བསམ་པའི་རིག་གནས་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་གང་ལེགས་ཀྱིས་བསྐང་དགོས།—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་དཔྱད་བརྗོད།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་དཔལ་འབྱོར་འཕེལ་རྒྱས་ཐད་ངོ་མཚར་གཏོད་དགོས་ལ་བསམ་པའི་རིག་གནས་ཐད་ལའང་འོད་སྟོང་འབར་བའི་ལེའུ་གསར་པ་བརྩམ་དགོས།
“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ། མི་རིགས་ཧྲིལ་པོའི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་བསྐྲུན་དགོས”ཞེས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་དར་སྤེལ་གཏོང་རྒྱུ”དེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལས་འགན་དང་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་པའི་རིག་གནས་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་གང་ལེགས་བསྐང་རྒྱུའི་བླང་བྱ་གལ་ཆེན་བཏོན་གནང་བ་དེས་དུས་རབས་གསར་པར་རིག་རྩལ་དར་རྒྱས་དང་རིག་གནས་འཕེལ་རྒྱས་གཏང་ཆེད། ཁ་ཕྱོགས་གསལ་སྟོན་དང་རྒྱ་ཆེའི་རིག་གནས་དང་རིག་རྩལ་ལས་དོན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས།
བསམ་པའི་རིག་གནས་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་གང་ལེགས་བསྐང་བར་སྤུས་ཚད་མཐོ་རུ་གཏང་རྒྱུ་དེ་རིག་རྩལ་བརྩམས་ཆོས་ཀྱི་སྲོག་རྩ་ལྟ་བུར་བརྩི་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་རང་རྒྱལ་གྱི་རིག་གནས་མཁོ་སྤྲོད་ཀྱི་འགལ་བ་གཙོ་བོ་དེ་ཁ་ཐང་མིན་དང་འབེལ་མིན་གྱི་གནད་དོན་མིན་པར་ལེགས་མིན་དང་རྩེ་གྲ་ཡིན་མིན་གྱི་གནད་དོན་དེ་རེད། དུས་རབས་གསར་པ་དང་འཚམ་པའི་རིག་གནས་བརྩམས་ཆོས་རྩེ་གྲ་སྔར་བས་མང་བ་གསར་རྩོམ་བྱས་ནས“མཐོ་ས”ནས“ཡང་རྩེར”སླེབས་པ་བྱེད་པར་རྒྱ་ཆེའི་རིག་གནས་དང་རིག་རྩལ་ལས་དོན་པ་འཚོ་བའི་ནང་ཟབ་འཇུག་དང་མི་དམངས་ཁྲོད་རྩ་བ་བརྟན་ཚུགས་ཡོང་བར་ཁྲིད་སྟོན་བྱས་ཏེ་སེམས་པ་རྩེ་གཅིག་དང་། བརྩེ་སེམས་ལྷད་མེད། ནུས་པ་གང་ཡོད་བཅས་ཀྱི་ཐོག་ནས་རླབས་ཆེན་དུས་རབས་ཀྱི་ལེའུ་གསར་པ་བརྩམས་ཏེ་ཏང་དང་། མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་ལེན་པའི་ཕུལ་བྱུང་བརྩམས་ཆོས་རྩེ་གྲ་རྒྱུན་ཆད་མེད་པར་བཏོན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གསར་པ་བརྩམ་དགོས།
བསམ་པའི་རིག་གནས་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་གང་ལེགས་བསྐང་བར་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱ་དགོས། མི་དམངས་ཀྱིས་དགའ་པོ་བྱེད་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་བརྩམ་པར་ངེས་པར་དུ་གསར་རྩོམ་གྱི་བསམ་བློ་འདྲོང་པོ་དགོས། དེང་སྐབས་རིག་རྩལ་གསར་རྩོམ་ཁྲོད་ཀྱི་མི་ལེགས་པའི་བསམ་བློའི་རླབས་རྒྱུན་ད་དུང་ཚོང་ར་ངེས་ཅན་ཞིག་ཡོད་པ་དང་། ལ་ལས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས། དམག་དོན་གྱི་ལོ་རྒྱུས་ལ་ཁས་མི་ལེན་པར་བསམ་བཞིན་དུ་ཚད་ཐུབ་ཀྱི་བསྟན་བཅོས་འཁྱོག་བརྗོད་དང་དཔའ་བོའི་བྱུང་རབས་འཁྱོག་བཤད་བྱས་ཤིང་། ལ་ལས་གཟབ་ནན་གྱི་ནང་དོན་རྩེད་མཚར་ཅན་དུ་བསྒྱུར། ལ་ལས་སྒོ་བྱང་གི་ཡོང་སྒོ་དང་ལྟ་གྲངས། རྡེབ་གྲངས་ལ་རྩེ་གཅིག་ཏུ་མཐོང་ཆེན་བྱས་པས་རིག་གནས་ཀྱི་གད་སྙིགས་མང་པོ་ཞིག་བྱུང་བ་རེད། ལོ་རྒྱུས་སྟོང་པ་དང་རྩེད་མཚར་ཅན། དངོས་པོ་ཅན་གྱི་ནོར་འཕྱུགས་ཀྱི་བསམ་བློའི་རླབས་རྒྱུན་བཀག་འགོག་བྱེད་པར་རིག་རྩལ་ལས་དོན་མི་སྣར་