རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། །
7 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བདུན་པ། སྡེ་སྲིད་ངག་དབང་རིན་ཆེན། ཆུ་ལུག་སྤྱི་ལོ་1703ལོར་སྡེ་སྲིད་ཀྱི་ཁྲི་ལ་བཀོད། སྤྱི་ལོ་1705པའི་ཤིང་བྱ་ཟླ་བ་དང་པོ་སླར་ཡང་བོད་སོག་དམག་འཁྲུངས་ལངས་པ་དང་། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་མདུན་དུ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ། སྐྱིད་ཤོད་སྡེ་པ། ལ་མོ་ཆོས་རྗེ། གདན་སའི་མཁན་པོ། གཞུང་ཞབས་གཙོ་གནད་ཁག པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་མགྲོན་གཉེར་དཀའ་ཆེན་རྡོ་རྗེ། སོག་པོ་སྦྱིན་བདག་ཁག་བཅས་འཚོགས་ནས། སྡེ་སྲིད་སངས་རྒྱ་མཚོས་སྲིད་སྐྱོང་དགོངས་པ་ཞུས་ནས་སྐུ་སྐལ་དུ་གོང་དཀར་རྫོང་འབུལ་རྒྱུ་དང་། སོག་པོ་ལྷ་བཟང་སོག་རྒྱལ་གྱི་གནས་རང་འཇགས་ཐོག་ཕྱིར་མཚོ་སྔོན་དུ་ཕེབས་ནས་བཞུགས་རྒྱུ་ཐག་བཅད། སོག་པོས་གཡོ་སྒྱུས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བསྒྲུངས། སྡེ་སྲིད་ངག་དབང་རིན་ཆེན་རྒྱ་ནག་ཏུ་བྲོས། །
སོག་པོ་ལྷ་བཟང་ཧན། སྤྱི་ལོ་1705ལོའི་ཟླ་བ་ལྔ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བསྒྲུངས་ཟིན་པ་དང་། སོག་པོ་ལྷ་བཟང་ཧན་གྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱས། སྲིད་དོན་ལས་རོགས་སུ་མདུན་ན་འདོན་བྱམས་པ་གླིང་པ་དང་། མཁན་པོ་དར་མ་པ། བཀའ་བློན་བུ་ཆུང་། ཚེ་བརྟན་རྡོ་རྗེ། ཕོ་ལྷ་བ་སོགས་བོད་ཀྱི་དཔོན་རིགས་འགའ་ཞིག་བསྐོ་བཞག་བྱས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཡང་སྲིད་ཡང་དག་མ་ཡིན་པའི་བསྙད་བཏགས་ཏེ་ཕོ་བྲང་པོ་ཏ་ལ་ནས་ཕྱིར་ཕུད། ཕ་ཡུལ་ཁ་བ་དཀར་པོ་ནས་ཕེབས་པའི་འབྲས་སྤུངས་གྲྭ་ཡེ་ཤེས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པའི་ཡང་སྲིད་ཡིན་པར་བསྒྲགས་ཏེ་ཁྲི་འདོན་བྱས་ཀྱང་། བོད་མི་སྐྱ་སེར་ཡོངས་ཀྱིས་ངོས་འཛིན་མ་བྱས། སེ་རའི་ཚོགས་ཆེན་གྱི་འདུ་ཁང་གསར་དུ་བརྒྱབ། ཚོགས་ཆེན་རྙིང་པ་གུ་ཤྲི་ཁང་གི་ཨུར་གེ་གྲྭ་ཚང་སྤོས་ཏེ་སེ་ར་སྔགས་པ་གྲྭ་ཚང་གསར་འཛུགས་བྱས། སོག་པོ་ལྷ་བཟང་ཧན་གྱིས་ལོ་ངོ་བཅུ་གཉིས་རིང་བོད་སྲིད་བཙན་བཟུང་བྱས། །
