ང་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་པསརྒྱུ་འབྲས་ལ་ཡིད་ཆེས་ཡོད།
རྩོམ་པ་པོ།ཨན་སུ་བསོད་སྐྱིད། ཏུག་ཏུག་དཀར་མོ་ཡིས་བསྒྱུར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ང་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན།ང་རྒྱུ་འབྲས་ལ་ཡིད་ཆེས་ཡོད།དེ་བས་ལས་དབང་ཟེར་བ་ང་ལ་མཚོན་ན་དེ་འདྲའི་གལ་ཆེན་ཞིག་མིན།རྒྱུ་འབྲས་ཀྱིས་ལག་ལེན་མཚོན་ཏེ།ཁྱོད་ཀྱིས་རང་ཉིད་ཀྱི་རྒྱུ་འབྲས་གསར་སྐྲུན་བྱེད་པ་རེད།གལ་ཏེ་ང་རང་ལས་དབང་ལ་ཡིད་ཆེས་ཟེར་ན།ལས་དབང་དེ་ནི་ངས་རང་ཉིད་ལ་གསར་སྐྲུན་བྱས་པ་ཡིན།འདི་ནི་སངས་རྒྱས་ཆོས་ལུགས་པའི་བྱེད་སྟངས་ཡིན།
མ་ཡིག་འདི་ནི་ཨན་སུ་བསོད་སྐྱིད་ཀྱིས་ནུའུ་ཅིན་སློབ་ཆེན་དུ་སྤེལ་བའི་གཏམ་བཤད་ཡིན།།
ཤིང་སྡོང་གི་འོག་ནི་ཧ་ཅང་བསིལ།ཕ་མའི་བྱམས་སྐྱོང་གི་ཤིང་སྡོང་འོག་ཏུ་དེ་ལས་ཀྱང་བསིལ།དེ་བཞིན་དུ་སློབ་དཔོན་གྱི་ཤེས་རིག་གི་ཤིང་སྡོང་འོག་ཏུ་ཡང་དེ་ལྟར་བསིལ།ཡིན་ཡང་།འཇིག་རྟེན་ཐོག་ཆེས་བསིལ་བ་ལྡན་པའི་གནས་ནི་སངས་རྒྱས་ཀྱི་བཀའ་སློབ་དང་ལྡན་པའི་ཤིང་སྡོང་འོག་དེ་རེད།
1
བྱམས་ལྡན་གྱི་མཛའ་བརྩེ་ནི་མི་ཚེའི་ནང་ཆེས་ཆེ་བའི་ལེགས་སྐྱེས་ཤིག་ཡིན་ཞེས་སངས་རྒྱས་ཀྱིས་གསུང་མྱོང་སྟེ།ང་ཚོས་དམངས་གཙོ་ཡི་འབར་མའི་ཆེད་དུ་འགྲན་བརྩོད་བྱེད་པའི་ཁྲོད།ང་ཚོ་ལ་བྱམས་ལྡན་གྱི་གྲོགས་པོ་མང་བོ་དགོས།༼རང་དབང་ལ་ཡིད་སྨོན་བྱེད་པ་མ་ཟད་ང་ཚོ་ལ་རོགས་བྱས་ནས་ང་ཚོས་རང་ཉིད་ཀྱི་རང་དབང་ཐོབ་ན་བསམ་པའི་མི་ཚོ།༽
མི་སུ་ཡིན་ཡང་ལས་རྒྱུ་འབྲས་ལས་བརྒལ་ཐབས་བྲལ།ཁོ་ཚོ་ཅི་འདྲའི་ཁྲིམས་མེད་ལུགས་མེད་བྱས་རུང་།ཁོ་ཚོས་མི་ཡུལ་གྱི་ཁྲིམས་ལུགས་ལས་བརྒལ་ཆོག་མོད།ཡིན་ནའང་།ལས་རྒྱུ་འབྲས་ལས་བརྒལ་ཐབས་བྲལ།རྒྱུ་མཚན།དོན་ངོ་མར་བཤད་ན་ལས་རྒྱུ་འབྲས་ནི་ཧ་ཅང་ཚན་རིག་དང་མཐུན་ལ།རྒྱུ་དང་འབྲས་བུའི་བར་ལ་རྒྱུན་ལྡན་གྱི་འབྲེལ་བ་ཞིག་མཆིས་ཏེ།དེ་ནི་སྐར་འོད་དང་འདྲ།ང་ཚོས་ནམ་རྒྱུན་མཐོང་བའི་སྐར་འོད་དེ་ནི་དོན་དུ་འོད་ལོ་དུ་མའི་སྔོན་དུ་བྱུང་བ་རེད།ཡིན་ཡང་དེ་ནི་དངོས་སུ་ཡོད་པ་རེད།ཚན་རིག་ཐོག་ནའང་དེ་བཞིན་རེད།རྒྱུ་དང་འབྲས་བུ་བར་ལ་བལྟས་ཚོད་ལ་བར་ཐག་ངེས་ཅན་མཆིས་མོད།ཡིན་ཡང་དེ་གཉིས་ཀྱི་བར་ལ་འབྲེལ་བ་ཡོད་པ་རེད།
ངས་མི་ཚོར་ལས་རྒྱུས་འབྲས་ཀྱིས་དངོས་ཡོད་ཐོག་ལ་ནུས་པ་ཐོན་གིན་ཡོད་པར་བཤད།དེ་ནི་གཞན་དབང་ཞིག་མིན།མི་ལ་ལས་རྒྱུ་འབྲས་ནི་ལས་ཅན་ཞིག་གམ་ཡང་ན་ལས་དབང་ཞིག་ཏུ་བསམ།དེ་དག་གིས་རྒྱུ་འབྲས་ལ་ནུས་པ་ཐོན་གི་མ་རེད།ལས་རྒྱུ་འབྲས་ནི་དེ་དག་གི་འདས་ཟིན་པའི་བྱ་སྤྱོད་ལས་བྱུང་བའི་ལྡོག་མེད་ཀྱི་འབྲས་བུ་རེད།འདི་ཡང་འབར་མ་མི་དམངས་ཀྱིས་རྒྱུན་ལྡན་དུ་གོ་བ་ལོན་པའི་ལས་རྒྱུ་འབྲས་དེ་རེད།ཡིན་ནའང་། དོན་དུ་ལས་རྒྱུ་འབྲས་ཟེར་བ་འདི་ལས་མི་ཚད་དེ།དེ་ནི་བྱ་སྤྱོད་རེད།དེ་ནི་ལག་ལེན་རེད།དེ་བས།ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་རང་གི་ལས་རྒྱུ་འབྲས་དེ་གསར་སྐྲུན་བྱེད་བཞིན་ཡོད།སངས་རྒྱས་ཆོས་ལུགས་ནི་འགུལ་རྣམ་གྱི་མཚན་ཉིད་རིག་པ་ཞིག་རེད། ཡིན་ཡང་མི་མང་བོ་ཞིག་གིས་ང་ཚོའི་ཆོས་ལུགས་ཀྱི་ནང་དོན་འདི་བརྗེད་ཟིན་ནོ།།
2
