ཚངས་དབྱངས་རྒྱ་མཚོ།

ཕུར་བཀྲ། (རྔ་བ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


        དགོང་མོ་དེ་ལ་གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་ཆང་ཁང་ནང་ནས་ཕོ་སར་རྫིག་པོ་ཞིག་གིས་ཆང་ཕོར་མཐོན་རུ་བཏེགས་ནས་ངའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་ཞེས་བཤད་བྱུང་། སྐྱེས་སྐར་འདུ་འཛོམས་དེར་འདུས་པའི་མི་སུས་ཀྱང་ཕོ་སར་དེའི་སྐད་ཆ་དང་བྱ་སྤྱོད་ལ་དོ་སྣང་མ་བྱས་པ་ལ་ཡང་རྒྱུ་མཚན་འདུག་སྟེ།དེ་ནི་དྲན་པ་ཉམས་པའི་མི་འགའ་ཕྱོགས་གཅིག་ཏུ་འདུས་ནས་སྨྱོ་བཤད་བྱས་པ་དང་ཀུན་ནས་མཚུངས།

        ཨ་ཅག་ཟླ་སྒྲོལ་གྱིས་ང་ལ་ཡི་གེ་ཞིག་བསྐུར་ནས་ཟླ་འགའ་འགོར་ཡང་འབྱོར་མ་སོང་མོད།བདག་གིས་ཨ་ཅག་ཟླ་སྒྲོལ་ལ་འཕྲིན་ཡིག་དེ་ཅིའི་ཕྱིར་ང་ལ་བསྐུར་བ་ཡིན་ཚུལ་གཏིང་འདྲི་ཕུགས་འདྲི་བྱེད་ཁོམ་མ་བྱུང་།ང་རང་ནུབ་ཀྱི་གྲོགས་པོ་གྷོལ་ཐྲི་མན་ཟི་དང་ལྷན་དུ་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་པའི་ན་སྤང་ཁོད་ཡངས་པོ་དེ་རུ་ཁྲུང་ཁྲུང་གི་འཚོ་གནས་དང་རྒྱུད་སྤེལ་ལ་ཞིབ་འཇུག་བྱེད་བཞིན་ཡོད།ནུབ་ཀྱི་གྷོལ་ཐྲི་མན་ཟི་ཡིས་ང་ལ་ཁོ་རང་སྦྲ་ནག་ནང་ནས་ནུབ་མ་གཅིག་ལ་ཉལ་འདོད་ཟེར།ངས་གྷོལ་ཐྲི་མན་ཟི་ལགས་འགྲུལ་བ་གལ་ཆེན་དུ་བརྩིས་ནས་གཉེན་མི་དང་གྲོགས་པོ་འགའ་བོས་ནས་སྤང་ལྗོངས་སུ་སྦྲ་ཕུབ་ཏེ་གྷོལ་ཐྲི་མན་ཟི་ལགས་ལ་སྣེ་ལེན་བྱེད་ས་བྱས་ཀྱང་མཚན་མོ་ཕྱུགས་ཟོག་གིས་ཆོན་ཐག་ལ་ཤིག་འཕྲུག་པར་ཁོས་ཁྱེད་ཚོའི་དཀོན་མཆོག་གིས་ང་ལ་གནོད་པ་བྱེད་ཀྱིན་འདུག་ཟེར།དེའི་ཕྱི་ཉིན་ང་རང་སྡེ་དཔོན་གྱིས་བོས་ཤིང་ཁྱིམ་དང་ཐག་མི་རིང་བའི་དེའུ་འབུར་གྱི་རྩིབས་ནས་ངེད་གཉིས་ཀྱིས་སྔ་དྲོ་གཅིག་ལ་ཁ་བརྡ་བྱས་པའི་མཇུག་འབྲས་ནི་ང་ཡི་འགྲུལ་བ་ནུབ་ཀྱི་གྷོལ་ཐྲི་མན་ཟི་ལགས་ང་དང་ལྷན་དུ་ང་ཚོའི་སྡེ་བར་འབྱོར་ཉིན་ནས་རྟ་མགྲིན་ནག་ལུགས་ཚང་གི་རྟ་དགུ་རྐུན་མས་དེད་པ་དང་འབྲུག་ཡག་ཚང་གི་ཁྱི་རྒན་མཚན་མོ་སྤྱང་ཀིས་བསད་པ་དང་།དབང་ཆེན་ཚང་གི་ཞི་ལི་འཕྲུལ་རྟ་གདོང་ཐུག་བརྒྱབ་སྟེ་སྨན་ཁང་དུ་ཡོད་པ་དང་།སྡེ་བའི་མཉམ་ལས་ཁང་གི་ལུག་ཁྱུར་ཐོག་གིས་བརྒྱབ་ནས་ལུག་ཆེ་ཆུང་བཅོ་ལྔ་ཤི་རྨས་ཐེབས་པ།སྡེ་དཔོན་གྱི་ཆེ་ཞིང་སྟུག་ལ་མདོག་དམར་སྨུག་ཡིན་པའི་སྣ་མགོ་ལ་འབྲུམ་བུ་བུད་པ་སོགས་དོན་དག་ཆེ་མ་ཆུང་གསུམ་གྱི་འབྱུང་རྐྱེན་གྷོལ་ཐྲི་མན་ཟི་ལ་ཐུག་འདུག་པས་ཁོ་རང་ཁྲིད་དེ་ང་ཚོའི་སྡེ་བ་དང་ཁ་ཐག་རིང་ས་ཞིག་ལ་འགྲོ་དགོས་པའི་རེ་བ་བཏོན་བྱུང་།ད་རུང་སྡེ་དཔོན་གྱིས་མི་འདི་འདྲ་ལ་ང་ཚོའི་གཞི་བདག་གིས་དགའ་བསུ་མི་བྱེད་པ་འདྲ།དེ་བས་སྔ་སེ་ནས་འདི་རུ་མ་བསྡད་ན་བཟང་ཞེས་བཤད་དུས་ཉམས་མྱོང་ཕུན་སུམ་ཚོགས་ཤིང་བློ་རིག་རྣམ་པར་བཀྲ་བའི་བློན་ཆེན་ཞིག་གི་ཚུགས་ཀ་ལྡན་པར་མ་ཟད་གདོང་ལ་རྒྱལ་ཁའི་མདངས་ཤིག་ཀྱང་མངོན་འདུག