8 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བརྒྱད་པ། སྟག་རྩེ་ལྷ་རྒྱལ་རབ་བརྟན། སྤྱི་ལོ་1717ལོར་སོག་པོ་ཇུན་གར་བའི་དམག་གིས་ལྷ་བཟང་ཧན་བསད། སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན་བོད་ཀྱི་སྲིད་སྐྱོང་གི་ཁྲི་ལ་བཀོད། བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དུ་སྲིད་སྐྱོང་ཞེས་པའི་མིང་ཐོག་མར་འདི་ནས་སྤྱད་འདུག ལྷ་བཟང་གི་ཞབས་འབྲིང་གཙོ་བོ་རྣམས་བཙོན་དུ་བཅུག རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་སོགས་རྙིང་མའི་དགོན་སྡེ་རྣམས་གཏོར་ཚབས་ཆེན་བཟོས། ལྕགས་བྱི་སྤྱི་ལོ་1720ལོའི་མཇུག་ཏུ་རྒྱ་ནག་གོང་མའི་དམག་གིས་སྲིད་སྐྱོང་སྟག་རྩེ་བ་སོགས་དཔོན་རིགས་རྣམས་སྐེ་བཅད་ནས་བཀྲོངས། །
9 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དགུ་པ། རྒྱལ་བ་བསྐལ་བཟང་རྒྱ་མཚོ། ལྕགས་གླང་སྤྱི་ལོ་1721ལོར་སྲིད་ཁྲིར་འཁོད། རྒྱ་ནག་གོང་མའི་ལུང་ལྟར་དའི་ཆིང་བ་ཐུར་ཁང་ཆེན་བསོད་ནམས་རྒྱལ་པོ་དང་། ང་ཕོད་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་དང་། སྦྱར་ར་བློ་གྲོས་རྒྱལ་པོ་བཅས་བཀའ་བློན་རྒན་གཞོན་དུ་བསྐོས་ནས་སྲིད་བསྐྱངས། མེ་ལུག་སྤྱི་ལོ་1727ལོར་དབུས་གཙང་བཀའ་བློན་གཉིས་བར་འགལ་བ་རྩེར་སོན། ང་ལུམ་སྦྱར་གསུམ་གྱིས་ཁང་ཆེན་པ་བཟུང་ནས་བསད། ཕོ་ལྷ་བ་ཡང་འཛིན་གྲབས་བྱས་ཀྱང་གཙང་དུ་བྲོས་པས་མ་ཟིན། དེ་ནས་ཕོ་ལྷ་བས་རྒྱ་ནག་གོང་མའི་དམག་རོགས་ཞུས། རྒྱ་དམག་གཅིག་ཁྲི་བཞི་སྟོང་ལྔ་བརྒྱ་བོད་དུ་འབྱོར་བ་དང་། འང་ལུམ་སྦྱར་གསུམ་གཙོས་པའི་དཔོན་རིགས་ཉེར་གཅིག་ཉིན་གཅིག་ལ་སྐེ་བཅད། ས་སྤྲེལ་སྤྱི་ལོ་1728ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཡབ་སྲས་རྣམས་ཁམས་མགར་ཐན་དགོན་དུ་བཏང་། །
