གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
གངས་ལྗོངས་ཉི་གཞོན།
བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།
ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14
( དེབ་གོང་མའི་འཕྲོར་མཐུད། )
དེ་ནས་ལྕང་ལོ་ཅན་པས་དམག་དཔུང་ཉང་ཆུའི་ལྷོ་རྒྱུད་དང་། ཕོ་ལྷ་བའི་དམག་དཔུང་བྱང་རྒྱུད་ནས་བཏེགས་ཏེ་རྒྱལ་རྩེའི་ཕྱོགས་བཤར། དབུས་དམག་ཁག་གིག་འབྲོང་རྩེར་སླེབས་ཡོད་པ་དང་འཕྲད་དེ་དམག་འཐབ་དང་པོ་བྱས། སྐབས་དེར་པཎ་ཆེན་རིན་པོ་ཆེས་སྐུ་ཚབ་གཏོང་སྟེ་དམག་བཤོལ་བཏབ་ཀྱང་།
དང་ལེན་མ་ཞུས་པ་མུ་མཐུད་དམག་འཁྲུག་ཐེངས་འགའ་བྱས་མཐར་ཕོ་ལྷ་བའི་ཕྱོགས་ཕམ་ཉེས་ཅུང་བྱུང་སྟེ། དམག་དཔུང་རེ་ཞིག་ཕྱིར་འཐེན་བྱས་ཏེ་ས་དགའི་ཕྱོགས་སུ་བཏེགས། དབུས་དམག་གིས་ངམ་རིང་བར་དེད། དེ་ནས་ཕྱིར་ལོག་སྟེ་གཙང་ཁུལ་གྱི་རྫོང་གཞིས་སོ་སོའི་འགོ་དཔོན་དབུས་ཀོང་གི་དཔོན་རིགས་རྣམས་བསྐོས་ཤིང་། དམག་བྱིངས་རང་ཡུལ་དུ་ལོག ཡུན་རིང་མ་འགོར་བ་ཕོ་ལྷ་བའི་དམག་དཔུང་སླར་ཡང་ངམ་རིང་དུ་འབྱོར། དེ་ནས་ཨུའི་ཙིང་ནོ་ཡོན་དམག་དཔུང་བརྒྱ་ཕྲག་དང་བཅས་ཏེ་ཉིན་མཚན་ལྟོས་མེད་དུ་རྒྱལ་རྩེར་ཕྱིན་ནས་མཁར་རྫོང་བཟུང་། ཕོ་ལྷ་བས་གཙང་ལྗོངས་ཡོངས་ལ་དབུས་ཕྱོགས་ཕར་རྒོལ་བྱ་རྒྱུའི་བསྒྲགས་ཡིག་ཚ་ནན་ཅན་སྤེལ། དབུས་པའི་གཙང་དཔོན་རྣམས་ལ་ལ་སྐྲག་སྟེ་བྲོས། ལ་ལ་མི་སེར་གྱིས་བསད་བཟུང་བྱས་པས་ཁོ་ཚོས་ནུས་པ་ཅི་ཡང་མ་ཐོན། དེ་ནས་ཉིན་ཤས་རྗེས་དབུས་དམག་རྒྱལ་རྩེར་འབྱོར་ཡང་མཁར་རྫོང་བཟུང་ཟིན་པས་རྫོང་གི་ཉེ་འདབས་སུ་སྒར་བཏབ། ཟླ་བ་བཅུ་པའི་ཚེས་25ཉིན་ཕོ་ལྷ་བའི་དམག་དཔུང་རྒྱ་རྩེ་རྫོང་དུ་འབྱོར། དེ་ནས་བཟུང་ཉིན་ལྟར་དམག་འཁྲུག་བྱས། གཙང་དམག་གིས་དབུས་དམག་ལ་མཚན་འགེབས་བརྒྱབ་ཀྱང་། ནང་རུལ་པས་གསང་བརྡ་བཏང་བས་ཁོ་ཚོས་དམག་འགོག་གྲ་སྒྲིག་བྱས་ཟིན་སྟབས་ཇུས་ཉེས་མ་ཐུབ། དགའ་བཞི་ཚེ་བརྟན་བཀྲ་ཤིས་གཙོས་པའི་གཙང་དམག་ཉི་ཤུ་ཙམ་དང་། དེ་མོ་དབོན་པོ་གཙོས་པའི་དབུས་དམག་བཅུ་གཉིས་ཙམ་ཕན་ཚུན་བསད་རེས་བྱུང་། སྐབས་དེར་པཎ་ཆེན་རིན་པོ་ཆེ་དང་། ས་སྐྱ་བདག་ཆེན་བཅས་ཀྱི་སྐུ་ཚབ་བཏང་སྟེ་སྡེ་གཟར་འདུམ་དགོས་པའི་བཀའ་ཡིག་གནང་བ་དེ་ལ་ལུམ་པ་བས་དབུས་དམག་རྗེས་སྣོན་ངང་སྒུག་ཆེད་དུ་གྲོས་མོལ་དང་ལེན་ཞུ་ཁུལ་གྱིས་ཉི་མ་གང་འཁྱོལ་བྱས། ཕོ་ལྷ་བས། སྡེ་གཟར་འདི་ལ་རྒྱལ་བའི་དགོངས་