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་པ་ཞིག་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་སྤུས་ཚད་ལ་སྣང་ཆེན་དང་། རྩོམ་ཉམས་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། ཀུན་སྤྱོད་དང་གཤིས་རྒྱུད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མ་རབས་ཐ་ཤལ་གྱི་ནང་དོན་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། སྐྱོན་བྲལ་ཡར་ཐོན་གྱི་རིག་རྩལ་བརྩམས་ཆོས་རྩོམ་པ་དང་མི་ཚུལ་ལྡན་ཞིག་བྱེད་པའི་ངང་བག་ཆགས་བཟང་པོ་འཇོག་པ་དང་། བློ་སྒོ་ཕྱེ་བ། དར་སྲོལ་བཟང་པོ་བཅས་ལ་བརྟེན་ནས་ལོ་རྒྱུས་ཐོག་སྲོལ་བཟང་ལྡན་པ་དང་། གང་ཟག་ཆེད་སྤྱོད་བཟང་དར་སྤེལ། རང་ཉིད་སྤྱོད་གཙང་ཡོང་བ་བཅས་བྱེད་དགོས།
བསམ་པའི་རིག་གནས་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་གསར་པ་གང་ལེགས་བསྐང་བར་རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་དར་རྒྱས་དང་རིག་གནས་ཐོན་ལས་མགྱོགས་མྱུར་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས། སྒྱུར་བཅོས་ནི་རིག་རྩལ་དར་རྒྱས་དང་རིག་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གནས་ས་ཞིག་རེད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་པ་དང་། རིག་གནས་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཐོན་སྐྱེད་གཉེར་སྐྱོང་གི་ལམ་སྲོལ་གསར་གཏོད་བྱེད་པ། རིག་གནས་གསར་གཏོད་ཀྱི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བ་བཅས་བྱས་ཚེ། གཞི་ནས་རིག་གནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་ཐུབ། རིག་གནས་བྱ་གཞག་ཐད་སྤྱི་པའི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་དོ་སྙོམས་ཅན་ཡོང་བར་སྐུལ་འདེད་བཏང་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཞུགས་པ། གཙོ་གནད་གཤམ་སྒྱུར། མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་པ་མ་ཟད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་ཁྱབ་ཁོངས་དང་སྤྱོད་གོ་ཆོད་པའི་རང་བཞིན་ཆེ་རུ་གཏོང་དགོས། རིག་གནས་ཐོན་ལས་ཐད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དེང་རབས་རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་འཐུས་ཚང་དུ་བཏང་སྟེ། རིགས་ཁག་གི་རིག་གནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་རིག་གནས་ཀྱི་ལས་རྣམ་དང་རིག་གནས་ཀྱི་འཛད་སྤྱོད་བྱེད་སྟངས་གསར་པ་སྐྱེད་སྲིང་བྱས་ཏེ་སྤུས་ཚད་མཐོ་བའི་རིག་གནས་མཁོ་སྤྲོད་ལས་མི་དམངས་ཀྱི་རིག་གནས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏང་དགོས།
“རི་ཀླུང་ཀུན་གྱི་རང་བྱུང་བཀོད་པ་དག། དེ་ནི་མིག་གི་ལོངས་སྤྱོད་དངོས་ལ་སྣང་།།”རང་རྒྱལ་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི་960ཡི་ས་ཆེན་སྟེང་མི་དམངས་དུང་ཕྱུར་13ཡིས་ཉིན་རྒྱུན་ལག་ལེན་གསར་པ་དོན་འཁྱོལ་དང་འཚོ་བ་གསར་པ་མྱོང་རོལ། ངོ་མཚར་གསར་པ་གསར་གཏོད་བྱེད་བཞིན་ཡོད་པ་དང་། འདི་ལྟ་བུའི་རླབས་ཆེན་གྱི་ལག་ལེན་གྱིས་རིག་གནས་གསར་གཏོད་ལ་ཤུགས་ཆེན་པོ་དང་བར་སྟོང་ཆེན་པོ་བསྐྲུན་པ་རེད། ལག་ལེན་གསར་གཏོད་ཀྱི་གོ་རིམ་ཁྲོད་རིག་གནས་གསར་གཏོད་ཀྱི་ལས་སྤེལ་ཞིང་ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་རིག་གནས་ཀྱི་འཕེལ་རྒྱས་མངོན་དུ་འགྱུར་ཚེ། ང་ཚོས་སྔར་ལས་ལེགས་པོའི་སྒོ་ནས་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཐུབ།