད་ཀྱིས་རང་གི་མིག་ཟུང་བསྒྲིབས་ནས།

ཁྱོད་ཀྱིས་འཇིག་རྟེན་ལ་བལྟས།

རྡོ་བ་རྡོ་བ། རྡོ་བ་རྡོ་བ།

ཟུངས་ཁྲག་གི་མཚོ་ནང་ནས་རྐྱལ་རྩལ་ངོམ་མཁན།

ངག་ནས་རྒྱུ་འབྲས་རྒྱུ་འབྲས་ཞེས་རྗོད་མཁན།

དཔུང་བ་གྲ་བསྡེབས་བྱེད་མཁན།

ཡུ་མེད་རྩ་བརླག་གཏོང་མཁན།

རྡོ་བ་རྡོ་བ། ཇེ་བཀབ་ཇེ་གསལ།

ང་ཡི་བསམ་བློ་འཕག་ཏུ་འཇུག་རོགས།

རླུང་བུ་དེ་དང་ལེན་བྱེད་རོགས།

སྒོ་མོ་དེ་ཆེས་ཆེར་ཕྱེ་རོགས།

ངའི་བྱང་ཁོག་སྟོད་དུ་འབབ་པའི་བྱམས་བརྩེ་ཡི་ཆར་བས།

ཁྱོད་ཀྱི་ཨུ་ཚུགས་མཉེས་ཏེ།

འུ་གཉིས་ཀྱི་བར་ཐག་སྟུང་རོགས།

བདག་གི་འཆི་བའི་ཁྲོད་ན་ཁྱོད་ཀྱི་ལོངས་སྤྱོད་ཡོད་དམ།

བདག་གི་མིག་ཆུའི་ཀློང་ན་ཁྱོད་ཀྱི་འཛུམ་མདངས་ཡོད་དམ།

རྡོ་བ། རྡོ་བ།

མུན་ནག་གི་བརླ་བར་ནས།

འོད་ཟེར་གྱི་བུ་ཆུང་བཙས་ཏེ།

གཞིས་མེད་མི་ཚོགས་ཀྱི་ཁྲོད་དུ།

ང་ལ་གཞིས་ཁྱིམ་ཞིག་སྦྱིན་རོགས།

ལྡེ་མིག་ཅིག་གནང་རོགས།

རྡོ་བ། རྡོ་བ།

ང་ཡིས་མིག་ཆུ་ཁོག་ཏུ་བསྐྱིལ་ཡོད།

༢ རྨི་ལམ་འཚུབ་པོ།

རྩ་ལམ་ནས་འཁོལ་བའི་གཙང་ཆུ།

སེམས་ཁོང་ནས་འཕགས་པའི་གངས་རི།

རྨ་དང་ན་ཟུག་གིས་གཟེར་བའི་ཕུང་བོ་འདི་བརྒྱུད་ནས།

དག་ཞིང་དུ་འདྲེན་ནམ། དམྱལ་ཁམས་སུ་བསྲིང་ངམ།

བདག་གི་རྒྱབ་ལོགས་ནི་མུན་དོང་དང་མདུན་ཕྱོགས་ནི་མེ་ནུར་ཏེ།

འཁྱག་ཤུར་ཤུར་གྱི་སེམས་པ་ཁོ་ན། ང་ལ་བདོག་པའི་ཡིད་ཆེས་ཡིན།

གྱང་གསེབ་ནས་མདངས་ཤོར་བའི་མིག་ཟུང་མང་པོ་ངའི་སྟེང་དུ་རུབ་ཡོང་།

འབུ་སྦྲང་ཡང་ངའི་སྟེང་དུ་ནུར་ཡོང་། ད་དུང་མེ་ཐེལ་གྱི་གསུར་དྲི་དང་།

ལྕགས་ཐག་གི་སིང་སྒྲ། ཧ་ཧ་དང་ཧོ་ཧོ།

འཛུམ་གྱིས་གྲོལ་བའི་སྐྱི་པགས། དེའི་འོག་ཏུ་སྦས་པའི་དུག་ཚེར།

མངོན་ལྐོག་གང་རུང་ནས་འཇབ་ཡོང་བའི་རྨི་ལམ་འཚུབ་པོ་དག

འདི་ལྟར་མིག་མ་ཟུམ་ཡང་ང་ལ་གཟས་ནས་བརྙས་ཡོང་།

ས་རུབ་འོང་ན། ང་སྐྲག་གི།