        ངས་གྷོལ་ཐྲི་མན་ཟི་ཁྲིད་ནས་རྫོང་མཁར་དུ་ཟླ་འགའ་བསྡད་པའི་ཁང་གླ་ཟླ་སྒྲོལ་གྱིས་སྦྱིན་པ་གནང་མོད།མོ་ལའང་དེ་ལྟར་བྱེད་པའི་འཆར་གཞི་གཞན་ཞིག་ཡོད་པ་ལོས་ཡིན་སྙམ་ཞིང་ཁ་དཔེ་ལ་ཨ་ཁུ་མི་སེམས་ཏ་ལེན་སེམས་ཞེས་པ་ལྟར་མོ་རང་གྷོལ་ཐྲི་མན་ཟི་ཡི་ཆུང་མ་བྱེད་འདོད་ཀྱིས་སྟོང་སེམས་འཆང་བཞིན་འདུག ཡིན་ཡང་གྷོལ་ཐྲི་མན་ཟི་ཡི་ཕ་ཡུལ་དུ་ཆུང་མ་དང་བུ་ཕྲུག་ཡོད་པས་ཟླ་སྒྲོལ་གྱི་རེ་བ་དང་ལེན་མི་བྱེད་པ་ཀུན་གྱིས་ཤེས་ནའང་ངས་དོན་དག་དེ་ཟླ་སྒྲོལ་ལ་གསལ་བཤད་མ་བྱས་པར་བསྐྱུར་བ་ཡིན།

        ཉིན་ཞིག་ལ། གྷོལ་ཐྲི་མན་ཟི་ཡིས་ང་ལ་ང་རང་ཕྱིར་ཡུལ་ལ་འགྲོ་དུས་ཁྱོད་ཚོའི་སྦྲ་ནག་ཅིག་ཉོས་ནས་འགྲོ་རྒྱུ་ཡིན་ཟེར།ང་དང་གམ་གྱི་བྱིས་པ་ཚོ་ཕལ་ཆེར་ཕྱི་དྲོ་གཅིག་ལ་བགད་པ་ཡིན།དེ་ནས་བཟུང་བྱིས་པ་ཚོས་ཁོ་ལ་རྒན་པོ་བླུན་པོ་ཞེས་མཚང་མིང་ཞིག་ཀྱང་བཏགས་པ་རེད།ངས་གྷོལ་ཐྲི་མན་ཟི་རྫོང་མཁར་དུ་ཁྲིད་རྗེས་ང་ཚོའི་སྡེ་བར་སྔར་བཞིན་དོན་དག་མང་བོ་བྱུང་ཞིང་དེའི་ཁྲོད་དུ་ཚབས་ཆེན་ཡིན་པ་ནི་སྡེ་དཔོན་ཚང་གི་མནའ་མ་སྡེ་བ་གཞན་གྱི་ཕོ་སར་ཞིག་གིས་ཁྲིད་སོང་།ཚབས་ཆེན་གྱི་དོན་དག་དེ་བྱུང་ནས་ཉིན་གསུམ་འགོར་རྗེས་ཀྱི་ཉིན་གུང་ལ་སྡེ་དཔོན་ཕ་བུ་གཉིས་ཀྱིས་ཨ་མྱེས་ཕྱིང་དཀར་གྱི་ལབ་ཙེ་བསྟད་པས་ཕྱི་དྲོ་དྲག་ཆར་ཐང་དཀའ་བ་ཞིག་བབ།

        རྗེས་སུ་རྩད་ཆོད་པ་ལྟར་ན་སྡེ་དཔོན་ཚང་གི་མནའ་མ་ཁྲིད་མཁན་གྱི་མི་དེའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བ་གོ་བྱུང་།མི་དེ་ནི་དགོང་མོ་དེ་ལ་གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་ཆང་ཁང་ནང་ནས་ཕོ་སར་རྫིག་པོ་ཞིག་གིས་ཆང་ཕོར་མཐོ་རུ་བཏེགས་ནས་ངའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་ཞེས་བཤད་མཁན་དེ་རེད། ཟླ་སྒྲོལ་གྱིས་གྷོལ་ཐྲི་མན་ཟི་ལ་ཁང་གླ་སྦྱིན་ཞིང་གཟའ་འཁོར་རེ་ལ་སྐོར་རེ་རྒྱག་ཚུལ་ལ་བལྟས་ཚེ་དམིགས་ཡུལ་ནི་གྷོལ་ཐྲི་མན་ཟི་ཡི་ཡོན་ཏན་དང་རིག་གཞུང་ཞིབ་མཇུག མི་གཤིས་ཀུན་སྤྱོད་ལ་ལྟ་བ་མ་ཡིན་པར་ཁོའི་རྒྱབ་ཁུག་སྔོན་པོ་རུ་བཅུག་པའི་དངུལ་བྱང་མང་བོའི་ནང་གི་བརྩི་ཐབས་བྲལ་བའི་སྒོར་མོ་ཡིན་པ་འདྲ།ཡིན་ནའང་།ངས་གྷོལ་ཐྲི་མན་ཟི་ལ་ཟླ་སྒྲོལ་གྱི་སྐོར་ལ་བཟང་དང་ངན་གྱི་སྐད་ཆ་གཅིག་ཀྱང་བཤད་མ་མྱོང་།ངས་ནི་ཁོང་གིས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུ་ལ་ཞིབ་འཇུག་དང་ཁྲུང་ཁྲུང་གི་རྒྱུད་སྤེལ་འཕེལ་རྒྱས་དང་སྦྲ་ནག་གི་གྲུབ་ཆ་དང་འཇིགས་ཉེན་གྱི་གསང་བ་འཚོལ་བའི་དཀའ་སྤྱད་འབད་འབུངས་ལ་སྡུག་རུས་བྱེད་རོགས་ཙམ་ལས་མི་དང་མིའི་བར་གྱི་མཛའ་བརྩེ་ལ་གཏོར་བརླག་གཏོང་མ་འདོད་པ་ཡིན།