ང་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ཡིན།ང་རྒྱུ་འབྲས་ལ་ཡིད་ཆེས་ཡོད།དེ་བས་ལས་དབང་ཟེར་བ་ང་ལ་མཚོན་ན་དེ་འདྲའི་གལ་ཆེན་ཞིག་མིན།རྒྱུ་འབྲས་ཀྱིས་ལག་ལེན་མཚོན་ཏེ།ཁྱོད་ཀྱིས་རང་ཉིད་ཀྱི་རྒྱུ་འབྲས་གསར་སྐྲུན་བྱེད་པ་རེད།གལ་ཏེ་ང་རང་ལས་དབང་ལ་ཡིད་ཆེས་ཟེར་ན།ལས་དབང་དེ་ནི་ངས་རང་ཉིད་ལ་གསར་སྐྲུན་བྱས་པ་ཡིན།འདི་ནི་སངས་རྒྱས་ཆོས་ལུགས་པའི་བྱེད་སྟངས་ཡིན།
སངས་རྒྱས་ཆོས་ལུགས་ཀྱི་ནང་དུ།ང་ཚོ་བཟང་པོར་བཟང་ལན་དང་ངན་པར་ངན་ལན་ཡོད་པར་ཡིད་ཆེས།དེ་བས་ངས་བསམ་ན་རྒྱུ་མཚན་འདིའི་དབང་གིས།སངས་རྒྱས་ཆོས་ལུགས་པ་མང་བོས་སྲིད་གཞུང་གི་གདུག་རྩུབ་དང་འདྲ་མཉམ་མིན་པ་ལ་ང་ཚོས་བྱ་བ་ཅི་ཡང་བསྒྲུབ་མི་དགོས་པར།ནམ་ཞིག་ལ་ཁོ་ཚོས་འབྲས་བུ་མྱོང་ཡོང་གིན་རེད་བསམ།ང་རང་བསམ་ཚུལ་དེ་འདྲ་ལ་མོས་མཐུན་མེད།ངས་བསམ་ན་ང་ཚོ་རང་གར་བསྡད་ནས་བསྒུག་ཚེ།རྒྱུ་འབྲས་འཁོར་བར་རེ་བ་མེད།
ང་ཚོ་འཇིག་རྟེན་འདིའི་ཐོག་ལ་གནས་ཡོད།ང་ཚོ་ལ་འཇིག་རྟེན་འདིར་སྟོབས་ཤུགས་ཡོད་རྒུ་འདོན་རྒྱུའི་འགན་འཁྲི་ཡོད།སངས་རྒྱས་ཆོས་ལུགས་ཀྱི་དངོས་ཡོད་འདི་ཁས་ལེན་པ་མ་ཟད།ང་རང་ཉིད་ཀྱིས་ཀྱང་རང་ཉིད་ཀྱི་བསམ་བློ་དེ་མི་ཡུལ་གྱི་བྱ་བ་ཕལ་མོ་དག་བརྗེད་ཐུབ་པའི་ཚད་ལ་ཐོན་ཡོད་པར་ཁས་མི་ལེན།དེ་བས།སྟོབས་ཤུགས་ཡོད་རྒུ་འདོན་པ་ནི་ངའི་འགན་འཁྲི་རེད།
རང་ཉིད་ཀྱི་འཇིགས་སྐྲག་སེལ་དགོས་ན་ཐོག་མར་གཞན་ལ་བྱམས་སེམས་བཅངས་དགོས།ཁྱེད་ཀྱིས་མི་གཞན་ལ་སྙིང་རྗེ་དང་ལྷག་བསམ།བསམ་ཤེས་བཅས་ཀྱིས་འབྲེལ་འདྲིས་བྱས་པའི་འགོ་བཟུང་ན།ཁྱོད་རང་ཉིད་ཀྱི་འཇིགས་སྐྲག་ཀྱང་མེད་པར་གྱུར་འགྲོ།
སྙིང་རྗེ་དང་རྣམ་དཔྱོད་ནི་ངེས་པར་དུ་ཕན་ཚུན་ཆ་སྙོམས་ཡིན་དགོས།ཆ་སྙོམས་དེ་འདྲ་ནི་འཆམ་མཐུན་གྱི་རྨང་གཞི་ཡིན།མི་མང་གི་སྤྱི་མཐུན་གྱི་ཁེ་ཕན་ཆེད་དུ་ཐག་གཅོད་ཡང་དག་བྱེད་པའི་རྨང་གཞི་ཡང་ཡིན།སངས་རྒྱུས་ཆོས་ལུགས་ཀྱི་གཏམ་རྒྱུད་མང་བོས་སྙིང་རྗེ་དང་རྣམ་དཔྱོད་གཉིས་ཆ་སྙོམས་ཡོང་རྒྱུའི་གལ་ཆེན་རང་བཞིན་གསལ་བཤད་བྱས་ཡོད།
3
སྐབས་རེར་སྙིང་རྗེ་སྐྱེས་པའི་རྐྱེན་གྱིས་མི་ཚོ་ལ་འགྱུར་ལྡོག་བྱུང་བ་མ་རེད།སྐབས་རེར་མི་ཚོ་ལ་འགྱུར་བ་བྱུང་དོན་ནི་ཁོ་ཚོས་རང་ཉིད་ཀྱི་ཁེ་ཕན་གྱི་དོན་དུ་གདམ་ཀ་གཞན་ཞིག་མེད་སོང་བ་ཚོར་བས་རེད།དཔེར་ན་ཧྥེ་གླིང་ལྷོ་མའི་སྲིད་གཞུང་སྔོན་མ་དང་། ལ་ཏིང་མེ་གླིང་གི་དམག་མི་་སྲིད་དབང་སྒེར་གཅོད་དང་། ད་དུང་ཡོ་རོབ་ཤར་མའི་དབང་ཆ་གཅིག་བསྡུས་ཀྱི་སྲིད་དབང་སོགས་ཀྱིས་འགྱུར་ལྡོག་ལ་དང་ལེན་བྱེད་པ་ནི།ངས་བསམ་ན་ཁོ་ཚོས་འགྱུར་ལྡོག་ལ་གཞོལ་ཐབས་མེད་པ་ཚོར་བས་རེད།དེར་བརྟེན་རླབས་རྒྱུན་དེ་དང་བསྟུན་པ་ནི་ཁོ་ཚོའི་ཆེས་ལེགས་པའི་གདམ་ཀ་དེ་ཡིན།ཡིན་ནའང་།ངས་འདིར་བཤད་པའི་འགྱུར་ལྡོག་དེ་ནི་སྙིང་རྗེ་དང་འདྲ་མཉམ།བརྩེ་བར་སྦྱངས་བར་བརྒྱུད་དེ་སེམས་གཏིང་ནས་བྱུང་བའི་འགྱུུར་ལྡོག་ངོ་མ་དེ་ཡིན།།
འཇིགས་སྐྲག་ནི་བདེ་འཇགས་ཀྱི་ཚོར་སྣང་མེད་པ་ལས་འབྱུང་བ་རེད།བདེ་འཇགས་ཀྱི་ཚོར་སྣང་མེད་པ་དེ་ཡང་བྱམས་བརྩེ་མེད་པ་ལས་འབྱུང་བ་རེད།གལ་ཏེ་མི་ཡུལ་ན་བྱམས་བརྩེ་མེད་པར་འདོད་ཚེ།དེ་ནི་ཁྱེད་རང་ལ་བྱམས་བརྩེ་མེད་པ་དང་། ཡང་ན་ཉེ་འགྲམ་གྱི་མི་དག་ལ་བྱམས་སེམས་མེད་པས་ཡིན།དེ་བས་ཁྱོད་ལ་བདེ་འཇགས་ཀྱི་ཚོར་བ་མེད་སོང་བ་རེད།དེར་བརྟེན་འཇིགས་སྐྲག་བྱུང་བ་རེད།