ས་རུབ་འོང་ན། ཤ་ཁྲག་གི་ཕུང་བོ་འདི་ལྷོད་ལ་འབབ་ཁོམ་མི་འདུག

ཚེ་སྲོག་གི་དཀྱིལ་སྙིང་ནས་ཕུགས་བསམ་གྱི་གཤོག་པ་འདར་སིག་སིག

ནང་སེམས་གྱི་ཁྲོན་པ་སེམས་ཁྲལ་གྱི་སྨུག་པས་རྙོག་སོང་།

ས་རུབ་འོང་ན། རིང་ལུགས་ཡོད་ཚད་སྐྱག་རྫུན་རེད།

ས་རུབ་རྗེས། ངས་རང་གི་སྙིང་ཉེ་བའི་བཟོ་ལྟ་བསམས་ནས།

མཚན་རིང་པོར་མིག་ཟུང་བཙུམ་མ་ཐུབ།

ཨ་སྔོན་ནི་གནག་ཅིང་མཐུག་ལ། ཉི་མ་ནི་མཐོ་ཞིང་འཁྱག

སྲོད་ཀྱི་སྤྲིན་པ་འཆི་བདག་གི་ལྕགས་ཀྱུས་ཟིན་འདུག

གྲུ་ག་སོ་སོ་ནས་སྡུག་ཡུས་དང་འོ་དོད་འབོད་མཁན་བགྲང་ལས་འདས།

མ་ཉེས་ཁ་གཡོག་ཐེབས་པའི་ཀེང་རུས་ཀྱི་གདོང་ན་མིག་ཆུ་ཤམ་ཤམ་བཞུར།

འགུལ་གྱིན་པའི་གཟུགས་རིས་ནག་པོས་རང་རང་གི་ཚང་མལ་འཚོལ།

ཉི་ནུབ་ཀྱི་རྗེས་ནས། ད་དུང་ཉི་ནུབ་ཡིན།

ཉི་ནུབ་ནི་རིམས་ནད་མཆེད་པ་དང་འདྲ།

མཚན་མོའི་རྗེས་ནས། ད་དུང་མཚན་མོ་ཡིན།

མཚན་མོ་ནི་བཙའ་གཟེར་བརྒྱབ་པ་དང་འདྲ།

ལོ་ཟླ་ཡོད་ཚད་དུས་གཅིག་གི་ནང་དུ་བཙན་གྱིས་ཕྲོགས་ནས།

སྨྱོ་ཧམ་གྱི་ཉིན་མཚན་ང་ཡི་སྙིང་ལ་བརྐོས་སོང་།

ཉེ་འཁོར་གྱི་མིག་ཟུང་བརྩེ་ཞེན་དང་བྲལ་ནའང་།

ང་ཡི་སེམས་ཁོང་དུ། གནའ་བོའི་ལྷན་འཛོམས་དང་།

ཁ་སང་གི་གྱེས་བྲལ། དེ་རིང་གི་དྲན་གདུང་ཉར་ཡོད་དེ།

ངས་རང་གི་དྲན་པ་བསུབ་ཐབས་མི་འདུག

འཇག་རྩྭ་ཕོན་པོ་དག་ང་ཡི་ཟུངས་ཁྲག་གིས་གསོས་ཏེ།

རྩྭ་ཐང་ལ་གོས་ལྗང་གི་ལྷན་པ་བརྒྱབ་ནའང་།

དབྱར་ཟླ་ཧྲིལ་བོ་ཞིག་ལ་ཕྱོགས་ཕྱོགས་ནས་ཡོང་བའི་རླུང་བུས།

བདག་ལ་ས་རྡུལ་གྱི་འཇིག་རྟེན་ཞིག་བསྐྱུར།

གཅེར་རྗེན་གྱི་ས་གཞི། ནོར་ལུག་ལ་ཞལ་འདེབས་གནང་ངོ་ཟེར།

དགུན་ཁ་བསླེབས་རྗེས། ཁྲུང་ཁྲུང་འཕུར་རྗེས།

ང་སྔར་བཞིན་སྡུག་བསྔལ་གྱི་ནང་སྙིང་རེད།

ངས་བཟོད་བསྲན་དད་མོས་སུ་བསྒོམས་ནས།

ཕ་བོང་ཞིག་མཁའ་ལ་བཀྱགས་ཡོད།