        འབྲོག་ཁུལ་འདི་རུ་ཁྲུང་ཁྲུང་དང་སྦྲ་ནག་ལོ་རེ་ནས་ལོ་རེར་ཇེ་ཉུང་ཡིན་པ་ནས་བཟུང་ཡུལ་འདིར་འཚོ་བའི་གཞིས་བཏབ་པའི་མི་རྣམས་ཀྱི་སེམས་ལ་དྭངས་ཐབས་བྲལ་བའི་མྱ་ངན་གྱི་སྨུག་སྤྲིན་གཡོགས་འདུག་ཀྱང་།མངོན་སུམ་དུ་རང་གི་མིག་མདུན་ན་ལྷག་པའི་དཀའ་ངལ་དང་སྐྱོ་སྡུག་སེལ་བར་མི་སུས་ཀྱང་ཐབས་ཤེས་དང་ཨུ་ཚུགས་གཉིས་ཀ་བཀོལ་མྱོང་མེད་ལ་ཁ་ནས་སྡུག་སྨྲེ་ཤ་ར་ར་འདོན་པ་ལས་ལག་པ་འགུལ་བའམ་ཀླད་པ་བཀོལ་ནས་ཐབས་བཀོད་བཟང་ངན་ཅི་ཡང་འཐེན་མི་འདུག ཐ་ན་དབྱར་ཁ་སྦྲ་ནག་ཕུབ་རྒྱུའང་ལས་ཀ་དཀའ་མོའི་གྲས་སུ་བརྩིས་འདུག གལ་ཏེ་ཡུལ་གཞན་གྱི་མི་ཞིག་གནས་འདིར་སླེབས་ཚེ་ཕངས་སེམས་དང་བཅས་ཏེ་སྦྲ་ནག་ཅེས་པའི་ལག་རྩལ་ཕུན་སུམ་ཚོགས་པ་ཡིས་གྲུབ་པའི་མགོ་ནག་མི་ཡི་སྡོད་གནས་དེ་ལ་རྩད་གཅོད་ནན་མོ་ཞིག་བྱེད་ངེས།ང་ཚོས་སྡེ་དཔོན་ཚང་གི་མནའ་མར་རྩད་བཅད་པ་ཇི་བཞིན་གཏིང་འདྲི་ཕུགས་འདྲི་བྱེད་སྲིད།གྷོལ་ཐྲི་མན་ཟི་ཡིས་སྦྲ་ནག་ཅིག་པར་ལ་འདེབས་དོན་ནི་ཁོ་རང་ཕྱིར་ལོག་རྗེས་ཆུང་མ་དང་བུ་ཕྲུག་ལ་སྟོན་རྒྱུ་ཡིན་ཟེར། སྐད་ཆ་དེས་ང་ཡི་གྲོགས་པོ་འགའ་ལ་བྲེལ་འཚུབ་བསླངས་པ་ཅིས་ཀྱང་བདེན་པ་ཡིན།

        ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་ཞིབ་འཇུག་བྱེད་པ་ནི་ཁྲུང་ཁྲུང་དང་སྦྲ་ནག་གི་དཔེ་མཚོན་ཡག་པོ་ཞིག་རེད་ཅེས་བཤད་མཁན་ནི་གྷོལ་ཐྲི་མན་ཟི་ལགས་རེད།ཁོས་སྐད་ཆ་དེ་བཤད་དུས་ང་དང་བཅས་པའི་ཉེ་འཁོར་གྱི་མི་ཚོས་དཔྲལ་བར་ལག་པ་བཞག་ནས་ཉི་འོད་སྒྲིབ་ཙམ་བྱས་ནས་ལྷོ་ཕྱོགས་སུ་ལྷོག་ལྷོག་གདུ་བཞིན་པའི་སྤྲིན་དཀར་ལ་བལྟས།གྷོལ་ཐྲི་མན་ཟི་ཡིས་ཀོ་ནག་པོའི་རྒྱབ་ཐུམ་ཅན་གྱི་ཟིན་བྲིས་སུ་དབྱིན་ཡིག་མང་བོ་ཞིག་བྲིས་ལ་ཡི་གེ་དེ་དག་གི་ཁ་བྱང་ལ་སྒྱིད་ལུག་ཆེ་བའི་བོད་པ་ཞེས་གསལ་བོ་བྲིས་འདུག ཁ་བྱང་དེ་མཐོང་བའི་རྐྱེན་གྱིས་དབྱར་གཞུང་འདིར་ངའི་སེམས་ལ་དགུན་གྱི་གྲང་ངར་འཁོར་བྱུང་།རིམ་གྱིས་ང་ཚོས་གྷོལ་ཐྲི་མན་ཟི་ལ་ཁ་བརྡ་གཞན་པ་རྐྱང་རྐྱང་བྱས་ཤིང་མཐར་ཕན་ཚུན་ལ་ང་ཚོ་མི་རེ་རེའི་མི་ཚེའི་འགྲུལ་བཞུད་དང་ཕུགས་བསམ་ལ་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་བཤད་ཅིང་ཉི་མ་ནུབ་ཟིན་པའི་ས་སྲོད་དེར་སྡེ་དཔོན་གྱིས་ཡང་བསྐྱར་ང་ལ་གྷོལ་ཐྲི་མན་ཟི་ལགས་ངེད་ཚང་ནས་གཏན་དུ་ཞག་སྡོད་བྱེད་མི་ཆོག་ཟེར།ངས་རྒྱུ་མཚན་དྲིས་པར་སྡེ་དཔོན་གྱིས་གཞི་བདག་གིས་ཁོ་ལ་དགའ་བསུ་བྱེད་ཀྱིན་མི་འདུག་ཟེར།ང་རང་ཧད་དེ་ཡུན་རིང་ལ་ལུས་ནའང་སྡེ་དཔོན་གྱིས་ལག་པ་གཉིས་རྒྱབ་ཏུ་བསྣོལ་ནས་རང་ཁྱིམ་ལ་འཐེན་པའི་ལམ་ཕྲད་དེད་ནས་བུད་སོང་།

        ཁྲུང་ཁྲུང་ཁྱུ་ཞིག་གིས་གཤོག་རྡང་བསྟར་ཏེ་མཚོ་མཐའ་ནས་ཉི་མའི་ཕྱོགས་སུ་འཕུར་སོང་།

        ནུབ་ཀྱི་གྷོལ་ཐྲི་མན་ཟི་ལགས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པའི་ཞོགས་པ་དེར།གསེར་མདོག་གི་ཉི་མས་གསེར་རྩི་སྤང་ཐང་འདི་ཡོངས་སུ་བྱུགས་ཟིན་པ་མ་ཟད།ཤིན་ཏུ་ཉུང་བའི་སྦྲ་ནག་རེ་རེ་ལས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བྱུང་།འབྲི་མོ་བཞོ་བཞིན་སྒྲོལ་མ་འདོན་གྱིན་པའི་འབྲོག་མོ་ཚོར་ཁོ་ལ་ལྟ་བའི་ཁོམ་པ་མེད་ཀྱང་། ཁྱིམ་མཚེས་ཀྱི་སྐྱེས་པ་ལ་ལས་རྟ་ནོར་སྐོར་བཞིན་ཁོ་ལ་བལྟས་འདུག དེ་ནི་རང་དང་འབྲེལ་བ་ཧ་ཅང་ཟབ་པའི་མི་ཞིག་ཡུལ་འདི་དང་བྲལ་ནས་འགྲོ་ཁའི་སེམས་ཁྲལ་ལྕི་མོ་དེ་དང་འདྲ་བར་ཕངས་སེམས་ཆེ་བའང་ལོས་ཡིན། ངས་གྷོལ་ཐྲི་མན་ཟི་ལགས་ཁྲིད་ནས་རྫོང་མཁར་དུ་འགྲོ་དུས།སྡེ་དཔོན་ཁྱིམ་དུ་འཛུལ་ནས་ཅི་ཞིག་འདོན་བཞིན་འདུག ལམ་བར་དུ་གྷོལ་ཐྲི་མན་ཟི་ཡིས་“རྗེས་སུ་ང་རང་འདི་རུ་ལོག་ཐུབ་ཚེ།ངས་རང་གི་གཟའ་ཟླ་དང་བུ་ཕྲུག་ཁྲིད་ཡོང་ངེས་ཡིན།གནས་འདིའི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་འདི་ཁོ་ཚོ་ལའང་ཉམས་སུ་མྱོང་གི་འཇུག་འདོད་ཅེས་འཛུམ་དང་བཅས་ང་ལ་བཤད་བྱུང་།ངས་ཁོ་ལ་ལན་ཅི་ཡང་མ་བྱིན། ཁོ་ནི་ལྗོངས་རྒྱུ་བ་ཞིག་ཡིན་པ་ང་ཚོ་སུ་ལའང་གསལ་ཆ་ཡོད་པས་ཁོ་རང་ནམ་ཞིག་ལ་སླར་ཡང་གནས་འདིར་ལོག་ཡོང་བ་སུས་ཀྱང་ཚོད་དཔག་བྱེད་ཐུབ།ཡིན་ཡང་།ཁོས་ཟིན་བྲིས་སུ་བཏབ་པའི་ཁྲུང་ཁྲུང་གི་གནས་ཚུལ་དང་སྦྲ་ནག་གི་གྲུབ་ཆ་རེ་རེའི་མིང་དང་རྒྱུ་ཆ་སོགས་དྲན་ཚེ་ཞེ་ལྷོད་ལ་འབབ་ཐབས་གཏན་ནས་མེད་དོ།།