ངས་བཤད་འདོད་པ་ནི།བྱམས་སྙིང་རྗེ་ནི་འཇིག་རྟེན་འདིའི་ཐོག་འཚོ་བའི་ང་ཚོ་ཚང་མ་ལ་མཁོ་བའི་ཅ་ལག་དེ་ཡིན།ད་ལྟའི་བར་དུ་ང་ཚོ་ཚང་མས་འཇིགས་སྣང་དང་ཞེད་སྣང་མེད་པའི་འཇིག་རྟེན་ཞིག་གི་ཆེད་དུ་འབད་འབུངས་བྱས་པ་ཡིན།དམིགས་ཡུལ་དེའི་ཆེད་དུ།ང་ཚོས་ངེས་བར་སུ་འབད་པ་བྱས་ནས་ནང་སེམས་ཀྱི་འཇིགས་སྣང་སེལ་དགོས།ང་ཚོས་མཉམ་གིས་འབད་པ་བྱེད།
4
དེང་སྐབས་འཛམ་གླིང་ལ་ཆེས་ཆེ་བའི་འཇིགས་སྐུལ་དེ་ནི་དབུལ་ཕུང་རྒྱལ་ཁབ་དག་གི་དཔལ་འབྱོར་ཐོག་གི་རྗེས་ལུས་དེ་མིན་པར།ས་ཆ་འདི་དག་ལ་ཆོས་ལུགས་མི་འདྲ་བ་འདུམ་སྒྲིག་དང། རིགས་རྒྱུད་དང་ཆབ་སྲིད་ཀྱི་རྩོད་གཞི་ཡི་རྩ་དོན་དང་ལག་བསྟར་གྱི་ཐབས་ཤེས།ད་དུང་མིའི་རིགས་ཀྱི་རླབས་ཆེན་གྱི་རེ་བ་དག་སྣང་མེད་དང་འགོག་གནོན།ཡང་ན་འཁྱོག་བཤད་ཐེབས་པ་དེ་རེད།
ཤར་ཕྱོགས་བ་དང་ནུབ་ཕྱོགས་བའི་མི་མང་བོས་སྤྱི་ཚོགས་རིན་ཐང་ནི་དངོས་པོའི་རྒྱུ་ནོར་དང་མི་ལ་བག་ཆགས་ཟབ་མོ་བཞག་པའི་འཕར་བའི་གཞི་གྲངས་ཀྱིས་བསྡུར་ཞིབ་བྱེད་དགོས་པ་ཞིག་ཡིན་པར་སྙམ།ཁོ་ཚོས་དངོས་པོ་འདི་དག་གི་ལྟག་རྒྱབ་ཀྱི་འདྲ་མཉམ་མིན་པ་དང་སྡུག་བསྔལ་ལ་ཁྱོན་ནས་དོ་སྣང་བྱས་མེད།།དེ་བཞིན་དུ་མི་རྣམས་ཀྱི་འཕེལ་རྒྱས་ནི་ངེས་པར་དུ་མིའི་རིགས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཞི་བདེ།གཞན་ཁོར་ཡུག་གི་འཆམ་མཐུན་གྱིས་བསྡུར་ཞིབ་བྱེད་དགོས།དེར་བརྟེན་ང་ཚོ་སླར་ཡང་བྱམས་བརྩེ་དང་སྙིང་རྗེའི་གནད་དོན་ཐོག་ལ་ལོག་པ་རེད།
ང་ཚོའི་བསམ་བློའི་རྨང་གཞི་ནི་བྱམས་བརྩེ་རེད།ཁྱེད་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་ཁོ་ན་ལ་བྱམས་བརྩེ་གནང་མི་འགྲིག།དེ་བཞིན་དུ་ཁྱོད་ལ་ངོ་རྒོལ་བྱེདམཁན་གྱི་མི་ལའང་བཀོལ་ཆོག བྱམས་བརྩེས་མི་གཞན་ལ་གདུང་སེམས་སྐྱེས་པ་མཚོན་པས།རང་གི་བྱེད་འདོད་མེད་པ་རྣམས།གཞན་ལའང་བྱེད་དུ་འཇུག་མི་རུང་།
བྱམས་བརྩེ་ཟེར་བ་ང་ལ་མཚོན་ན་ཡོངས་ཁུང་ནི་ང་རང་ཉིད་ཀྱི་མྱོང་ཚོར་རེད།ང་ཚོའི་འཐབ་རྩོད་ཁྲོད་དུ།ང་ཚོ་ལ་ཅི་ཞིག་ཡོད།ང་ཚོ་ལ་གདུང་སེམས་འཆོར་བའི་རྐྱེན་གྱིས་རྒྱབ་སྐྱོར་བྱེད་པའི་མི་དམངས་ཁོ་ན་ཡོད།དེ་ནི་མཐུན་སྒྲིལ་གྱི་མཛའ་བརྩེ་ཞིག་སྟེ།དེ་ནི་བྱམས་བརྩེ་རེད།གཞན་ལ་སེམས་ཁུར་བྱེད་པའི་མཛའ་བརྩེ།འདི་ནི་ང་ཚོའི་ལས་འགུལ་ཧྲིལ་བོའི་རྨང་གཞི་རེད།ང་ཚོ་ལ་མཚོན་ཆ་མེད།སྒོར་མོ་མེད།དབང་ཆ་མེད།རྒྱལ་ཁབ་འདིའི་ཁྲིམས་ལུགས་ནི་ང་ཚོ་རྡུལ་དུ་རློག་བྱེད་རེད།ང་ཚོས་སུ་ལ་རྟེན།ང་ཚོས་གང་འདྲ་བྱས་ན་མཐུན་སྒྲིལ་ཡོང་།ང་ཚོས་མཐུན་སྒྲིལ་རྒྱུན་སྐྱོང་བྱེད་དོན་ནི།ང་ཚོ་རང་ཉིས་ཀྱིས་སྒྲུབ་པའི་ལས་དོན་འདི་དྲང་བདེན་ཡིན་པ་ཡིད་ཆེས་པས་རེད།ང་ཚོས་ངེས་པར་དུ་ཕན་ཚུན་ལ་རོགས་རམ་བྱས་ནས་མདུན་དུ་སྐྱོད་དགོས།ང་ཚོ་ལ་བྱམས་བརྩེ་ཡི་རྨང་གཞི་ངེས་ཅན་ཞིག་ཡོད་ན་མ་གཏོགས།ང་ཚོས་འགྲུབ་ཐབས་བྲལ།
5
མི་ཡུལ་གྱི་ཞིང་ཁམས་ཟེར་བ་ནི་རྗེས་ལུས་ཀྱི་བསམ་བློ་ཞིག་རེད།དེ་ལ་ཡིད་ཆེས་མཁན་ཧ་ཅང་ཉུང་བར་གྱུར་ཟིན།ཡིན་ན་ཡང་།ང་ཚོས་ང་ཚོའི་སེམས་སུ་ཞིང་ཁམས་དང་གཉིས་སུ་མེད་པའི་བརྩེ་བ་དང་སྙིང་རྗེ་ཡི་གཞི་ཀ་ཞིག་སྒྲིག་འཛུགས་བྱེད་ཐུབ་ངེས།་ང་ཚོ་རང་ཉིད་ཀྱི་སྐར་ཚོམས་དེ་་སྔར་ལས་མཛེས་སྡུག་ལྡན་པ་དང་།བདེ་སྐྱིད་ལྡན་པའི་གཞིས་ཁྱིམ་ཞིག་ཏུ་འཇུགས་སྐྲུན་བྱས་པར་བརྩོན་ལེན་བྱས་ངེས།འདི་ལྟ་བུའི་ནང་སེམས་ཀྱི་འཕེལ་རྒྱས་ནས་འགོ་བརྩམ་སྟེ།ང་ཚོས་སྙིང་སྟོབས་དང་རྣམ་དཔྱོད་ཀྱིས་་ཕྱི་ཡི་འཇིག་རྟེན་ལ་མུ་མཐུད་དུ་འཕེལ་རྒྱས་བཏང་ཆོག