10 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་པ། ཕོ་ལྷ་བསོད་ནམས་སྟོབས་རྒྱལ། མན་ཇུ་གོང་མས་བོད་ཀྱི་ས་གནས་ཁག་བགོས་བཏང་། བོད་ཀྱི་སྲིད་སྐྱོང་གི་ལས་རོགས་རྒྱ་ཨམ་བན་མངགས་དགོས་པའི་ལུགས་སྲོལ་བཙུགས། ས་བྱ་སྤྱི་ལོ་1729ལོར་སྡེ་དགེའི་བཀའ་འགྱུར་གྱི་ཤིང་སྤར་བརྐོ་རྒྱུའི་འགོ་བཙུགས། ལྕགས་ཁྱི་སྤྱི་ལོ་1730ལོར་ཕོ་ལྷ་བ་རང་གིས་སྦྱིན་བདག་གནང་སྟེ་རྒྱལ་བའི་བཀའ་བསྟན་ཤིང་འཕྲོ་ཅན་དེ་ཡོངས་སུ་འགྲུབ་པའི་ལས་འགོ་བརྩམས། སྤར་ཤིང་གྲུབ་རྗེས་སྣར་ཐང་དུ་བཞུགས་སུ་གསོལ། ལྕགས་ཕག་སྤྱི་ལོ་1731ལོར་ཙམ་ན་བོད་འབྲུག་བར་འཁྲུག་པ་བྱུང་བ་ཀརྨ་པ་དང་། ས་སྐྱ་པ། པཎ་ཆེན་རིན་པོ་ཆེ་བཅས་ཀྱི་སྐུ་ཚབས་གཏོང་ནས་ཆིངས་འདུམ་ལེགས་འགྲིགས་བྱུང་། ཆུ་གླང་སྤྱི་ལོ་1733ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གཅུང་མོ་ཚེ་རིང་སྡེ་དགེའི་སྲས་དབང་ཆེན་མགོན་པོའི་ཁབ་ཏུ་ཕྱིན། ཤིང་ཡོས་སྤྱི་ལོ་1735ལོའི་ཟླ་བ་7པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དབུས་སུ་ཕེབས། མེ་ཡོས་སྤྱི་ལོ་1747ལོར་ཕོ་ལྷ་བ་གཉན་འབྲུམ་གྱིས་གྲོངས། །
11 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་གཅིག་པ། འགྱུར་མེད་རྣམ་རྒྱལ། མེ་ཡོས་སྤྱི་ལོ་1747ལོར་ཡབ་གྲོངས་པ་དང་བོད་ཀྱི་སྲིད་སྐྱོང་གི་ཁྲི་ལ་འཁོད། ལོ་དེར་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་དང་། རྒྱ་ནག་གི་དམག་དཔུང་བར་ལོ་ངོ་གསུམ་ལ་དམག་འཁྲུག་བརྒྱབ། སྲིད་སྐྱོང་འགྱུར་མེད་རྣམ་རྒྱལ་གྱིས་སྐྱེས་རབས་དཔག་བསམ་འཁྲི་ཤིང་སྨན་ལུགས་རི་མོའི་ཤིང་སྤར་དང་། གནས་བརྟན་བཅུ་དྲུག་གི་ཤིང་སྤར་བཅས་བསྒྲུབས། དགའ་ལྡན་གསང་ཕུའི་འདུ་ཁང་རྒྱ་བསྐྱེད། ས་སྦྲུལ་སྤྱི་ལོ་1749ལོར་ལྷ་ས་བཅའ་སྡོད་ཀྱི་རྒྱ་དམག་ཉུང་འཕྲི་དགོས་པའི་ཞུ་དོན་ལྟར་རྒྱ་ནག་གོང་མས་དམག་དཔུང་ཁག་གཅིག་ཕྱིར་འཐེན་བྱས། འོན་ཀྱང་བོད་སྡོད་ཨམ་བན་དང་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་སྟབས་བོད་དུ་ཆིང་གོང་མའི་དམག་དཔུང་འཇོག་རྒྱུར་མ་འདོད་པའི་རྣམ་འགྱུར་སྟོན། ལྕགས་རྟ་སྤྱི་ལོ་1750ལོའི་བོད་ཟླ་10པའི་ཚེས་13ཉིན་བོད་སྡོད་རྒྱ་དཔོན་ཏཱ་ཞིན་གཉིས་ཀྱིས་ཝང་འགྱུར་མེད་རྣམ་རྒྱལ་གཡོ་ཐབས་ཀྱིས་ཁྲོམ་གཟིགས་ཁང་དུ་བོས་ནས་བསད། གོང་མའི་བཀའི་ཁྲིམས་ཆད་ཡིན་ཚུལ་དྲིལ་བསྒྲགས། མདུན་བློན་བློ་བཟང་བཀྲ་ཤིས་སོགས་ཝང་འགྱུར་མེད་རྣམ་རྒྱལ་གྱིས་རྗེས་འབྲང་པ་རྣམས་ཀྱིས་རྒྱ་དཔོན་ཏཱ་ཞིན་གཉིས་སོགས་རྒྱ་དམག་གཉིས་བརྒྱ་ཙམ་ཉིན་གཅིག་ལ་བསད་པར་གྲགས། །