        གྷོལ་ཐྲི་མན་ཟི་རླངས་འཁོར་ལ་འབུད་མ་ཁོམ་གོང་ནས་ཨ་ཅག་ཟླ་སྒྲོལ་སླེབས་བྱུང་།མོས་གྷོལ་ཐྲི་མན་ཟི་དང་ལྷན་དུ་ནང་ལོགས་ཀྱི་གྲོང་ཁྱེར་ལ་ལོག་རྩིས་ཡིན་ཟེར།ང་རང་ཅི་བྱ་གཏོལ་མེད་དུ་གྱུར་བས་མོ་ལ་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་པའི་སྐབས་སུ་གྷོལ་ཐྲི་མན་ཟི་ཡིས་ང་ལ་སྡང་མིག་བགྲད་བྱུང་།ཁོ་གཉིས་རླངས་འཁོར་དུ་འབུད་གྲབས་བྱེད་དུས་ཨ་ཅག་ཟླ་སྒྲོལ་ལ་སྐྱེས་པ་གཟུགས་རིང་ཞིག་གིས་བོས་བྱུང་།ཨ་ཅག་ཟླ་སྒྲོལ་གྱིས་སྐྱེས་པ་དེ་མཐོང་མ་ཐག་གྷོལ་ཐྲི་མན་ཟི་བསྐྱུར་ནས་བྲོས་སོང་།བར་གླགས་དེ་ལ་རླངས་འཁོར་ལམ་ལ་ཆས་པས་ང་དང་གྷོལ་ཐྲི་མན་ཟིའི་སེམས་པ་བདེ་སོང་། འབབ་ཚུགས་དེ་ནས་ངས་ནུབ་ཀྱི་གྲོགས་པོ་ཁོང་ལ་མིག་སྐྱེལ་ཙམ་བྱས་པ་ཡིན།གཟའ་ཟླ་དང་བུ་ཕྲུག་བསྐྱུར་ནས་རྒྱུས་མེད་རྒྱང་རིང་གི་ཡུལ་ལ་ཁྲུང་ཁྲུང་དང་སྦྲ་ནག་གི་ཆེད་དུ་ཤི་གསོན་སྲོག་བསྡོས་ཀྱིས་ཡོང་བའི་གྲོགས་པོ་ཁོང་ལ་མིག་སྐྱེལ་ཞིག་ལས་མ་ཐུབ།དེ་མི་སུ་ལ་མཚོན་ན་ཡང་ཡིད་སེམས་གཡོ་ཞིང་སྐྱོམ་པར་བྱེད་པའི་ཕངས་སེམས་ཤིག་རེད།གྲོགས་པོ་ཁོ་ཡང་ཁྲུང་ཁྲུང་ཞིག་དང་འདྲ་བར་རང་ཡུལ་བསྙེགས་སོང་།