ངས་སེམས་དོན་སྤྲིན་པ་ལ་བྲིས་ནས།

རེ་སྒུག་ཅིག་ལག་ཏུ་བསྣམས་ཡོད།

ང་འཆམ་འཆམ་ལ་འགྲོ་འདོད།

ངས་སྐད་ཆ་བཤད་འདོད།

༣ གཏམ་རྒྱུད་ཀྱི་བྱུང་བ།

སྐྲ་ལོ་ཁ་བས་བཀྲུས་པའི་རི་རབ། རི་རིབ་ཚོགས་ཀྱིས་མགོ་བོ་སྨད་དེ།

ཁྱོད་ལ་དགོངས་དག་ཞུས། རི་རབ་ཀྱི་ཡང་སྟེང་དུ་གཡོ་བའི་དར་ལྕོག་ཁྲ་ཁྲ།

དར་ལྕོག་གིས་སྨྲེ་སྔགས་དབྱངས་སུ་བཀུག་ནས་ཁྱོད་ལ་མྱ་ངན་ཞུས།

ཁྱོད་ཀྱི་འདས་དོན་ནི། ཨ་སྔོན་དབྱིངས་རིམ་དུ་ཟུག་པའི་དུད་སྨུག་ལང་ལོང་དེ་ཡིན།

དུད་སྨུག་གི་ཀློང་ནས་ཁྱོད་ཀྱི་རྒྱབ་གཟུགས།

གས་ཆག་ཏུ་གྱུར། ཕྱོགས་སོར་ཐོར།

བརྩེ་ཞེན་གྱི་ལག་ཟུང་། ས་ཆེན་གྱི་བར་སྣང་དུ་ཞེ་སྡང་གིས་གཡུགས་ཏེ།

དྲག་རླུང་གི་བཞིན་ལ། འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས།

རྣམ་ཤེས་ཀྱི་མཆོད་སྟོན། གངས་རིའི་སྙིང་ཁོང་དུ་བཤམས།

ཁ་བ་བུ་ཡུག་ཁྲོད་དུའང་། སྤོབས་པའི་མེ་དཔུང་གིས་ཁྱོད་ཀྱི་སྐྱོ་གདུང་བསྲེགས།

ཁྱོད་ཀྱི་སྐེ་ལ་འོད་སྣང་གི་ཞགས་པ་འཕངས་ནས།

ཁྱོད་ར་ཉི་འོད་ཀྱི་ཕྱོགས་སུ་དྲངས།

ཁྱོད་རང་སྨག་རུམ་གྱི་ཀློང་དུ་བདས།

ཁྱོད་རང་ལམ་དུ་བཀོད།

འབའ་འབུར་མི་སྙོམས་པའི་ལམ་དུ་བཀོད།

ཡལ་དུ་མེད་པའི་གཏམ་རྒྱུད། གཏམ་རྒྱུད་ཀྱི་འཁྲབ་ཚན་རེ་རེ།

དུངས་པའི་ཞགས་སྣེ་ལ་བརྒྱུས་ཏེ། ང་དང་ཁྱོད་ཀྱི་ཡིད་ངོར་བསྟན།

ན་ཟུག་གི་སྐས་རིམ་བརྒྱུད་མཁན། འཇིག་རྟེན་གྱི་མགྲོན་པོ་ཡ།

ཁ་བའི་ཀློང་དུ་ཕབས་པའི་ཁྲག་གི་རྐང་རྗེས་རིང་པོ།

ཁྱོད་ཀྱི་བཤུལ་ལམ་དུ། ལོ་རྒྱུས་ཀྱི་དོད་དུ་ཁ་དོག་ནང་བཞིན།

མེས་པོ་ཚོའི་སྙིང་ཁོང་དུ་བསྲིངས།

ལྷ་ཡུལ་དུ་བསྲིངས།

དམྱལ་ཁམས་སུ་བསྲིངས།

གཉིས་པ། ན་ཟུག་གི་འཁུན་སྒྲ།

༡ སྐད་སྒྲ།

འདི་ནི་སྐད་སྒྲ་སྣ་ཚོགས་ཕྱོགས་བཞིར་མཆེད་པའི་དུས་ཚིགས་ཤིག་རེད།