12 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་གཉིས་པ། སླར་ཡང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ། 1750ལོའི་ཟླ་བ་བཅུ་གཉིས་པར་རྒྱ་ཨམ་བན་པན་ཏིས་དམག་མི་ལྔ་བརྒྱ་དང་བཅས་བོད་དུ་འབྱོར། ཨམ་བན་བསད་མཁན་མི་བཅུ་གཉིས་བསད། མི་མང་པོ་བཙོན་དུ་བཅུགབོད་ཀྱི་སྲིད་དབང་རྒྱལ་བ་བསྐལ་བཟང་རྒྱ་མཚོས་བསྐྱངས། ལྕགས་ལུག་སྤྱི་ལོ་1750ལོར་བཀའ་ཤག་སྲིད་གཞུང་དངོས་སུ་བཙུགས། བཀའ་བློན་བཞི་བསྐོས་པར། གུང་པཎྜི་ཏ། ཛ་སག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཛ་སག་ཐོན་པ་སྲི་གཅོད་ཚེ་བརྟན་བཅས་བཀའ་བློན་སྐྱ་བོ་གསུམ་དང་། ཉི་མ་རྒྱལ་མཚན་ལ་ཛ་སག་བླ་མའི་ཆོ་ལོ་བསྩལ་ཏེ་བཀའ་བློན་སེར་སྐྱ་བཞི་བསྐོས། བོད་ཀྱི་སྲིད་སྐྱོང་རྩ་འཛིན་དོན་ཚན་བཅུ་གསུམ་གཏན་འབེབས་གནང་། ལ་དྭགས་རྒྱལ་བློན་མ་མཐུན་པའི་ཆིངས་འདུམ་དུ་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་བཏང་། ཤིང་ཁྱི་སྤྱི་ལོ་1754ལོར་རྩེ་རིག་གནས་སློབ་གྲྭ་བཙུགས། ཤིང་ཕག་སྤྱི་ལོ་1755ལོར་སྐུ་ལ་སྙུང་གཞི་བཞེས་པས་སྐུ་ཁྲུས་རྒྱུན་བཞེས་ཀྱི་ཆེད་དུ་ནོར་བུ་གླིང་ཁར་བཞུགས་སྒར་བཏབ། མེ་གླང་སྤྱི་ལོ་1757ལོར་སྐུ་གཤེགས། །
དེ་མོ་བདེ་ལེགས་རྒྱ་མཚོ་དང་། །
པཎ་ཆེན་བསྟན་པའི་ཉི་མ་དང་། །
13 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་གསུམ་པ། དེ་མོ་བདེ་ལེགས་རྒྱ་མཚོ། མེ་གླང་སྤྱི་ལོ་1757ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་གཤེགས་པ་དང་སྲིད་སྐྱོང་གི་ཁྲི་ལ་བསྐོས། སྤྱི་ལོ་1762ལོར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ཁྲི་འདོན་མཛད། སྤྱི་ལོ་1771ལོར་རྒྱལ་རོང་ཚ་ཁོ་རབ་བརྟན་རྒྱལ་པོ་དང་། རྒྱ་ནག་བར་དམག་འཁྲུག་ལངས། ལོ་བཞིའི་རིང་འཁྲུགས་རྗེས། སྤྱི་ལོ་1774ལོར་རྒྱལ་རོང་དང་རྒྱའི་བར་འདུམ་གཏམ་མཁན་སི་ཏུ་ཆོས་འབྱུང་གདན་ཞུས་པ་རྒྱའི་བང་མི་དཔལ་སྤུངས་སུ་སླེབས། མེ་བྱ་སྤྱི་ལོ་1777ལོར་དེ་མོ་སྐུ་གཤེགས། །
14 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་བཞི་པ། ཚེ་སྨོན་གླིང་པ་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས།མེ་བྱ་སྤྱི་ལོ་1777ལོར་ཤར་རྩེའི་མཁན་པོ་སྲིད་སྐྱོང་གི་ཁྲི་བསྐོས། ཅོ་ནེ་ངག་དབང་ཚུལ་ཁྲིམས་ནི་མདོ་སྨད་ཅོ་ནེ་དུ་འཁྲུངས། གཞོན་ནུའི་སྐབས་བར་ཁམས་བརྒྱུད་ཨ་ཅོ་རྡོག་ཁྲེས་བསྣམ་ནས་བོད་དུ་ཕེབས། སེར་སྨད་གྲྭ་ཚང་དུ་སྒྲིག་གཞུག་གནང་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་ཏེ་རིམ་བཞིན་མཁས་པ་ཆེན་པོར་གྱུར། དེ་ནས་རྒྱུད་སྟོད་དུ་ཕེབས་ཤིང་མདོ་སྔགས་ཡོངས་རྫོགས་ཀྱི་བཤེས་གཉེན་དུ་གྱུར་ནས། རྒྱུད་པ་མཁན་པོའི་སྐབས་སུ་རྒྱ་ཕྱོགས་སུ་ཕེབས་དགོས་བྱུང་བས། ཤར་རྩེ་མཁན་པོའི་ཁྲི་འདོན་ཙམ་མཛད་ནས་པེ་ཅིང་དུ་ཕེབས། ཡུང་ཧྭ་དགོན་གྱི་མཁན་པོ་ལོ་བརྒྱད་དགུ་ཙམ་མཛད་རྗེས་བོད་ཀྱི་ལས་དོན་དུ་ཕེབས་ནས་སྲིད་སྐྱོང་གི་ཁྲི་ལ་བཞུགས། སྤྱི་ལོ་1781ལོར་སྲིད་ཟུར་མཛད། ལོ་ཤས་རྗེས་སུ་ཕྱིར་པེ་ཅིང་དུ་ཕེབས་ནས་གོང་མའི་དབུ་བླར་བཞུགས། །
15 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་བཅོ་ལྔ་པ། རྒྱལ་བ་འཇམ་དཔལ་རྒྱ་མཚོ། ལྕགས་གླང་སྤྱི་ལོ་1781ལོར་གོང་མ་ཆེན་པོའི་བཀའ་ལུང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཁྲིར་འཁོད། སྐབས་འདིར་གོར་བོད་འཁྲུག་པས་ཟིང་རྙོང་ཆེ་སྟབས་སྤྱི་ལོ་1790ལོར་སྲིད་ཟུར་ངག་དབང་ཚུལ་ཁྲིམས་པེ་ཅིང་ནས་ཕྱིར་བོད་དུ་ཏཱ་ལའི་བླའི་ཕྱག་རོགས་བཏང་ཡང་ལོ་གཅིག་ཙམ་བཞུགས་རྗེས་སྐུ་གཤེགས། དེ་ནས་རྟ་ཚག་བསྟན་པའི་མགོན་པོ་སྲིད་སྐྱོང་ལས་རོགས་སུ་བསྐོ་བཞག་གནང་། སྤྱི་ལོ་1792ལོར་གསེར་བུམ་དཀྲུག་ནས་ཡང་འདེམས་བསྒྲུབ་བྱ་ཐབས་སོགས་སྒྲིག་ཡིག་དོན་ཚན་ཉེར་དགུ་ཅན་གཏན་འབེབས་བྱས། ས་ལུག་ལོ་སྟེ་སྤྱི་ལོ་1799ལོར་ཉག་སྐེད་མགོན་པོ་རྣམ་རྒྱལ་འཁྲུངས། ཤིང་བྱི་ལོ་སྟེ་སྤྱི་ལོ་1804ལོར་སྐུ་གཤེགས། །