        གྷོལ་ཐྲི་མན་ཟི་ཕ་ཡུལ་དུ་འབྱོར་ཡོད་ཅེས་སྐད་ཆ་ཐོས་ཉིན་ནི་ཏག་ཏག་སྐྱེས་པ་གཟུགས་རིང་གིས་ཨ་ཅག་ཟླ་སྒྲོལ་གསོད་ཉིན་ལ་ཁེལ་འདུག་ཀྱང་ངས་ཨ་ཅག་ཟླ་སྒྲོལ་སྐོར་གྱི་གནས་ཚུལ་ཁོ་ལ་མ་བཤད་པར་ཤི་གསང་རོ་གསང་བྱས་མོད།སྡེ་དཔོན་གྱིས་བཤད་པ་ལྟར་ན་ཨ་ཅག་ཟླ་སྒྲོལ་གྱི་ཤི་རྐྱེན་ནི་ནུབ་ཀྱི་ང་ཡི་གྲོགས་པོ་གྷོལ་ཐྲི་མན་ཟི་ལ་འབྲེལ་ཡོད་པས་རེད་ཟེར།ངས་དེ་ལ་ཁ་ཡ་མ་བྱས་པར་སྡེ་དཔོན་དང་འདྲ་བར་ལག་པ་གཉིས་རྒྱབ་ལ་བསྣོལ་ནས་རང་ཁྱིམ་ལ་འཐེན་པའི་རྐང་ལམ་དེད་དེ་སོང་།

        དགོང་མོ་དེ་ལ་གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་ཆང་ཁང་ནང་ནས་ཕོ་སར་རྫིག་པོ་ཞིག་གིས་ཆང་ཕོར་མཐོ་རུ་བཏེགས་ནས་“ངའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་”ཞེས་བཤད་མཁན་གྱི་མི་དེས་སྡེ་དཔོན་ཚང་གི་མནའ་མ་ཁྲིད་ནས་ཟླ་ལྔ་ལྷག་འགོར་སོང་།སྡེ་དཔོན་ཚང་གི་མནའ་མ་ལ་མངའ་འཁོར་འདུག་ཅེས་པའི་གཏམ་དེ་སྡེ་བ་ཡོངས་ཀྱི་བུད་མེད་ཕལ་ཆེར་གྱིས་གང་སར་བཤད་བཞིན་འདུག གཏམ་དེ་དོན་དངོས་ཡིན་པ་སྡེ་དཔོན་གྱིས་ང་ཚོ་ལ་གསལ་བོ་ཞིག་བཤད་སོང་།གཟའ་འཁོར་འདིའི་གཟའ་པ་སངས་ཉིན་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བའི་ཕོ་སར་རྫིག་པོ་དེ་རྫོང་མཁར་ནས་ཕྱིར་རང་ཡུལ་དུ་ལོག་པའི་ལམ་བར་དུ་སྤྱང་ནག་སྒང་གི་ནགས་འདབ་ནས་ཇག་པར་འཕྲད་དེ་དམར་གསོད་བྱས་པའི་སྙིང་ལ་གཟན་པའི་གནས་ཚུལ་ཡང་རླུང་གིས་དེད་པའི་ཁུར་མོང་བཞིན་སྡེ་བ་ཧྲིལ་བོར་ཁྱབ།གནས་ཚུལ་དེ་སྡེ་བ་ཧྲིལ་བོར་ཁྱབ་པ་ན་སྡེ་དཔོན་གཅིག་པུ་འཛུམ་དམུལ་དམུལ་གྱིས་ཡར་སྒྱེད་དུ་སྐྱིལ་ཀྲུང་ལ་བསྡད་ནས་སྒྲ་སྡུད་ནང་དུ་གྲག་གིན་པའི་སྐལ་བཟང་གྲགས་པས་བཤད་པའི《 ཧོར་གླིང་གཡུལ་འགྱེད་》ལ་ཉན་བཞིན་འདུག སྡེ་དཔོན་ཁོ་ན་མ་ཟད་སྡེ་མི་གཞན་རྣམས་ཀྱིས་ལུས་སེམས་གཉིས་ཀར་མྱ་ངན་གྱི་འཁོར་ལོ་དྲག་ཏུ་འཁོར།