འདི་ནི་སྐད་སྒྲ་སྣ་ཚོགས་གང་འདོད་དུ་བསྒྲགས་ཆོག་པའི་དུས་ཚིགས་ཤིག་རེད།

ལྷིང་འཇགས་དབེན་པའི་ལོ་ཟླ།

དུས་ཀྱི་སྐྱུག་ཟླད་ཁྲོད་ངོ་བོ་ཡོངས་སུ་འགྱུར་པས།

སྐད་སྒྲ་འཛེར་འཛེར་སྒྲོག་པའི་མི་རྣམས།

ང་ལ་དབུགས་དབྱུང་གནང་བའི་གོ་སྐབས་སྩོལ་རོགས།

སྐད་སྒྲའི་གདོང་གཏུག་བར་ནས། ང་ཚོས་རང་ཉིད་འཚོལ་དུས།

རྨི་ལམ་ལས་ཀྱང་མངོན་ཐབས་བྲལ་བའི་ཕུགས་བསམ། ཕ་གིའི་བྲག་ཅར་བཅོལ།

གོམ་པས་མི་ཟིན་པའི་ལམ་གྱི་སྣེ་མོ་རུ།

སྐད་སྒྲས་ཉི་ཤར་གྱི་སྣང་བ་བསྒྲིབས་ནས་རང་སེམས་གསོ་ཞིང་།

འཁྱག་སིབ་སིབ་ཀྱི་ཡུལ་ལྗོངས་ཁོ་ནས། མཐོང་ལམ་ཡོངས་སུ་བཀག

འུད་ཤོབ་འདྲེས་མའི་སྐད་སྒྲ་ད་དུང་ཕྱོགས་བཞིར་མཆེད།

དེ་རིང་། མི་ཚོགས་ཀྱི་གསེང་ན། སྙན་ངག་བཞིན་དྭངས་ཤིང་གཙང་བའི།

སེམས་པ་ག་ཚོད་ལྷག་ཡོད། རུལ་དྲི་འཐུལ་བའི་སྐད་སྒྲས།

ཁོར་ཡུག་ཐམས་ཅད་སྦགས་ཤིང་བསླད་པས།

ཁུ་སིམ་མེར་རང་སེམས་ལ་ཉན་པའི་གནམ་ས་ཞིག

ངའི་གྲོགས་པོ་ཚོར་ནམ་ཡང་ཐེམས་མི་སྲིད་ན།

སྐད་སྒྲ་སྣ་ཚོགས་མཉམ་དུ་བསྲེས་པའི་འུར་ཟིང་ཆེན་པོའི་ཁྲོད།

ང་ཚོས་རང་ཉིད་ཀྱི་རྣ་བ་ལག་པས་བཀབ་ནས།

རང་ཉིད་ལ་མནར་གཅོད་གཏོང་བ་ལས་འོས་མེད།

མཁའ་དབུགས་རླུང་གིས་སྐྱོད་དུས། གཟབ་པར་འཚལ།

སྐད་སྒྲས་ཁྱོད་རང་བསྒྱེལ་སྲིད་ལ། བདག་ཀྱང་བསྒྱེལ་སྲིད་པས།

སྐད་སྒྲ་གང་འདོད་དུ་སྒྲོག་པའི་དུས་སྐབས་འདིར།

བདག་གི་སེམས་པ་གཅིག་པུ་གངས་ཐང་དུ་ལུས་ཡོད་ལ།

ཁེར་རྐྱང་གི་ལམ་དུ་བརྩེ་འདང་ཁོ་ནས་ང་རང་བསྲུངས།

བར་སྟོང་ཆེན་པོ་ཞིག་བརྒྱུད་རྗེས། ད་དུང་སྐད་སྒྲ་སྣ་ཚོགས་འཇགས་ཐབས་བྲལ་བས།

ང་རང་སྐད་སྒྲའི་ཕ་རོལ་ཏུ་རང་རློམ་གྱིས་བགྲོད་པའི་མི་རྣམས་ལ།

ཞེ་ཐག་པ་ནས་ཨ་ཐང་ཆད་ཅིང་། སུན་སྣང་སྐྱེས་བྱུང་།

སྨྲ་སྒོ་ཆེས་ཆེར་གདངས་ནས། སྐད་སྒྲའི་སྟ་རེ་གང་སར་གཤར་བའི་གྲོགས་པོ་ཚོ།