16 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་དྲུག་པ། རྟ་ཚག་བསྟན་པའི་མགོན་པོ། ཤིང་བྱི་སྤྱི་ལོ་1804ལོར་སྲིད་སྐྱོང་གི་ཁྲིར་བསྐོས། ས་འབྲུག་སྤྱི་ལོ་1808ལོར་རྒྱལ་བ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་དང་ཁྲི་འདོན་སོགས་ཐུགས་འགན་བཞེས། ལྕགས་རྟ་ལོ་སྟེ་སྤྱི་ལོ་1810ལོར་ཕོ་བྲང་པོ་ཏ་ལ་ཉམས་གསོ་གནང་།(སྤྱི་ལོ་1811ལོར།)ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་30ཉིན་སྐུ་གཤེགས། །
17 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་བདུན་པ། དེ་མོ་འཇིགས་མེད་རྒྱ་མཚོ། ལྕགས་ལུགས་སྤྱི་ལོ་1811ལོར་སྲིད་སྐྱོང་གི་ཁྲི་ལ་བསྐོས། སྤྱི་ལོ་1815ལོར་རྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་དགུང་ལོ་བཅུ་གཅིག་པར་གློ་བུར་དུ་སྐུ་གཤེགས། རྒྱལ་བའི་ཡང་སྲིད་བརྩད་འཚོལ་བྱེད་བཞིན་པའི་སྐབས་སུ་ས་ཡོས་སྤྱི་ལོ་1819ལོའི་ཟླ་བ་གསུམ་པར་སྲིད་སྐྱོང་འཇིགས་མེད་རྒྱ་མཚོ་གློ་བུར་སྐུ་གཤེགས། །
18 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅོ་བརྒྱད་པ། ཚེ་སྨོན་གླིང་པ་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས། ས་ཡོས་སྤྱི་ལོ་1819ལོར་སྲིད་སྐྱོང་གི་ཁྲིར་བསྐོས། ཆུ་རྟ་སྤྱི་ལོ་1822ལོར་རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་གསེར་བུམ་དཀྲུག་ནས་བདམས། སྤྱི་ལོ་1837ལོར་ཏཱ་ལའི་སྐུ་ཕྲེང་བཅུ་པ་གློ་བུར་དུ་སྐུ་གཤེགས། སྤྱི་ལོ་1841ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་ཡང་སྲིད་མཁས་གྲུབ་རྒྱ་མཚོ་གསེར་བུམ་དཀྲུགས་ནས་གདམས། 1844ལོར་བོད་དཔོན་རིགས་རྣམས་ནང་འགལ་ཚབས་ཆེན་བྱུང་བས་ཚེ་སྨོན་གླིང་པ་སྲིད་སྐྱོང་གནས་དབྱུངས་བཏང་ཞིང་སྒོས་གཞིས་གཞུང་བཞེས་བྱས། །
19 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་དགུ་པ།
རྟ་ཚག་དཔལ་ལྡན་ཡེ་ཤེས་དང་། །
20 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་ཉི་ཤུ་པ། རྭ་སྒྲེང་ངག་དབང་ཡེ་ཤེས།ཤིང་སྦྲུལ་སྤྱི་ལོ་1845ལོར་སྲིད་སྐྱོང་གི་ཁྲི་ལ་བསྐོས། སྤྱི་ལོ་1847ལོར་བྲག་གཡབ་ཆེ་ཚང་སྤྲུལ་སྐུ་དང་། ཆུང་ཚང་སྤྲུལ་སྐུ་གཉིས་མ་མཐུན་པའི་ཞིབ་དཔྱད་དུ་བཀའ་བློན་བཤད་སྒྲ་དབང་ཕྱུག་ཁམས་ཕྱོགས་སུ་ཕེབས། སྡེ་དགེའི་གཉེར་ཆེན་དགེ་ལེགས་བར་འདུམ་བྱེད་སར་བཏང་། སྤྱི་ལོ་1849ལོར་ཉག་སྐེད་བུ་ལོང་མས་ཉག་སྡེ་ཡོངས་རྫོགས་དབང་དུ་བསྡུས། སྤྱི་ལོ་1855ལོར་གོང་མའི་བཀ་བཞིན་རྭ་སྒྲེང་སྲིད་ཟུར་གནང་། །
