ལང་ཚོ།

འབྲོག་ཤེས་རབ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


        རིན་ཐང་ཡོད་མེད་ཀྱི་བརྒལ་བརྟག་དང་མཛེས་སྡུག་ཇི་སྙེད་པ་ཅིག་ལོ་ཟླའི་ཆུ་གཞུང་ནས་སོན་ཞིང་། ལྗང་མྱུག་དང་འདྲ་བའི་སྐྱེ་སྟོབས་ཀྱི་དཔལ་ཡོན་རྒྱས་སོང་།དེ་ནི་མི་རེ་རེ་ནས་བརྒྱུད་པའི་མེ་ལས་བཟོས་པའི་ལམ་ཆེན་ཞིག་ཡིན་སྲིད།ཡང་ན་ཆུ་ལ་བརྒལ་དགོས་པའི་ས་ཚུགས་དེ་ཡང་ཡིན་སྲིད།དེའི་ཕྱིར་བབ་སྟེགས་འདི་ནི་མི་ཞིག་གིས་འཇིག་རྟེན་ནས་རྙེད་པའི་ཆེས་དྭངས་གཙང་གི་མཚོན་རྟགས་ཤིག་ཏུ་འདོད།

        མི་སེམས་ཀྱི་མཐིལ་དུ་དྲོ་ལམ་ལམ་བྱེད་པ་ནི་འཁོར་བ་ནས་ཐོབ་པར་དཀའ་བའི་བདེ་སྐྱིད་ཀྱི་དུས་ཐུང་ཞིག་རེད་ལ། བརྒལ་བརྟག་འདི་ན་འགན་ཁུར་མེད་ཅིང་བྱུང་རྒྱལ་དུ་དགའ་ཆོག་ལ། བྱུང་རྒྱལ་དུ་ངུ་རུང་བའི་འགྱུར་མདོག་ལྡན་པའི་གཉུག་གཤིས་ཀྱི་ནམ་མཁའ་ཞིག་རེད། ཁྱོད་ལ་འདི་ནས་ཉིན་ཐོ་དང་ཟིན་བྲིས་ལ་རྩོམ་ཡོན་སྦྱིན་མཁན་མེད་ལ། སེམས་ཚེགས་དང་ལུས་ཚེགས་ཀྱི་ངལ་བ་དག་ས་ལྡིང་གནམ་ལྡིང་བྱས་ནས་རྩྭ་ཐང་དང་གངས་རི་ལ་བགོ་བར་བྱེད་ཆོག

        ཁྱི་སྡོམ་ཞིག་དང་འདྲ་བར་གང་ནས་ཕོ་བ་རྒྱག་ན་གནས་དེ་རུ་སྡོད་པར་ཐུབ་པའི་དམིགས་ཡུལ་མི་དགོས་ཤིང་།འཇོར་ཉོག་གིས་ནང་སེམས་བརླན་མྱོང་མེད་པའི་ན་ཚོན་འདི་ནི་འཁོར་བའི་མཛེས་སྡུག་དུ་སིམ་པའི་དག་གཙང་གི་མེ་ཏོག་དཀར་པོ་ཞིག་ཡིན། སྣང་བ་ལ་བརྫུ་བག་དཀོན་ཞིང་སྙིང་གཏམ་ལ་གཡོ་ཟོལ་མེད་པས། ལམ་མདོ་འདི་ན་དགའ་སྐྱོ་ཆགས་སྡང་གིས་བསླེས་པའི་གཏམ་རྒྱུད་རིང་བོ་དེ་ཡོད་ཅིང་སྨྲ་བསམ་ཕ་རོལ་ཏུ་བྱིན་པའི་སྡུག་བསྔལ་གྱི་བདེ་བའང་ཡོད།