པ་ཇི་བཞེད་ཉམས་སད་པའི་ཆེད་དུ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་མདུན་དུ། སྡེ་གཟར་ཡོང་རྐྱེན་གྱི་རྒྱུ་མཚན་ཞིབ་གསོལ་དང་། ཐག་གཅོད་གང་འོས་བཀའ་ཕེབས་ཞུ་བའི་ཞུ་ཡིག་ཅིག་ཕུལ། རྒྱལ་བ་རིན་པོ་ཆེའི་བཀའ་ལན་དུ། མི་དབང་རྟོགས་བརྗོད་དུ་བཀོད་པ་མདོར་བསྡུས་ནས་བརྗོད་ན། ཕོ་ལྷ་ཐའི་ཇི་རང་ལ་མི་འཚམས་པ་གང་ཡང་མེད། རྒྱ་ནག་གོང་མས་བཀའི་གནང་བ་ཇི་ལྟར་མ་བསྩལ་གྱི་བར་དུ་དོན་འདི་རང་འཇགས་སུ་འཇོག་པ་དང་། པཎ་ཆེན་རིན་པོ་ཆེའི་བཀའ་མ་བཅགདམག་དཔུང་རྣམས་གཡུལ་ལས་བཤོལ་ཏེ་སོ་སོའི་ཁྱིམ་དུ་ལོག ཅེས་པའི་བཀའ་ཤོག་ཅིག་གནང་ཡོད་འདུག
དེ་ལ་ཆ་བཞག་ནས་དབུས་དམག་རྣམས་སྣ་དཀར་རྩེ་བར་དུ་ཕྱིར་འཐེན་བྱས། གཙང་དམག་རྣམས་རེ་ཞིག་པ་རྣམ་བར་ཕྱིར་གྱེས། དེ་ནས་ཕོ་ལྷ་བས། པཎ་ཆེན་རིན་པོ་ཆེ་ལ། ཆིངས་དོན་དེ་ལྟར་ལག་ལེན་བསྟར་དགོས་ན་བདག་གི་རེ་བའི་འབྲས་བུ་མེད་པར་འགྱུར་བས་བཀའི་གནང་བ་སྩོལ། ཅེས་པའི་ཞུ་ཡིག་ཅིག་འབུལ་བའི་བང་མི་བཏང་། དེ་ནས་དམག་བཀོད་བྱས་པར། མཐོང་ལྕགས་རྫོང་དུ་སྲམ་རྒྱ་དཔོན་དཔུང་བཅས་ཡོད་པ་ལ་དམག་སུམ་བརྒྱ་ཙམ་དཔུང་བཏང་། ད་ཡན་ཐའི་ཇི་ལ་སྟོང་དམག་གཅིག་དང་བཅས་རིན་སྤུངས་རྫོང་དུ་མངགས། ལྷ་ལུང་རྩེ་པ་ལ་དམག་ལྔ་བརྒྱ་དང་བཅས་འོད་ཡུག་གི་གླིང་དཀར་དུ་བཏང་། དམག་དཔོན་ལྕང་ལོ་ཅན་པ་ལ་དམག་ཉིས་སྟོང་དང་བཅས་རྒྱལ་རྩེར་བཏང་། སྲས་ཆེ་བ་ཤེལ་དཀར་ནས་འབྱོར་པ་དང་ལྕང་ལོ་ཅན་དང་ལྷན་ཏུ་རྒྱལ་རྩེའི་དམག་དཔུང་ཁྲིད་ནས་ཡར་འབྲོག་བརྒྱུད་དབུས་ཕྱོགས་སུ་བསྐྱོད། ཕོ་ལྷ་བ་རང་ཉིད་དམག་དཔུང་དང་བཅས་ཉིན་མཚན་ལྟོས་མེད་དུ་བྱང་ལམ་བརྒྱུད་ནས་ཡངས་པ་ཅན་དུ་སླེབས། །
དུས་དེར་ང་ཕོད་པ་སོགས་ཀྱི་ས་གནས་ཚུལ་དེ་ཐོས་འཕྲལ་འཇིག་དངངས་དང་བཅས་དབུས་ཀོང་གི་དམག་རྣམས་སྣ་དཀར་རྩེ་ནས་ཕྱིར་འབོད་དེ་པོ་ཏཱ་ལའི་ཉེ་འདབས་སུ་དམག་སྒར་བཏབ། ཕོ་ལྷ་བས་བྱང་རྒྱུད་ཀྱི་སོག་རིགས་ཐམས་ཅད་དབང་དུ་བསྡུས་ཏེ་དཔུང་སྟོབས་ཆེན་པོར་གྱུར། སྐབས་དེར་གཙང་ནས་པཎ་ཆེན་རིན་པོ་ཆེ་དང་། ས་སྐྱ་བདག་ཆེན་གྱི་སོ་སོའི་སྐུ་ཚབ་དང་། དབུས་ནས་དགའ་ལྡན་ཁྲི་པ། སེ་འབྲས་དགའ་གསུམ་དང་། རྒྱུད་གྲ་སྟོད་སྨད་བཅས་ཀྱི་ལས་སྣེ་རྣམས་ཆིངས་མོལ་གནང་བར་ཕེབས་རྒྱུའི་འཕྲིན་འབྱོར་ཡང་། ཕོ་ལྷ་བས་ཁས་མ་བླངས་པ་འཕན་ཡུལ་བརྒྱུད་དཔུང་འཇུག་བྱས། དུས་དེར་དམག་དཔོན་བྱིང་པ་བས་དབུས་ཀོང་གི་དམག་དཔུང་ཁྲིད་དེ། སྒང་རོང་བརྒྱུད་ནས་ཡོང་བའི་གཙང་དམག་དང་གཡུལ་འཁྲུག་བྱས་པས་དབུས་དམག་རྣམས་ཐལ་ཕུང་རླུང་གིས་ཁྱེར་བ་ལྟར་ཕམ་པ་གྱུར། ཕོ་ལྷ་བའི་དཔུང་གིས་དགའ་མོའི་འཕྲང་སྲུང་གི་དབུས་དམག་རྣམས་ཕམ་པར་བྱས་ཏེ་འཕན་པོ་བརྒྱུད་གར་པ་གྲོང་ཚོར་སྒར་བབ། ལུམ་པ་བས་དམག་དཔུང་ཁྲིད་ནས་སླར་ཡང་དགའ་མོ་འཕྲང་སྲུང་བར་བསྐྱོད་ཀྱང་། དབུས་དམག་རྣམས་སེམས་ཤུགས་ཉམས་ཏེ་དམག་འཐབ་པ་ཙམ་གྱིས་ཕྱོགས་བཞིར་བྲོས་སོ། །ལུམ་པ་བ་འཁོར་ཉུང་ཤས་རྩེ་ཕོ་བྲང་གི་ཆབ་སྒོ་ནང་དུ་བྲོས། ས་སྤྲེལ་སྤྱི་ལོ་1728ལོའི་ཟླ་བ་ལྔ་པའི་ཚེས་26ཉིན་ཕོ་ལྷ་བས་ལྷ་ས་གྲོང་ཁྱེར་ཡོངས་རྫོགས་བཟུང་། །
དེ་ནས་གཙང་དམག་གིས་ལྷ་སར་བཟུང་རྗེས། ང་ལུམ་སྦྱར་གསུམ་དང་དབུས་ཀོང་གི་དམག་དཔུང་ལྷ་མ་ཉུང་ཤས་རྩེ་ཕོ་བྲང་གི་ཆབ་སྒོའི་ནང་དུ་འཛུལ་ནས་སྒོ་བསྡམས། ཕོ་ལྷ་བའི་དམག་གིས་པོ་ཏཱ་ལའི་མཐའ་ཞོལ་དམ་པོར་བསྐོར་ནས་སྲུང་པའི་ཉིན་གཉིས་པ་དེར། འོན་རྒྱལ་སྲས་སྤྲུལ་སྐུ་དང་། བཙན་པོ་ནོ་མིན་ཧན། དགའ་ལྡན་ཁྲི་པ། གདན་ས་གསུམ་གྱི་བླ་མ་རྣམས་ལྷན་དུ་བགྲོས་ནས་ཕོ་ལྷ་བའི་དྲུང་དུ་ཕྱིན། ང་ལུམ་སྦྱར་གསུམ་སོགས་ཀྱི་ཆེད་དུ་ངོ་ཞུས་མ་ལགས་ཀྱང་། ཏཱ་ལའི་བླ་མཆོག་དང་ཡབ་རྗེ་གཉིས་ཀྱིས་དའི་ཆིང་བཱ་ཐུར་བསད་པ་དང་། སྡེ་གཟར་སློང་བ་སོགས་ལ་ཐེ་ཇུས་གནང་རིགས་མེད་པ་ང་ཚོ་རང་གི་ཁག་ཐེར་དང་དག་འབུད་འགན་ལེན་ཞུ་ཐུབ་པ་ཡོད་ན། འདིའི་ཐད་ལ་མི་དབང་མཆོག་ནས་དགོངས་བཞེས་རྒྱ་ཆེར་མཛད་དགོས་ཞུས་པར། ཕོ་ལྷ་བས་ཀྱང་ཁྱོད་ཚོས་གསུང་པ་དེ་བཞིན་ཡིན་ན། དུག་སྦྲུལ་ལྟ་བུའི་མི་ངན་དེ་དག་དང་ལྷན་དུ་བཞུགས་མི་རུང་བས་ཡབ་སྲས་སྐུ་འཁོར་དང་བཅས་པ་རེ་ཞིག་སེ་འབྲས་གང་རུང་དུ་ཕེབས་སམ། ཡང་བཀའ་བློན་གསུམ་དཔུང་དང་བཅས་པ་ཆབ་སྒོ་ནས་ཕྱིར་འབུད་དགོས། ཞེས་ལན་ཕུལ་བར། རྒྱལ་བས་བཀའ་བློན་གསུམ་གྱི་སྲོག་ལ་འགན་སྲུང་བྱུང་ན་ང་གང་བྱས་ཆོག་ཅེས་དང་། ཕོ་ལྷ་བ་ལ་གོས་ཡུག་གསུམ་དང་དངུལ་སྲང་ལྔ་བརྒྱ་བསྩལ། ཕོ་ལྷ་བས་ཀྱང་རྒྱལ་བའི་བཀའ་བཞིན་བདག་གིས་ཁོ་ཚོའི་སྲོག་འཕྲོག་པ་ཕར་བཞག འཁོར་གཡོག་ལོངས་སྤྱོད་སོགས་ལའང་གོད་ཆག་མེད་པར་བྱ་ཆོག སླད་ནས་འཇམ་མགོན་མིའི་རྣམ་རོལ་གོང་མ་བདག་པོ་ཆེན་པོའི་དཔུང་ཚོགས་འདིར་ལྷགས་ན། དའི་ཆིང་བཱ་ཐུར་གྱི་དོན་རྐྱེན་སོགས་ཞིབ་ཞུས་བྱ་ངེས་ཡིན། ཞེས་སོགས་ལན་ཕུལ། དེ་ནས་ང་ལུམ་སྦྱར་གསུམ་སོ་སོའི་རང་ཁྱིམ་དུ་ཅི་བདེར་འདུག་བཅུག་ཅིང་ཡུལ་གཞན་དུ་བྲོས་བྱོལ་མི་ཤོར་པའི་ཆེད་དུ་དམག་མི་སུམ་བརྒྱ་རེས་བསྲུང་ནས་བཞག