21 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་གཅིག་པ། རྒྱལ་བ་མཁས་གྲུབ་རྒྱ་མཚོ། སྤྱི་ལོ་1855ལོར་རྒྱ་ནག་གོང་མ་ཤན་ཧྥང་གི་བཀའ་བཞིན་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ཡོངས་རྫོགས་བཞེས་ཀྱང་། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་གློ་བུར་དུ་སྐུ་གཤེགས། །
22 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་གཉིས་པ། རྒྱལ་བ་རིན་པོ་ཆེ་གློ་བུར་སྐུ་གཤེགས་པ་དང་། རྭ་སྒྲེང་ངག་དབང་ཡེ་ཤེས་ཀྱིས་སླར་ཡང་སྲིད་དབང་བཟུང་། ཐེངས་གཉིས་སྲིད་སྐྱོང་སྐབས་སུ་སྐུ་དབང་ཆེ་དྲག་པ་དང་། སྲིད་ཐམ་སྒེར་བདག་བྱས་སྟབས་བཀའ་ཤག་ནས་སྲིད་ཐམ་བཀའ་ཤག་གིས་བདག་དགོས་ཚུལ་གྲོས་འགོ་བཏོན་པས། སྲིད་བློན་བཤད་སྒྲ་དབང་ཕྱུག་རྒྱལ་པོ་གནས་དབྱུངས་བཏང་། དགའ་ལྡན་ཤར་རྩེའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་ཀྱིས་བཤད་སྒྲའི་རྒྱབ་རྩ་བྱས་ཏེ་རྭ་སྒྲེང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཆུ་ཁྱི་སྤྱི་ལོ་1862ལོར་དགའ་ལྡན་དང་། འབྲས་སྤུངས་གཉིས་ཀྱི་གྲྭ་དམག་གིས་རྭ་སྒྲེང་ལ་གྱེན་ལོག་བྱས་པས་རྭ་སྒྲེང་སྲིད་ཐམ་ཁྱེར་ནས་པེ་ཅིན་དུ་བྲོས། བཤད་སྒྲ་བ་སྲིད་སྐྱོང་གི་ཁྲིར་འཁོད། བཀའ་བློན་བཤད་སྒྲ་བ་གནས་དབྱུངས་བཏང་། དགའ་ལྡན་ཕྱག་མཛོད་ཀྱིས་བཤད་སྒྲ་བའི་རྒྱབ་རྩ་བྱས་ཏེ་རྭ་སྒྲེང་ལ་གྱེན་ལོག་བྱ་རྒྱུའི་འཆར་གཞི་བཟོས། དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱིས་གྲྭ་དམག་གིས་རྭ་སྒྲེང་ལ་ངོ་རྒོལ་བྱས། རྭ་སྒྲེང་སྲིད་ཐམ་ཁྱེར་ནས་པེ་ཅིན་དུ་བྲོས་བྱོལ་ཕེབས། །