        དོན་དངོས་ཡིན་པའི་གནས་ཚུལ་དེ་སྡེ་བ་ཡོངས་ལ་ཁྱབ་རྗེས་སྡེ་དཔོན་ཚང་གི་བུ་ཡིས་སྔོན་གྱི་རང་གི་ཆུང་མའམ་ད་ལྟའི་ཡུགས་མོ་ཁྲིད་ནས་ཕྱིར་ཁྱིམ་ལ་སླེབས་པས་སྡེ་དཔོན་གྱིས་རྟ་རྒན་རྔོག་རིང་བཞོན་ནས་རྒྱ་ཕིབས་ལ་གསེར་འོད་ལམ་ལམ་འཚེར་བའི་དགོན་དུ་ཨ་ལགས་ཚང་གི་མདུན་ལ་ཕྱག་མོ་གཟིགས་སུ་ཕྱིན།

        རྒན་པོ་གྲི་ཆུང་འདོགས་མཁན་ཞིག་གིས་ཕོ་སར་དེའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བ་རེད་ཅེས་སྨྲས། དཔེ་ཨེ་སྲིད་དམ།རྒྱལ་དབང་སྐུ་ཕྲེང་དྲུག་པ་མཆོག་གི་མཚན་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བ་རེད། རྫི་དོར་སྔོན་པོ་བརླ་ཐོག་ཏུ་བུ་ག་མང་བོ་ཡོད་པ་གྱོན་མཁན་གྱི་སློབ་མ་ཞིག་གིས་དེ་ལྟར་བཤད་བྱུང་། དུས་ཚོད་སྐར་མ་ཁ་ཤས་ཀྱི་ཡུན་ལ་དུད་ཐུར་རེ་འཐེན་དགོས་པའི་སྐྱེས་པ་ཞིག་གིས་ཇོ་བོ་རིན་པོ་ཆེ། རྒྱལ་དབང་མཆོག་གི་མཚན་སྤྱིར་བཏང་གི་མི་ཞིག་ལ་བཏགས་ན་དཀོན་མཆོག་གསུམ་ཉེས་པ་རེད་ཟེར། མི་གཞན་ཞིག་གིས་གང་ལྟར་མཐོ་རིས་པོ་ཤི་སོང་བ་མིན་ནམ་ཞེས་ལྡོག་འདྲི་བྱས་པ་ཡིས་དེར་འདུས་ཚང་མ་སྨྲ་བ་མེད་པར་དལ་ཅག་གེར་གྱུར།

        ང་རང་བྱིས་པ་འགའ་དང་ལྷན་དུ་སྔོ་ཞིང་ལྗང་བའི་སྤང་གི་མེ་ཏོག་ཁྲ་ལམ་མེར་བཞད་པའི་ཁྲོད་དུ་གན་རྐྱལ་ལ་ཉལ་ནས་བདུད་བྷེ་ཡིས་བླངས་པའི་རྡུང་ལེན《ཆུང་གྲོགས་རྗེས་དྲན་》ལ་ཉན་གྱིན་ངལ་གསོ་བཞིན་པའི་སྐབས་སུ།རྡུང་ལེན་ལས་སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོར་ཞེས་པ་བླངས་ཡོང་དུས་བྱིས་པ་ཞིག་གིས་མིག་ཟུང་གཡོ་བ་མེད་པར་ང་ཡི་གདོང་ལ་ཅེར་ནས་ལྷ་ས་གང་ན་ཡོད་པ་རེད་ཅེས་དྲིས་པར་ངས་དེ་ལ་ལན་ཞིག་འདེབས་རྒྱུ་རྙེད་མ་བྱུང་།།


རྩོམ་ཡིག་སྔོན་མ།
ལང་ཚོ།
རྩོམ་ཡིག་རྗེས་མ།
མ་ཡི་སེམས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1