ཟླ་བ་དྲུག་པའི་ནང་ཕོ་ལྷ་བ་དང་། སླེ་ལུང་བཞད་པའི་རྡོ་རྗེ། འོན་རྒྱལ་སྲས། དགའ་ལྡན་ཁྲི་རིན་པོ་ཆེ། སེ་འབྲས་ཀྱི་མཁན་པོ་བཅས་རྩེ་ཕོ་བྲང་དུ་ཕྱིན་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཇལ་ཁར་བཅར། ཕན་ཚུན་དག་སེལ་དང་སླད་ནས་མཆོད་ཡོན་ཐུགས་ནང་དཀར་གཙང་བྱ་རྒྱུའི་སྐོར་ཞལ་བཞེས་དབུ་སྙུང་གིས་རྒྱས་པར་གྲགས། །
ས་སྤྲེལ་བོད་ཡུལ་ཕྱོགས་གསུམ་ནས།།
རྒྱ་དམག་ཆིག་ཁྲི་ལྔ་སྟོང་འབྱོར།།
ང་ལུམ་སྦྱར་གསུམ་ཁྲིམས་ལ་སྦྱར།།
ཕོ་ལྷ་ཇུན་ཝང་མཚན་གྱིས་བརྒྱན།།
རྒྱལ་བ་ཡབ་སྲས་རང་ཡུལ་བརྫངས།།
སྤྱི་ལོ་1728པའི་ས་སྤྲེལ་ལོ་རྒྱ་ནག་གི་དམག་དཔོན་རྨ་ལུའུ་སོགས་ཀྱིས་སྣེ་ཁྲིད་པའི་དམག་8400ཙམ་ཟི་ལིང་བརྒྱུད་དེ་དབུས་སུ་བསྐྱོད། བློན་ཆེན་ཀྲའུ་དབྱིང་གིས་སྣེ་དྲངས་པའི་སི་ཁྲོན་གྱི་དམག་4000ལྷག་ཙམ་ཁམས་ཕྱོགས་བརྒྱུད་ནས་དབུས་ཕྱོགས་སུ་བསྐྱོད། དམག་དཔོན་ནན་ཐན་ཞང་གིས་སྣེ་ཁྲིད་པའི་དམག་3000ལྷག་ཙམ་ཡུན་ནན་བརྒྱུད་དེ་དབུས་ཕྱོགས་སུ་བསྐྱོད་པར། བསྡོམས་པས་ཆིག་ཁྲི་ལྔ་སྟོང་བཞི་བརྒྱ་ཙམ་དབུས་སུ་འབྱོར། ཟླ་བ་དགུ་པའི་ཚེས་30ཉིན་ཕོ་བྲང་ཆེན་པོའི་ཉེ་འདབས་ནེའུ་གསིང་གི་ལྗོངས་རྣམས་སུ་དམག་སྒར་བཏབ། དེ་ནས་ང་ལུམ་སྦྱར་གསུམ་རྗེས་འབྲངས་དང་བཅས་པ་དམག་སྒར་དུ་ཁྲིད་ཅིང་། པུས་མོ་བཙུགས་ཏེ་འདུག་བཅུག ཁོ་ཚོས་གོང་མ་ཡུང་ཀྲེན་ལ། དའི་ཆིང་བཱ་ཐུར་གྱི་ནག་ཉེས་ཞེས་པའི་དོན་ཚན་བཅུ་བདུན་ལྷག་ཙམ་བཀོད་པའི་དབྱེན་སྦྱོར་གྱི་སྙན་ཞུ་ཕུལ་བ་རྣམས་རེ་རེ་བཞིན་འདྲི་ཞིབ་བྱས་པར། ཕོ་ལྷ་བས་རྒྱུ་མཚན་དང་བཅས་པས་ལན་དྲངས་ནས་དག་ཐེར་བྱས། དེ་ནས་ང་ལུམ་སྦྱར་གསུམ་སོགས་འབྲེལ་ཡོད་ཀྱི་མི་བཅུ་བདུན་བ་མ་རིའི་འགྲམ་གྱི་སྤང་ཐང་དུ་སྐེ་བཅད། གཉེན་ཉེ་སོགས་འགའ་ཞིག་རྒྱ་ནག་ཏུ་བརྫངས། ཕོ་ལྷ་བ་ལ་བསྔགས་བརྗོད་དང་བཅས་དངུལ་སྲང་ཆེན་ཁྲི་ཕྲག་གསུམ་དུས་གཅིག་ཏུ་གནང་། བོད་ཀྱི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་ཕོ་ལྷ་བས་འགན་བཞེས། འཕྲལ་དུ་མི་སེར་གྱི་དཔྱ་ཁྲལ་ཆག་ཡང་གི་སྲིད་ཇུས་སྤེལ། ཟླ་བ་བཅུ་གཉིས་པར་རྒྱལ་བ་ཡབ་སྲས་སྐུ་འཁོར་རྣམས་རང་ཡུལ་ཁམས་ལི་ཐང་དུ་དྲངས། ལྕགས་ཁྱི་སྤྱི་ལོ་1730ལོར་མགར་ཐར་དུ་དྲངས་ནས་དེར་བཞུགས་སུ་བཅུག དེ་རྗེས་མན་ཇུ་གོང་མས་ཕོ་ལྷ་བ་ལ་པི་སིའི་ཆོ་ལོ་དང༌། ཇུན་ཝང་ཞེས་པའི་འཇའ་ས། གསེར་ཐམ་ཆེན་མོ་ཡི་གེ་སུམ་སྦྱར་དུ།དབུས་གཙང་གི་བཀའ་སློབ་ཀྱི་བྱ་བ་བྱེད་མཁན་རྡོ་རོས་པས་སིའི་ཐམ་ག་ཞེས་པ་བཅས་གནང༌། །