ལམ་དུ་ཆས་ཁར། གཡས་གཡོན་གྱི་ཁྲ་ཆིལ་ལེར་བཞད་པའི་མེ་ཏོག་ལ་ཁ།

རླངས་མ་གཏོར།

སང་ཉིན་ལ་ཡིད་ཆེས་མངའ་ན།

ཐོག་མར། ཁྱོད་རང་ཁ་རོག་གེར་འདུག་རོགས།

ཁྱོད་ཀྱིས་རང་ཉིད་ལ་བྱི་དོར་བྱེད་རོགས།

ཁྱོད་ཀྱིས་གཞན་ལ་བརྩི་འཇོག་གནང་རོགས།

༢ ལམ། གང་ནས་གང་དུ།

མཐོང་ལམ་གྱི་ཡོད་ཚད་ལ་རྒས་ཉམས་དོད་ཅིང་།

སྐྱི་བསེར་གྱི་རམ་འདེགས་ཚེར་མ་བཞིན་རྩུབ།

རྒྱང་རིང་དུ་བསྲིངས་པའི་ལམ་ཕྲན་འཇམ་ཐིང་ངེར།

ལོ་རྒྱུས་ཀྱི་གོད་ཆག་དང་སོ་སོར་གྱེས་ཤིང་།

དེ་རིང་གི་འདོད་འདུན་དང་ཡང་ཡོངས་སུ་བྲལ།

བགྲེས་པོ་དེའི་མཐའ་མཇུག་གི་མིག་ཆུས།

བདག་ཡིད་ཀྱི་རྨ་ཁར་ན་ཟུག་གི་ཚོར་བ་མཚོ་བཞིན་བསྐྱིལ་བས།

ད་ནས་བཟུང་། ལུས་སེམས་ལྷོད་ལ་འབབ་པའི་གོ་སྐབས་ཀུན་ནས་བཅོམ་སོང་།

བསམ་གཞིག་གི་རི་རབ་རྩེ་ལ་སེམས་ཁྲལ་གྱི་རྒོད་པོས་གཤོག་འགྱུ་བྱེད་པས།

སྐད་ཅིག་གི་བདེ་སྣང་ལ་སེམས་པ་འཁོར་བའི་སྐལ་བ་ཡོངས་སུ་དོར་དགོས་བྱུང་།

མདུན་རྒྱབ་གང་རུང་ནས་སྨུག་སྤྲིན་བཞིན་གཏིབས་འོངས་པའི་ཉེན་ཁས།

ང་ཚོར་བསམ་བློ་གཏོང་རིན་ཡོད་པའི་གནས་བབ་ཅིག་གསར་དུ་བཞེངས་ནའང་།

ཁུ་སིམ་མེར་སྡོད་པའི་གྲོགས་པོ་ཚོ།

ད་དུང་ཡང་ཁ་སང་ལ་གོམས་ནས་མ་འོངས་པར་ལྡང་མིག་བགྲད་ཅིང་།

སློག་པ་དྲོན་མོའི་པང་ནས་ཕྱི་རོལ་གྱི་གྲང་འཁྱག་གཏན་ནས་བརྗེད་འདུག་ཨང་།

ང་ཚོ་ནི་སའི་གོ་ལའི་གཉེན་ཉེ་ཡིན་ལ། མགྲོན་པོའང་ཡིན་པས།

ཁ་བའི་ཀློང་ནས་རང་ཉིད་ནག་ནོག་གི་དྲི་མས་གོས་མེད་པ་ཚོར་དགོས་ལ།

མི་ཡུལ་དུ་ཕབ་པའི་རྐང་རྗེས་རེ་རེ།

མི་རྟག་པའི་ངོ་བོར་འཐིམ་འགྲོ་བའང་རྟོགས་དགོས་པས།

སྟ་གོན་ཡོད་ཚད་སྔོན་དུ་བྱས་ནས།

བྲག་རི་ལྟ་བུའི་འགྱུར་མེད་ཀྱི་སེམས་པའི་ངོས་ལ།

ཚེ་གང་གི་བདེ་སྡུག་བཀལ་ནས།

ལམ་དུ་ཆས་པར་མཛོད་ཅིག

༣ ཁྲག་མདོག་གི་ཁ་བ།

ཁ་བ་འབབ་པའི་གོ་རིམ་ནི།

ལྷ་མོའི་ཚོགས་བྲོ་གར་ལ་ཞུགས་པའི་ཉམས་འགྱུར་དང་ཅི་འདྲའི་མཚུངས་ཨང་།

ཁ་བ་ལེབ་མོ་རེ་རེ་མཉེན་ལྕུག་ལྡན་པའི་སྒོ་ནས་བདག་གི་ངོ་གདོང་ལ་འཐོར་རྗེས།

འཁྱག་སིབ་སིབ་ཀྱི་བསླུ་བྲིད་དམར་པོ་རུས་རྐང་དུ་ཟུག་ལ།

ཁྲག་དྲི་འཐུལ་བའི་རླུང་བུ་ཐག་རིང་ནས་དལ་བུར་ལྡང་འོང་སྟེ།

བདག་གི་སྐྲ་ལོ་ཤིག་ཤིག་ཏུ་སྒུལ།

བདག་གི་མདུན་ལྗོངས་རབ་རིབ་ཏུ་བཏང་།

ངས་ཁྲག་མདོག་གི་ཁ་བ་མཐོང་བྱུང་།

ང་དགུན་ལྗོངས་འདིའི་ས་སྲོད་ཁྲོད་འགྲེང་ནས།

ཁ་བའི་རང་མདངས་དང་ཉེ་བར་གཅར་དུས།

རྨས་ཕོག་པའི་ཁྭ་ཏ་ཞིག

ཡུལ་ལྗོངས་འདིའི་སྐྱོ་སྣང་ལ་འཐིམ་ནས།

མཐའ་མཇུག་གི་ཨག་སྐད་མི་ཡུལ་དུ་བསྐྱུར།

ཟུངས་ཁྲག་རྡོལ་བའི་ཁ་བ།

སྟོན་མཇུག་གི་འཛུམ་མདངས་རྒྱས་པའི་ཀུ་ཤུ་དང་འདྲ་བར།

ཁྭ་ཏའི་ཨག་སྐད་ཁྲོད་སྨིན་ཐག་ཆོད་ཅིང་།

མཐོ་ལྗོངས་འདིའི་སྤྲིན་པ་དང་འདྲེས་ནས།

སྐྱིད་ལ་སྡུག་པའི་མི་ཡུལ་གྱི་དཔལ་དུ་འཁྲུལ་སོང་།

ངས་དངོས་གནས་ཁྲག་མདོག་གི་ཁ་བ་མཛེས་སྡུག་ངང་འབབ་པ་མཐོང་བྱུང་།

ས་སྲོད་ཀྱི་ཁ་བ་ནི་ཉི་མའི་མིག་ཆུ་ཡིན། ཁ་བ་མདུང་ཁ་ནས་འགྱེལ།

ཁ་བ་མི་ཁ་དང་། མཆིལ་ཞགས་ཁྲོད་གར་སྟབས་ལང་ལོང་ངང་གཟིམས།

དེ་ནི་མི་ལོ་མང་པོའི་སྔ་རོལ་གྱི་སྐྱེས་ཆེན་ཞིག་གི་གཤེགས་ཚུལ་དང་འདྲ་ལ།

དེ་རིང་གི་སེམས་ངལ་དུ་འཁོར་བའི་སྨྲེང་གླུ་འདི་དང་ཡང་ཤིན་ཏུ་མཚུངས་པས།

མ་གཞི་ངའི་དྲན་པའི་ཁྲོད་ཀྱི་ཁ་དོག་དེ་ཁ་བ་དམར་པོ་འདི་ཡིན་ཨང་།

བདག་གི་མིག་ཟུང་ལ་ཁྲག་ཐིགས་སིམ་པའི་ས་སྲོད་ཅིག་ལ།

ངས་འདི་ལྟར་ཁ་བ་ལ་གོ་བ་བསྐྱར་དུ་མི་ལེན་ཀ་མེད་བྱུང་།

གསུམ་པ། མཐོང་སྣེ་གསར་བ།

༡ དཔྱིད་ཀ་སྐྱ་ཐང་ཐང་།

ལྗང་མྱུག་འབུས་མ་བྱུང་ནའང་། དཔྱིད་ཀ་བསླེབས་བྱུང་།

ས་རྡུལ་འཚུབ་པའི་དུས་སྐབས་གང་རུང་ལ། དཔྱིད་ཀ་དངོས་སུ་བསླེབས་བྱུང་།

སྐྲ་ལོ་རྡུལ་ཀྱིས་བཀྲུས། བཞིན་རས་མིག་ཆུས་བསྣོག