དབང་བསྒྱུར་བྱེད་མཁན་གྱིས་མི་དམངས་ལ་ཞི་བདེ་དང་བདེ་འཇགས་ཀྱི་སྲུང་སྐྱོབ་འདོན་སྤྲོད་བྱེད་དགོས།ཁོས་ངེས་པར་དུ་སངས་རྒྱས་ཀྱི་བཀའ་སློབ་ལ་བརྩི་སྲུབ་བྱེད་དགོས།བཀའ་སློབ་དེ་དག་གི་སྙིང་བོ་ནི་བདེན་པ་དང་།དགེ་བ།བྱམས་སེམས་བཅས་རེད།འབར་མ་མི་དམངས་ཀྱིས་དམངས་གཙོ་ཡི་འཐབ་རྩོད་ཁྲོད་དུ་བརྩོན་ལེན་བྱེད་བཞིན་པའང་འདི་འདྲའི་གཤིས་ཀ་དང་ལྡན་པའི་སྲིད་གཞུང་ཞིག་ཡིན།
དབང་ཆ་དང་གཅིག་ཏུ་བསྡོངས་བ་ནི་འགན་འཁྲི་ཡིན།ངས་བསམ་ན་མི་ཞིག་གིས་གལ་ཏེ་འདི་ལ་རྒྱུས་མངའ་ལོན་ན་སྨྱོ་ཧམ་ཅན་གྱི་དབང་ཆ་བ་ཞིག་ཏུ་འགྱུར་མི་སྲིད།ང་ཚོས་ཤེས་རྒྱུར། དམངས་གཙོ་དང་འགྲོགས་ཏེ་ཡོང་ན་འགན་འཁྲི་ནི་ཅི་འདྲའི་ཆེ་བ་ལ།འདི་ནི་ཅིའི་ཕྱིར་ང་ཚོ་སྨྱོ་ཧམ་ཅན་གྱི་དབང་ཆ་ཞིག་མིན་པའི་རྒྱུ་རྐྱེན་རེད།ང་ཚོ་ནི་འབར་མ་མི་དམངས་དང་རྒྱལ་ཁབ་ཀྱི་ཆེད་དུ་ནུས་ཤུགས་ཡོད་རྒུ་འདོན་པའི་རྩ་འཛུགས་ཤིག་ཡིན།ང་ཚོ་ནི་འཁོན་སེམས་མེད་ཅིང་བྱམས་སེམས་ལ་མཐོང་ཆེན་བྱེད་པའི་རྩ་འཛུགས་ཤིག་ཡིན།
ང་ཚོས་འབར་མའི་དམངས་གཙོའི་ལས་འགུལ་ཁྲོད་ཤེས་རྟོགས་བྱུང་བ་ནི།དམངས་གཙོ་དང་མིའི་ཐོབ་ཐང་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་ཞིང་ཁ་ཁར་འབྱེད་ཐབས་མེད།དམངས་གཙོ་དང་མིའི་ཐོབ་ཐང་གི་འཐབ་རྩོད་ཁྲོད་དུ།ང་ཚོས་འབད་བརྩོན་གྱིས་སྐྲུན་བཞིན་པ་ནི།མ་འོངས་པར་ང་ཚོའི་མི་དམངས་གསོན་པའི་དགོས་མཁོ་དང་།འཇིགས་སྐྲག་ལས་བྲལ་བའི་རང་དབང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲིག་བཟོ།རིན་ཐང་གི་མ་ལག་བཅས་ཡིན། ངའི་རེ་བར་ང་ཚོའི་རྒྱལ་ཁབ་དེའི་འོག་ཏུ་ཚང་མ་ཡོང་ནས་སྲུང་སྐྱོབ་ལ་རེ་སའི་གནོད་འབྱོལ་ཁང་ཞིག་ཡིན་ན་འདོད།
6