སྲིད་སྐྱོང་ལས་རོགས་ཨམ་བན་བསྐོས།།
དེ་ལ་སྟོང་དམག་གསུམ་གྱིས་བསྲུངས།།
མེ་ཡོས་རབ་བྱུང་བཅུ་གསུམ་པར།།
ཕོ་ལྷ་གཤེགས་ཤུལ་དེའི་སྲས།།
འགྱུར་མེད་རྣམ་རྒྱལ་སྲིད་ཁྲིར་བཀོད།།
ཕ་ཤུལ་བུས་འཛིན་རེ་བཀོད་གནང་།།
བོད་དུ་གོང་མའི་ལས་བྱེད་པ་ཨམ་བན་མངགས་བཀོད་ཀྱི་ལམ་ལུགས་བཙུགས། བོད་སྡོད་ཨམ་བན་དང་པོ་མཱ་ལ་(马喇)དང༌། དེའི་ལས་རོགས་ལ་སེན་གེ་(僧格)བསྐོས། སི་ཁྲོན་དང༌། ཧྲན་ཤིའི། ཡུན་ནན་བཅས་ཀྱི་དམག་མི་སུམ་སྟོང་ཙམ་དབུས་དང་ཁམས་ཕྱོགས་སུ་བཞག སྤྱི་ལོ་1735པའི་ཤིང་ཡོས་ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཁམས་མགར་ཐང་དུ་ལོ་བདུན་ཙམ་བཞུགས་ནས་སླར་དབུས་སུ་གདན་དྲངས་ཆོག་པ་བྱུང་ཡང༌། ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་སྔར་བཞིན་ཕོ་ལྷ་པས་བཟུང་། སྤྱི་ལོ་1731ལོར་ཙམ་ན་འབྲུག་པ་འབྲུག་པ་སྐྱབས་མགོན་ཡང་སྲིད་ངོས་འཛིན་སྐོར་ཕྱོགས་ཁག་གཉིས་ཆགས་ཏེ་ནང་འཁྲུག་ལངས། དེའི་རྐྱེན་གྱིས་བོད་འབྲུག་པ་འཁྲུག་ལངས་ཡང་རྒྱལ་བ་ཀརྨ་པ་དང་། ས་སྐྱ་བདག་ཆེན། པཎ་ཆེན་རིན་པོ་ཆེ་སོགས་ཀྱི་སྐུ་ཚབ་བཏང་སྟེ་ཆིངས་འདུམ་གནང་། ཆུ་གླང་སྤྱི་ལོ་1733ལོར་ཕོ་ལྷ་བས་ཆིང་གོང་མ་ལ་བོད་སྡོད་རྒྱ་དམག་ཉུང་འཕྲི་དགོས་པའི་རེ་ཞུས་ལྟར། གོང་མས་མ་ཏཱ་ཞིན་དང་། སེན་ཏཱ་ཞིན་གཉིས་གཙོས་པའི་དམག་མི་གཅིག་སྟོང་བརྒྱ་ཕྱིར་འཐེན་བྱས། བོད་དུ་ཅིའུ་ཏཱ་ལོ་ཡེ་གཙོས་པའི་དམག་མི་ལྔ་བརྒྱ་བཞག་ཅིང་གྲྭ་བཞིར་དམག་སྒར་གསར་པ་བརྒྱབ་སྟེ་དེར་གནས་སྤོས། ཤིང་ཡོས་སྤྱི་ལོ་1735ལོར་ཟླ་བ་བདུན་པའི་ཚེས་11ཉིན་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་སུ་ཕེབས།བསུ་བ་སེར་སྤྲེང་ཟབ་རྒྱས་ཀྱིས་ཕེབས་བསུ་ཞུས། མེ་འབྲུག་སྤྱི་ལོ་1736ལོར་འབྲུག་པ་སྡེ་སྲིད་ཀྱིས་རྒྱལ་བ་རིན་པོ་མཇལ་ཁ་ཞུས་པ་ལྟར། ཕོ་ལྷ་བས་སྣེ་ལེན་གཟབ་རྒྱས་གནང་། ལྕགས་སྤྲེལ་སྤྱི་ལོ་1740ལོར་གུང་རྣམ་རྒྱལ་ཚེ་བརྟན་སྐུ་གཤེགས་པ་དང་། དེའི་གཅུང་གུང་པཎྜི་ཏ་ལ་བཀའ་བློན་གྱི་གོ་གནས་དང་། ཕོ་ལྷ་བ་རྡོ་རོས་ཇུ་ཝང་གི་ཆོ་ལོ་གནང་། མེ་སྟག་སྤྱི་ལོ་1746ལོར་ཕོ་ལྷ་བའི་སྲས་གཉིས་ལ་སོ་སོར་ཆོ་ལོ་བསྩལ། གཅེན་འགྱུར་མེད་ཚེ་བརྟན་ལ་གུང་གི་ཆོ་ལོ་དང་མངའ་རིས་སྐོར་གསུམ་གྱི་སྤྱི་ཁྱབ་པ་བསྐོས། གཅུང་འགྱུར་མེད་རྣམ་རྒྱལ་ལ་ཐའི་ཇི་ཆོ་ལོ་བསྩལ་ཞིང་བྱང་འབྲོག་ཚོ་པ་སོ་དགུ་དང་། འདམ་བརྒྱ་ཤོག་བརྒྱད་ཀྱི་སྤྱི་དཔོན་བསྐོས། སྤྱི་ལོ་1747པ་མེ་ཡོས་ལོའི་ཟླ་བ་གཉིས་པར། ཕོ་ལྷ་བའི་མཇིང་པ་ལ་གཉན་འབྲུམ་ཐོན་པས་སྐུ་གཤེགས། ཟླ་བ་བཞི་པར་མི་དབང་བསོད་ནམས་སྟོབས་རྒྱལ་གྱི་རིགས་སྲས་ཆུང་བ་དཱ་ལས་བཱ་ཐུར་འགྱུར་མེད་རྣམ་རྒྱལ་གོང་མའི་ལུང་གིས་བོད་ཀྱི་རྒྱལ་པོར་འཁོད། ཅེས་དགའ་བཞི་བའི་བྱུང་བ་བརྗོད་པའི་ནང་གསལ། །
རྒྱལ་རོང་ཆུ་ཆེན་དམག་དཔུང་དང་།།
རྒྱ་ནག་ཞིང་ཆེན་བརྒྱད་ཀྱི་དམག །
འཐབ་འཁྲུག་མི་ལོ་གསུམ་ལ་བྱས།།
མེ་ཡོས་སྤྱི་ལོ་1747ལོར་རྒྱལ་རོང་ཆུ་ཆེན་ཚ་ཁོ་རབ་བརྟན་རྒྱལ་པོ་དང་རྒྱ་ནག་མན་ཇུ་གོང་མའི་བར་དམག་འཁྲུག་ལངས། རྒྱ་ནག་ཞིང་ཆེན་བརྒྱད་ཀྱི་དམག་མི་ཁྲི་བརྒྱད་ལྷག་བཏང་ཞིང་འགྲོ་སོང་དངུལ་དཀར་པོ་སྲང་བྱེ་བ་གཉིས་ལྷག་བཏང༌། དམག་འཁྲུག་ལོ་གཉིས་ལྷག་ཙམ་བྱས། རྒྱ་དམག་ཆིག་ཁྲི་ཉིས་སྟོང་ཉིས་བརྒྱ་ལྷག་ཙམ་ཤི། བོད་དམག་ཁྲི་གསུམ་ལྷག་ཙམ་ཤི་ཞེས་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ལས་གསལ།།
ཇུ་ཝང་འགྱུར་མེད་རྣམ་རྒྱལ་གྱིས།།
རྩུབ་སྤྱོད་སྤེལ་ཞིང་སྐུ་འཁོར་མནར།།
ཨམ་བན་སྐྲོད་པའི་ཇུས་བཀོད་ཀྱི།།
བསམ་སྤྱོད་རྟོགས་རྗེས་ཏཱ་ཞིན་གྱིས།།
ཁྲོམ་གཟིགས་ཁང་དུ་ཐབས་ཀྱིས་བཀྲོངས།།
འགྱུར་མེད་རྣམ་རྒྱལ་བོད་བོད་ཀྱི་སྲིད་སྐྱོང་གི་འགན་བཞེས་པ་དང་། སྐུ་འཁོར་ཞབས་འབྲིང་རྣམས་ལ་མཐུན་ལམ་གུས་ཞབས་མེད་པའི་རྩུབ་སྤྱོད་མང་པོ་བྱས་པ་མི་དབང་རྟོགས་བརྗོད་དུ་གསལ་བ་རྣམས་མདོར་བསྡུས་ནས་བརྗོད་ན། ཡ་རབས་སྤྱོད་བཟང་གི་བསླབ་བྱ་བྱེད་མཁན་རྣམས་ལ་མི་དགའ་ཞིང་། ངན་པ་བཟང་པོ་སྨྲ་བའི་གཡོ་སྒྱུའི་གཏམ་སྙན་ལ་ཐུགས་དགྱེས་པ། བྱ་བ་གང་ལ་བརྟག་དཔྱད་མེད་པར་བྱུང་རྒྱལ་དུ་སྤྱོད་པ། གཞན་གྱི་སྲོག་འཕྲོག་པ་ལ་འཇིགས་སྣང་དང་འཚེར་སྣང་མེད་པའི་རང་གཤིས་ཅན་ཞིག་ཡིན་པ་དང་། གདུག་རྩུབ་ཅན་གྱི་སྤྱོད་པ་གཙོ་བོར། 1.ས་སྦྲུལ་དང་། ལྕགས་རྟ་ལོ་ངོ་གཉིས་ལ་བྱང་ཕྱོགས་སུ་རི་དྭགས་བདར་ས་ཕྱིན་ཅིང་འབྲོང་དང་། ཤ་བ། དགོ་བ། གཙོད་སོགས་གྲངས་མང་བསད་པ། སྐབས་ཞིག་རི་དྭགས་སྲུང་མ་ཐུབ་པ་ཁ་གཡར་ནས་ཕོ་ལྷ་བར་གཏད་ཅིང་མདའ་འཕངས་པ་རྟའི་མཇིང་པར་ཕོག་སྟེ་ཁྲག་མང་ཟག་པ་དང་། མདའ་གཉིས་པ་ཞིག་འཕངས་པ་དེ་གཞོན་ནུ་ཕུན་ཚོགས་དོན་གྲུབ་ལ་ཐེབས་ཏེ་ཚེ་འཕོས། དེས་ཐུགས་ཚིམས་པ་ལྟར་བུས་ཕོ་ལྷ་བ་རང་ཉིད་ཉེས་སྐྱོན་མ་བྱུང་ཞེས་གསུངས། 2.