དཔྱིད་ཀ་འདིར། མིག་ལ་ཐོགས་པའི་གངས་རི་དང་རྩྭ་ཐང་།

སྔར་བཞིན་སྐྱ་ཐང་ཐང་། ད་དུང་།

སེམས་པ་སྐྱ་ཐང་ཐང་། སྣང་བ་སྐྱ་ཐང་ཐང་།

དཔྱིད་ཀ་འདིར། ནམ་ཟླ་ད་དུང་ཧ་ཅང་འཁྱག

དཔྱིད་ཀ་འདིར། སྨྲེང་བ་ཐོལ་ཐོལ་དུ་འཕྱུར་བའི།

སེམས་པ་འདི་ཁུར་ནས། ལུས་པོ་འདི་དྲུད་ནས།

རང་སེམས་ཀྱི་རབ་ཁ་བརྒལ་ཏེ་འཇིག་རྟེན་ལ་གཡེང་དུས།

མི་ཡུལ་གྱི་སྐྱེད་ཚལ་སྔར་བཞིན་སྐྱ་ཐང་ཐང་།

དཔྱིད་ཀ་འདི། སྐྱ་ཐང་ཐང་།

ངས་རང་སེམས་ཀྱི་ལྗང་མདོག་རྟོག་བཟོ་བྱེད་ཐབས་མི་འདུག

༢ སེང་རས་རྒྱབ་ཀྱི་ངོ་གདོང༌།

ཐང་མ་བརྡལ་འདྲའི་སྐར་ཚོགས་ཁྲི་མ་འབུམ། དགུ་ཚིགས་ཀྱི་ཕང་བར་འཐོར།

དྲན་པའི་ངོགས་སུ་ཁེར་རྐྱང་གི་ཟླ་བ་ཁོ་ནས་སྨྲེང་བ་འགྲོས་ལ་བཀུག་ནས་འཆམ་འཆམ་བྱེད།

གཏིང་ལོན་དཀའ་བའི་སེམས་པ་དང་སེམས་པ་གང་མང་།

རལ་གྲིའི་སོ་ཁར་འཐམས་ནས།

ཆུ་མིག་བཞིན་དྭངས་ཤིང་གསལ་བའི་གདོད་གཤིས་རྙོག་པར་བཏང་ཞིང་།

ཕྱི་ནང་གི་རྐྱེན་གྱིས་སུས་ཀྱང་ཕན་ཚུན་ལ་སྙིང་གཏམ་བཤད་འཕྲོར་བསྐྱུར།

སྐག་དང་ཚོས་ཀྱིས་གཡོགས་པའི་ངོ་གདོང་གྲངས་མེད།

ཡིད་ཆེས་ཀྱི་སྦུབས་ལས་ཐོན་ཏེ།

བརྩེ་བའི་ཕྱག་ཟུང་ཁབ་མིག་བཞིན་དོག་པའི་རང་བློའི་རྒྱ་རུ་བཀུག

སྙིང་གི་ཁྱོར་བ་གང་དུ་གཟེད་ཀྱང་།

གྲང་ཤུར་ཤུར་གྱི་སྐྱོ་གདུང་དང་འཁང་ར་ལས་ཅི་ཞིག

སེང་རས་རྒྱབ་ཀྱི་ཡིད་རྟོན་དེ་ཚོ། གཡང་ལ་མཆོངས་པའི་ཚེ་སྲོག་བཞིན།

ཕྱི་ཤུན་ཀུན་ནས་བཤུས་ཚེ་དབུགས་ཀྱི་རྒྱུ་བ་འགག་ལ་ཉེ།

བསྟོད་པ་དང་མེ་ཏོག་གི་མཆོད་པ་ཕུལ་བའི་ལྟག་རྒྱབ་ཏུ།

སྐྱོན་གྱིས་གོས་པའི་སེམས་པའི་ལྷུང་བཟེད་རང་གི་འདོད་བློའི་ཆེད་དུ་བསྲིངས།

ངལ་བ་འབྲས་མེད་ཀྱི་དུས་ན།

ཞེ་སྡང་གི་མེ་ལྕེ་ཚ་མོས་བརྩེ་འདང་ཡོད་ཚད་བསྲེག་པར་རྩོམ།

རྒྱལ་བའང་མཐར་ཐུག་མིན་ལ། ཕམ་པའང་གནས་སྐབས་ཙམ་གྱི་ཡུན།

