ཞི་ཅིན་ཕིང་དང་ཐི་ལང་ཕུའུ་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-03



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་དཀའ་ཚེགས་གང་མང་བརྒྱུད་མྱོང་བ་དང་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་པ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག ལོ་རྒྱུས་ལས་མཉམ་ལས་ནི་ཕྱོགས་གཉིས་ཀྱི་ཆེས་བཟང་བའི་གདམ་གསེས་ཡིན་པ་བདེན་དཔང་བྱས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་དུས་སྐབས་གལ་ཆེན་དུ་གནས་ཡོད། བདག་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཙུང་ཐུང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ངེད་གཉིས་ཀྱིས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པར་མ་ཟད་མཐུན་སྦྱོར་དང་མཉམ་ལས། བརྟན་འཇགས་བཅས་དགོངས་གཞི་ཡིན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་མཉམ་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
        ཐི་ལང་ཕུའུ་ཡིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནི་ཨ་མེ་རི་ཁ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཉིན་མོ་ཡིན། ལོ་མང་པོའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། འཕེལ་རྒྱས་མཉམ་ལས་དང་འཛུགས་སྐྲུན་རང་བཞིན་གྱི་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་ང་རང་ཉིད་ཀྱི་ཐོག་མའི་ལས་དོན་ཡིན། ང་ཚོའི་བར་མཛའ་བཤེས་ཟབ་མོ་ལྡན་པ་དེས་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པར་རླབས་ཆེན་གྲུབ་འབྲས་ལེན་པར་རྨང་གཞི་བརྟན་པོ་བཏིངས་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1