ཡང་འགྱུར་མེད་རྣམ་རྒྱལ་གྱིས་ཁོ་རང་གི་ཕུ་བོ་འགྱུར་མེད་ཚེ་བརྟན་ངོ་ལོག་པ་ཡིན་ཞེས་རྫུན་ཁག་བཀལ་ནས་ཞུས་ཏེ། གླགས་འཚོལ་བའི་དམག་བཏང་ནས་ཐབས་ཀྱིས་འཚེ་བར་བྱས་ཏེ་ནད་ཀྱི་ཤི་སོང་ཞེས་རྫུན་ཞུས་འདུགཅེས་གསུངས།① 3.མདོ་ཁམས་ཞབས་དྲུང་དང་། ནོ་ཡོན་པཎྜི་ཏ་གཉིས་ལ་ཨམ་བན་དང་ཁོང་རང་བར་ན་དཀྲུག་ཤིང་བྱས་ཡོད་པའི་བསྙད་བཏགས་ཏེ་བཀྱོན་པ། 4.ལྷ་སར་བཅའ་སྡོད་ཀྱི་རྒྱ་དམག་ཉུང་འཕྲི་དགོས་པའི་རེ་བ་ལྟར་གོང་མས་དམག་དཔུང་ཁག་གཅིག་ཕྱིར་འཐེན་བྱས་ཀྱང་། ཨམ་བན་དང་འབྲེལ་ལམ་ཇེ་སྡུག་ཕྱིན་ཏེ་ཆིང་གོང་མའི་དཔོན་དམག་རྣམས་བོད་དུ་འཇོག་རྒྱུར་མ་འདོད་པའི་རྣམ་འགྱུར་སྟོན་པ་བཅས་སྐྱོན་བརྗོད་མང་པོ་ཞིག་བྱས་འདུག འོན་ཀྱང་ཡིག་ཆ་འདི་དག་ནི་འགྱུར་མེད་རྣམ་རྒྱལ་གྱི་ཁ་གཏད་ཕྱོགས་ཀྱིས་བརྩམས་པ་ཤ་སྟག་ཡིན་པས་ད་རུང་ཁོ་རང་ཕྱོགས་ཀྱི་བྲིས་པའི་ཡིག་ཆ་རྙེད་ན་དེར་ལའང་ཞིབ་འཇུག་དགོས་པ་ཞིག་རེད། ལྕགས་རྟ་སྤྱི་ལོ་1750ལོར་ཟླ་བ་བཅུ་པའི་ཚེས་13ཉིན་ཏཱ་ཞིན་གཉིས་ནས་ཝང་འགྱུར་་མེད་རྣམ་རྒྱལ་གཡོ་ཐབས་ཀྱིས་ཁྲོམ་གཟིགས་ཁང་དུ་བོས་ནས་བསད། དེ་འཕྲལ་ཏཱ་ཞིན་གཉིས་ནས་གོང་མའི་བཀའ་ཡིན་ཚུལ་གུང་པཎྜི་ཏ་ལ་འཕྲིན་སྐྱེལ་མཁན་པཱ་ཅོང་ཞིག་བཏང་། གུང་པཎྜི་ཏས་པོ་ཏཱ་ལར་རྒྱལ་བའི་སྐུ་མདུན་དུ་སྙན་གསན་ཕུལ། །
རྒྱལ་བའི་བཀའ་ཡང་མ་བརྩིས་པ།།
བློ་བཟང་བཀྲ་ཤིས་བློ་སྟོབས་རྒྱས།།
བོད་རྒྱ་འཁྲུགས་པས་བར་བསྐོར་ཁེངས།།
ཨམ་བན་ཧྥུ་ཆིན་གཙོས་བྱས་པའི།།
ཞབས་འབྲིང་བརྒྱ་ལྷག་ཉིན་གཅིག་བསད།།
སྐབས་དེར་ཝང་འགྱུར་མེད་རྣམ་རྒྱལ་གྱི་སྐུ་འཁོར་བློ་བཟང་བཀྲ་ཤིས་སོགས་ཀྱིས་ཏཱ་ཞིན་གཉིས་ཀྱི་སྲོག་ལ་རྒོལ་བར་བརྩམས་པའི་གཏམ་རྒྱལ་བའི་སྙན་དུ་གསན་པ་དང་། མགྲོན་གཉེར་གཉིས་གཙོས་པའི་དྲུང་འཁོར་ཕལ་ཆེར་དང་། སེར་འབྲས་གཉིས་ཀྱི་བླ་མ། ལས་སྣེ། གྲྭ་མང་དང་བཅས་པ་ལ་ཆེད་མངགས་སུ་རྒྱ་དཔོན་རྣམས་ཀྱི་སྲོག་ལ་སྐྱོན་མི་འགྱུར་བའི་བཀའ་བསྒོ་ཡང་། ཁོ་ཚོས་བཀའ་ལ་མ་བརྩིས་པའི་སྐབས་སུ། སླར་ཡང་ཁྲི་ཆེན་རྡོ་རྗེ་འཆང་སྐུ་དངོས་ཕེབས་ནས། བོད་སོག་བྱིངས་ལ་སྦྱར་ཡིག་ཁྲོམ་བསྒྲགས་གནང་དོན། འགྱུར་མེད་རྣམ་རྒྱལ་གོང་མའི་དགོངས་པ་དང་འགལ་ནས་ཏཱ་ཞིན་གཉིས་ནས་བཀའ་ཁྲིམས་བཅད་པ་ཡིན་སྟབས། ཁྱོད་ཚོ་ཚང་མ་རང་ཚོད་བཟུང་ནས་སྡོད་ཅིག