ལུས་ཀུམ་ཀུམ་གྱིས་ཅི་ཞིག་བརྗོད་པའི་ཤུལ་དུ། རེ་སྒུག་ལ་རྫོགས་མཐའ་བྲལ།

སྟོང་འདང་གི་སྣེ་ལ་འཁྱུད་པའི་བྱེའུས་སང་ཉིན་གྱི་བདེ་སྐྱིད་རྒུམ་ཞིང་།

དམོད་ཚིག་གི་འདབ་ལོ་སེར་པོ་མྱི་ཁའི་རླུང་ནག་གིས་གང་སར་གཏོར་ཅིང་རྒྱུ།

ནང་སེམས་མཚོན་པའི་འགྱུར་ཁུགས་ལ་དོན་གྱིས་སྟོང་པས།

གནམ་ས་སྒུལ་བའི་བྱ་གཞག་ཅིག་ཇི་ལྟར་རྩོམ་ཨང།

མཇུག་གི་གཏམ།

དུངས་ཞེན་གྱི་ཆུ་རྒྱུན་ནམ་ཡང་གཅོད་ཐབས་བྲལ་བས།

རི་བོ་ཞིག་གི་ཕར་ཚུར་ནས། གཙང་བོ་ཞིག་གི་མགོ་རྔ་ནས།

ང་ཚོ་མཉམ་དུ་ཡོད། ང་ཚོ་མཉམ་དུ་ཡོད།

སྤྲིན་ནག་གིས་མཁའ་དབྱིངས་བསྒྲིབས་ཀྱང་།

དྲག་ཆར་གྱིས་ས་གཞི་སྦགས་ཀྱང་།

དུངས་སེམས་ཀྱི་ཞིང་ནས།

ང་ཚོས་མཛའ་བརྩེ་ཡི་ལག་གདང་སྦྲེལ་ནས།

མཛེས་སྡུག་གི་དབྱར་ལྗོངས་ཤིག་ལ་སེམས་ཀྱིས་སྨོན་བཞིན།

ལོ་ལེགས་ཀྱི་སྟོན་ཁ་ཞིག་ལ་སྙིང་ནས་རེ་ཡོད།

རྒོད་པོ་འཕུར་ཤུལ་གྱི་བྲག་ཐེམ་སྐྱ་ཐང་ཐང་།

སྐྱི་བསེར་གྱིས་མཚམས་སྤྲིན་བསྒུལ་ཅིང་།

ས་སྲོད་བསྒུལ་ནས།

མི་ཡུལ་དུ་སྦྲུལ་ཤུན་ལྟ་བུའི།

མཚན་ལྗོངས་ཤིག་དྲུད་ཅིང་འོངས།

སྨག་རུམ་གྱི་ཟབ་ས་ནས།

ང་ཚོས་སྐྱ་རེངས་ལ་ལག་གདང་བསྲིངས་ཏེ།

བརྩེ་དུངས་དང་ན་ཟུག་ཁོང་དུ་རུམ།

ང་ཚོས་རྒྱང་རིང་གི་སེམས་གསོ་ཞིག་ལ་རྣ་བ་བླགས་བཞིན།

ཁ་ཕྱོགས་གཅིག་ལ་བསྙེགས། རྡོག་པ་གཅིག་ཏུ་སྤས།

ང་ཚོ་མཉམ་དུ་ཡོད།

དགའ་བའི་འཛུམ་མདངས་གྲོལ་ས་ན།

ང་ཚོ་མཉམ་དུ་ཡོད།

སྡུག་གི་ན་བུན་འཁྱིལ་ས་ན།

ང་ཚོས་མཉམ་དུ།

སེམས་ཀྱི་དབྱངས་རྟ་གསང་མཐོར་འགུག་བཞིན།

སྨོན་འདུན་དང་ཤིས་ཚིག་གངས་རིའི་ཞིང་ལ་བསྒྲོན་ཡོད།

ང་ཚོ་མཉམ་དུ་ཡོད། ང་ཚོ་མཉམ་དུ་ཡོད།


རྩོམ་ཡིག་སྔོན་མ།
མགུར་གླུ་ཆུ་ཡི་གཉེར་མ།
རྩོམ་ཡིག་རྗེས་མ།
ཐོགས་རེག་མེད་པའི་ཁྱོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1