23 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་གསུམ་པ། བཤད་སྒྲ་དབང་ཕྱུག་རྒྱལ་པོ། ཆུ་ཁྱི་སྤྱི་ལོ་1862ལོར་བཤད་སྒྲ་དབང་ཕྱུག་རྒྱལ་པོ་སྲིད་སྐྱོང་གི་ཁྲིར་འཁོད། སྤྱི་ལོ་1863ལོར་ཉག་དམག་གིས་སྡེ་དགེ་བཟུང་ཞིང་སྡེ་དགེའི་མ་སྲས་རྣམས་འཛིན་བཟུང་བྱས་པ་དང་། ལོ་དེར་བཀའ་བློན་ཕུ་ལུང་བ་ཚེ་དབང་རྡོ་རྗེས་དམག་དཔུང་ཁྲིད་དེ་ཉག་ཁོག་ཏུ་ཆས། ཤིང་བྱི་སྤྱི་ལོ་1864ལོའི་ཟླ་བ་བརྒྱད་པར་སྐུ་གཤེགས། །
24 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་བཅུ་ཉེར་བཞི་པ། སྡེ་དྲུག་མཁྱེན་རབ་དབང་ཕྱུག ཤིང་བྱི་ལོ་སྟེ་སྤྱི་ལོ་1864ལོར་སྲིད་སྐྱོང་གི་ཁྲི་ལ་འཁོད། ཤིང་གླང་སྤྱི་ལོ་1865ལོར་ཉག་ཁོག་ཏུ་མདོ་སྨད་སྤྱི་ཁྱབ་བཙུགས། སྤྱི་ལོ་1871ལོར་མདོ་སྤྱི་ཕུན་རབ་པས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་བཟོ་བའི་ཆེད་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཉག་རོང་ལ་འོང་དགོས་པའི་བཀའ་ཡིག་བཏང་། ཆུ་སྤྲེལ་སྤྱི་ལོ་1872ལོར་སྡེ་དྲུག་མཁྱེན་རབ་དབང་ཕྱུག་སྐུ་གཤེགས། །
25 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་ལྔ་པ། རྒྱལ་བ་འཕྲིན་ལས་རྒྱ་མཚོ། ཆུ་སྤྲེལ་སྤྱི་ལོ་1872ལོར་ཆོས་སྲིད་གཉིས་ཀྱི་ཁྲི་ལ་འཁོད། ཤིང་ཕག་སྤྱི་ལོ་1875ལོར་དབུས་ནས་མདོ་སྤྱི་ཕུན་རབ་པ་ལ་བཀའ་ཏེ་ཁོང་སྤྲུལ་རིན་པོ་ཆེ་ལྷ་སར་དངུར་ཆུ་བཙོ་བཀྲུ་བཟོ་སར་ཡོང་དགོས་པའི་བཀའ་ཕེབས་ཐོབ། དགོངས་ཞུས་བྱས་ཀྱང་གནང་བ་ཐོབ་ཐབས་མེད་པར་ཕྱོགས་པའི་སྐབས་དེར་ཟླ་བ་གསུམ་པའི་ཚེས་20ཉིན་རྒྱལ་བ་རིན་པོ་ཆེ་གློ་བུར་དགོངས་པ་རྫོགས། དབུས་སུ་དངུལ་ཆུ་བཙོ་བཀྲུའི་ཕྱག་ལེན་སྤེལ་འཆར་མ་འགྲུབ། དེ་མཚམས་ཟླ་ཤས་རིང་བོད་ཀྱི་སྲིད་དོན་བཀའ་ཤག་གིས་འགན་བཞེས། །
26 དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་ཉེར་དྲུག་པ། རྟ་ཚག་ངག་དབང་དཔལ་ལྡན། ཤིང་ཕག་སྤྱི་ལོ་1875ལོར་སྲིད་སྐྱོང་གི་ཁྲིར་འཁོད། སྤྱི་ལོ་1878ལོར་པཎ་ཆེན་རིན་པོ་ཆེའི་ཐུགས་དམ་དང་། སྲུང་མ་གནས་ཆུང་གི་ལུང་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་ཡང་སྲིད་ངོས་འཛིན། མཚན་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། མེ་ཁྱི་སྤྱི་ལོ་1886ལོའི་ཟླ་བ་བཞི་པར་རྟ་ཚག་ངག་དབང་དཔལ་ལྡན་སྐུ་གཤེགས། །