ངས་སྔོན་ཆད་བཤད་མྱོང་།ང་ད་དུང་མི་ཚང་མ་ལ་བྱམས་བརྩེ་ཐུབ་པའི་ཚད་ལ་ཐོན་མེད།ངས་རང་ཉིད་ཀྱི་ལུས་སེམས་ཧྲིལ་བོས་དམག་དོན་སྲིད་གཞུང་ལ་བྱམས་བརྩེ་གནང་མི་ཐུབ་པར་བསམ།ཡིན་ན་ཡང་།དོན་དངོས་ཐོག་ངས་ཀྱང་ཁོ་ཚོ་ལ་དགྲ་འཛིན་གྱི་བསམ་བློ་མེད།ང་རང་ཧ་ཅང་དགའ་སྤྲོའི་ངང་ནས་ཁོ་ཚོ་དང་མཛའ་མཐུན་མཉམ་གནས་བྱེད་ངེས།ངས་གསལ་བོར་བཤད་ཆོག་པ་ནི།ངས་མི་ཚོགས་འདུ་ས་དང་། ཡང་ན་སྒེར་ངོས་གང་རུང་ནས་ཐལ་དྲག་པའི་དགྲ་འཛིན་གྱི་སྐད་ཆས་ཁོ་ཚོ་ལབ་གླེང་གཏན་ནས་བྱས་མ་མྱོང་། ངས་ཁོ་ཚོར་ངོ་རྒོལ་བྱེད་པའི་སྐད་ཆ་དྲག་པོ་ཞིག་བཤད་མྱོང་བའི་ནི། ཁོ་ཚོ་ནི་ཧ་ཅང་གླེན་པ་རེད་ཟེར་བ་དང་།ཡང་ན་ཁོ་ཚོའི་བྱ་སྤྱོད་ནི་བླུན་པོ་དང་མཚུངས་ཟེར་བ་དེ་ཡིན།
ཕལ་ཆེར་ཁོ་ཚོས་ཀྱང་ང་ཚོའི་གཏམ་བརྗོད་ཁྲོད་ནས་སློབ་སྦྱོང་བྱེད་ཀྱིན་ཡོད་ངེས།ཕལ་ཆེར་ཁོ་ཚོས་མི་དམངས་ཀྱི་ནང་སེམས་ཀྱི་བྱམས་བརྩེ་དེ་ཚོར་གྱིན་ཡོད་ངེས།མི་དམངས་ཀྱི་ཁྲོད་ནས་བསྐྱེད་པའི་བྱམས་བརྩེ་དེས་ཀྱང་ཁོ་ཚོ་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ངེས།བྱམས་བརྩེའི་ནུས་པ་འདི་ལྟར་ཐོན་པ་རེད།ཕལ་ཆེར་བྱམས་བརྩེ་ཡིས་ཁོ་ཚོར་མི་དམངས་ལ་འབྲེལ་འདྲེས་བྱེད་སྟངས་གསར་བ་ཞིག་ཕྱེས་ཡོད་ངེས།དེ་ཡང་མི་དམངས་ནི་བརྩི་བཀུར་དང་ཞབས་འདེགས་ཞུ་ཡུལ་གཅིག་ཏུ་བལྟས་པ་ལས།གཉའ་གནོན་དང་བཤུ་གཞོག་བྱེད་ཡུལ་མིན།ཕལ་ཆེར་མི་དམངས་ཀྱི་སྙིང་སྟོབས་ཀྱིས་ཁོ་ཚོ་ལ་སེམས་འགུལ་ཐེབས་སུ་བཅུག་པ་ཡིན་ངེས།མི་དམངས་ཚོས་ཁོ་ཚོ་འདོར་བསམ་པས་མི་ཚད།ད་དུང་རེ་སྒུག་ཁྲོད་ནས་ཁོ་ཚོ་གཟོད་གསོལ་བྱེད་པར་སྟ་གོན་བྱས་འདུག།མདོར་ན།དོན་དག་ཅི་ཡང་འབྱུང་སྲིད་པ་རེད།