ཡུལ་ལྗོངས།

འཇིགས་མེད་ཕུན་ཚོགས་ཀྱིས་བརྩམས། ཡ་མ་རྒྱལ་མཚན་གྱིས་བསྒྱུར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02



ཡུལ་ལྗོངས་ཚན་ཁག་ཅིག་དྲན་པ་རུ་གབ་སྦས་བྱས།

ཁྱོད་ཉིད་ཆེས་ཐོག་མར་ཡུལ་དེར་ཕྱིན་པའི་ཚེ།

ཁྱོད་ནི་བྲེལ་འཚུབ་ཁོ་ན་བྱེད་པའི་ལམ་འགྲོ་བ་ཞིག་སྟེ།

ཇི་མི་སྙམ་པར་ཉེ་འགྲམ་གྱི་མཛེས་ལྗོངས་དག་ཉེ་བར་བསྐྱུར།

ད་ལྟར ལམ་བར་ནས་ཤིན་ཏུ་དཀའ་འོ།

སྙན་ངག་པ་ཞིག་བྱས་ན་དེ་ལས་ཀྱང་ངལ་དུབ་ཆེ།

སྤྲོ་བ་བརྟས་པ་ཞིག་ལ་ཁྱོད་ཀྱིས་གཞི་ནས་སྔར་ལྟར་དྲན་གྱིན་འདུག

མ་གཞི་དེ་ཉིད་ཁྱོད་ལ་གཏན་ནས་མི་དབང་རུང་།

ཁྱོད་ཀྱི་བསམ་བློ་ཐེངས་སྟོང་ཕྲག་ཁ་ཤས་སུ།

དེས་འཇམ་ཐིང་ངེར་བཙན་གྱིས་བཟུང་བར་བྱས།

དེ་ནི་རྩྭ་ཐང་དུ་སྟུག་པོར་སྐྱེས་པའི་ཁུར་མོང་དང་འདྲ་བར།

བརྟན་ཚུགས་པའི་ངང་ནས་ཁྱོད་ཀྱི་རྨི་ལམ་དུ་སྐྱེས།

དེ་ཉིད་ཉེ་བར་སྤྱོད་ཚེ་གཞན་གྱི་ཡིད་དབང་འཕྲོག་པའི་ཉམས་སྣང་ཤར་དུ་བཅུག

སྡེབ་སྒྲིག་མ་བྱས་པའི་ཚོན་མདངས་ཡོད་ཚད་སླ་མོར་བསྒྱུར།

ཡུན་དུ་བརྟན་པའི་མཁའ་འོག་ཏུ་འབུར་རིས་བརྐོས་པ་ལྟར་གཡོ་མེད་དུ་གནས་སྲིད།

གཡོ་མེད་དུ་ཆུ་ཕྲན་འགྲམ་ངོགས་ཀྱི་སྦྲ་ནག་ཏུ་གནས།

གཡོ་མེ་དུ་རྩྭ་ཐང་དཀྱིལ་གཞུང་གི་ནོར་ལུག་ཏུ་གནས།

གཡོ་མེད་དུ་དེའུ་འབུར་རྩེ་མོར་རླུང་གིས་སྐྱོད་པའི་དར་ལྕོག་ཏུ་གནས།

གཡོ་མེ་དུ་རྫི་བོའི་ཉམས་དགའ་བའི་དཔའ་མདངས་སུ་གནས།

ཚིག་མཛོད་ལ་བརྟེན་ནས་བསྐྱར་འགྲེལ་བྱེད་དགོས་དོན་ཡེ་ནས་མ་མཆིས་ཏེ།

ལོ་འཁོར་བརྒྱ་ཕྲག་ཁ་ཤས་རེས་མོ་བགྲོད་པ་ལའང་འཕོ་འགྱུར་བྲལ།

ཡུལ་ལྗོངས་ཚན་ཁག་ཅིག་དྲན་པ་རུ་གབ་སྦས་བྱས།

ཁྱོད་ཀྱིས་ཆེས་ཐོག་མར་དེ་ཉིད་མཐོང་བའི་ཚེ།

ཁྱོད་ཀྱིས་ཁེར་ཧྲེང་ངང་ནས་རྒྱུན་པར་མནོ་བསམ་བྱེད།

ཁྱོད་ཀྱིས་འདི་ཉིད་སེམས་ཀྱི་ནོར་རྫས་ཡིན་པ་རྟོགས་མི་ནུས་ཤིང་།

ད་དུང་ལུས་གཟུགས་ཀྱི་སྡུག་ཉེན་དུ་སྤུང་བར་ངེས།

རེད་དེ་གནད་འདི་ཉིད ཁྱོད་ཀྱིས་ཤེས་ཡོད།

རྗེས་ཕྱོགས་ཁྱོད་ཀྱི་ཚེ་སྲོག་གི་ཆེས་མཐའ་མའི་འཁྲབ་ལྗོངས་སུ་འགྱུར་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1