གོང་མ་ཆེན་པོའི་སྐུ་ཚབ་ལ་དོ་བསྡོ་བ་སོགས་སུས་ཀྱང་ཐལ་ཆ་བྱེད་མི་རུང་པ་བསྒྲགས། བློ་བཟང་བཀྲ་ཤིས་འཁོར་དང་བཅས་པས་བཀའ་ལ་མ་བརྩིས་པས་ཁྲི་ཆེན་སོགས་ལའང་མཚོན་རྩེ་གཏད། མི་འཚམས་པའི་ཚིག་མང་དུ་ལབ། བཀའ་ཤོག་སྦྱར་ཡིག་ཀྱང་དབྲལ། ཨམ་བན་གྱི་སྡོད་གནས་ཁྲོམ་གཟིགས་ཁང་གི་མཐའ་བསྐོར། དམག་འཐབ་ཆུ་ཚོད་ཁ་ཤས་བྱས་མཐར་ཨམ་པན་ཧྥུ་ཆིན་(傅清)དང༌། ལས་རོགས་པ་ལཱ་པུ་ཏུན་(拉布敦)དམར་གསོད་བྱས། སྐུ་སྲུང་བ་དང་ཞབས་འབྲིང་པ་མི་གྲངས་བརྒྱ་ལྷག་ཙམ་དུས་གཅིག་ཏུ་ཁྲོམ་གཟིགས་ཁང་གི་ཉེ་འགྲམ་དུ་བཀྲོངས་པས་ས་ཆ་དེར་ཕྱིས་རྒྱ་འབུམ་སྒང་ཞེས་མིང་ཆགས། །
སྐབས་དེར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་བྱེད་སྒོ་དེ་ལ་ཐུགས་ཀྱིས་མ་བཟོད་ནས་དབུས་གཙང་དང་། དྭགས་ཀོང་། འདམ། ནག་ཆུ་སོགས་ས་གནད་ཆེ་བའི་རྫོང་དང་གཞིས་ཀ་ཐམས་ཅད་ལ། འགྱུར་མེད་རྣམ་རྒྱལ་ཕྱོགས་ཀྱིས་ཚུལ་མིན་བྱས་པའི་རྗེས་སུ་འབྲངས་ནས་འུར་ཤོག་སུས་ཀྱང་བྱ་མི་ཆོག་པའི་བཀའ་ཤོག་བཀྲམ་ནས་དྲིལ་བསྒྲགས། དེའི་ཚེ་སྐྱོན་མ་བྱུང་པའི་སྦི་ཆའི་ཆི་གཉིས་དང་།
ཕོགས་དཔོན། ཨམ་བན་གཉིས་ཀྱི་ཟླ་བོ། དམག་མི།ཚོང་པ་སོགས་བཅས་ཁྱོན་རྒྱ་རིགས་ཉིས་བརྒྱ་སྐོར་པོ་ཏཱ་ལར་བསྡུས་ཏེ་འཚོ་བའི་ཡོ་བྱད་ཟས་གོས་སོགས་ལེགས་པར་གནང་། གུང་པཎྡི་ཏ་ལ་གོང་མ་ཆེན་པོའི་བཀའ་མ་ཕེབས་ཀྱི་བར་སྲིད་སྐྱོང་གི་ལས་དོན་བྱེད་དགོས་པའི་བསླ་སྟོན་དང་ལས་ཐམ་ཞིག་ཀྱང་བསྩལ། [རྣམ་ཐར་དཔག་བསམ་སྙེ་མ་ལས་གསལ་བ་ལྟར་རོ།] དེ་ནས་བཀའ་བློན་གུང་ནོ་ཡོན་རྡོ་རིང་པཎྜི་ཏས་བཀའ་ཡིག་བསྒྲགས་ཤིང་། དམག་དཔུང་བཏང་ནས་བློ་བཟང་བཀྲ་ཤིས་སྐུ་འཁོར་རྣམས་ཇི་ལྟར་འཛིན་བཟུང་བྱས་པ་དང་། མི་རིང་ཆིང་གོང་མས་མངགས་པའི་ཨ་ལི་ཁན་ཨམ་བན་འབྱོར་ཏེ། བློ་བཟང་བཀྲ་ཤིས་ཀྱིས་མཚོན་པའི་དྲག་ཆས་མང་པོ་ཞིག་ལ་འདྲི་བརྩད་ཞིབ་མོར་བྱས་ཏེ། ཉེས་པ་ཐོག་ཏུ་བབ་པ་རྣམས་ཁྲིམས་ལུགས་སྣ་ཚོགས་པའི་སྒོ་ནས་ལྕང་ལོ་ཅན་གྱི་སྒོ་རར་བཀའ་ཁྲིམས་ཀྱིས་ཚར་བཅད། ཅེས་མདོ་མཁར་བའི་བྱུང་བརྗོད་པ་ལས་གསལ། །
རྩོམ་ཡིག་སྔོན་མ།
གནམ་རིམ་དགུ་བརྩེགས་སུ་ལྐོག་དངོས་རྟོགས་པའི་ཝུའུ་ཁུང་།
རྩོམ་ཡིག་རྗེས་མ།
རྩའི་འཕར་ཚུལ་དང་འཕར་གྲངས་ཀྱི་ཁྱད་པར་བཤད་པ།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1