        ཚུར་ལ་སྣང་བའི་བྱ་དངོས་དག་ཀྱང་ཡ་མཚར་བ་དང་། གཅེས་པར་འདོད་པ་དང་།བརྗེད་པར་དཀའ་བ་སོགས་ཀྱིས་ཁྱོད་ཀྱི་ནང་སེམས་ན་ཟློས་གར་བཞིན་དུ་ཡང་ནས་བསྐྱར་དུ་ཀློག་པར་དགའ་བའི་མི་སེམས་ཀྱི་བདེ་སྐྱིད་རྙེད་པའི་འཛུར་དཀར་གྱི་མཚར་སྒྲུང་རིང་མོ་དེ་ཡིན་པར་ངེས། ཡང་ན། སྙིང་སྟོབས་ཀྱི་རྦབ་རྡོ་གཡང་རུ་ལྷུང་བར་སྤོབས་པའི་བླ་ཚེ་སྲོག་གསུམ་གྱི་གད་རྒྱངས་རྒྱལ་ཁམས་ལ་སྒྲོག་པར་ཕོད་པའི་བསྒྲགས་གཏམ་དེ་གནས་ཐུབ།

        ཕམ་ཁ་ནི་རྣ་རྒྱབ་ཏུ་དོར་ནས་རྒྱང་རིང་ནས་རྒྱང་ལ་བསྐྱོད་པའི་བྲོད་སེམས་ཀྱི་བློ་སྦྱོང་ཞིག་ཏུ་འཁུམ་ལ། འགྲན་རྩོད་ཀྱི་རྦ་རླབས་ངག་ཏུ་སྐྱོམས་པའི་སྨྲ་ལྕེ་ལ་རང་དབང་གི་ལྕགས་སྒྲོག་གྲོལ་ཐུབ། དཀར་ནག་གི་ལྷ་སྒྲུང་དེ་ལ་ཡེ་ཤེས་ཀྱི་སྤྱན་ཟུང་གིས་ཤ་རྨེན་སོ་སོར་ཕྱེ་བའི་དཔྱོད་ཤེས་ཀྱི་ཀློག་དམར་འཁྱུག་སོང་། ཁྱོད་ནི་མི་ཞིག་གི་མཁའ་དབུགས་ཉོག་པར་མི་འགྲོ་བའི་ཆུ་ནང་གི་ནོར་བུ་དྭངས་གསལ་དེ་ཡིན་ཞིང་། མི་སེམས་ཀྱི་གཞི་མདོ་རུ་འཚང་ཁ་མེད་པའི་མཚོ་འགྲམ་ནས་ཀི་བཏབ་པ་དང་འདྲ་བ་དེ་རེད།

        མི་རེ་རེ་ནས་ཁྱིམ་ཚང་གྲུབ་ཡོད་ལ། ཡང་མི་རེ་རེ་ནས་སྤྱི་ཚོགས་གྲུབ་ཡོད། དེ་བས་ཁྱིམ་ཚང་དང་སྤྱི་ཚོགས་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པས། ཁྱོད་ནི་ཐོག་མར་རང་ཉིད་ནས་འགོ་བརྩམས་ཞིང་དེ་ནས་རང་དཔེ་གཞན་སྟོན་གྱི་ཚུལ་དུ་གྱུར་བའི་མིའི་རིགས་ཀྱི་སློབ་གསོའི་དབུ་འཁྱུད་དུ་འགྲེང་བའི་དོན་དམ་པའི་ནང་སེམས་འདུལ་བ་དེ་ཡིན་ཞིང་། ཡང་ན་མཚོན་ཆ་དང་བྲལ་ཞིང་རྩུབ་རེག་མེད་པའི་འཇམ་མཉེན་གྱིས་བསླུ་སྟངས་གཞན་ཞིག་རེད། དེ་ན་ལང་ཚོ་ནི་ཁྱོད་རང་སྐྱེས་པ་དང་འཆི་བའི་གོ་རིམ་ཧྲིལ་བོ་ན། ཁྱོད་ཀྱིས་མི་ཡུལ་ལ་བཏབ་པའི་ནས་འབྲུ་སྔོན་པོ་དེ་ཡུན་རིང་དུ་སོན་པའི་བཀྲ་ཤིས་རྟེན་འབྲེལ་གྱིས་གོམས་པའི་བྱ་བ་ལ་ཞུགས་ནས་རྒྱུ་རྐྱེན་རྟེན་འབྲེལ་གྱི་གླུ་དབྱངས་ཤིག་ངང་གིས་གྲོལ་སོང་བས་ན་རེད་དོ།།


རྩོམ་ཡིག་སྔོན་མ།
ང་ལ་མིང་མི་དགོས།
རྩོམ་ཡིག་རྗེས་མ།
ཚངས་དབྱངས་རྒྱ་མཚོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1