ནད་ཁང་སྒོ་རྟགས་དྲུག་པ་ནི་སྨན་ཁང་གི་ཐོག་ཁང་དང་པོའི་མདུན་དུ་ཡོད། ནད་གཡོག་མ་བདེ་མཚོ་ནི་རྫོང་བོད་སྨན་ཁང་གི་ནད་གཡོག་མ་གཅིག་པུ་ཡིན། ལོ་དེར། ང་ཡང་ཏག་ཏག་རྗོང་སྤྱི་བདེ་ཅུས་སུ་ལས་བགོས་བྱས། སྟོན་མཇུག་ནས་བཟུང་ང་རང་རྫོང་སྤྱི་བདེ་ཅུས་སུ་བྱ་བའི་ལས་གནས་ལ་ཞུགས་པ་ཡིན། དེ་ནི་ང་རང་གི་དགའ་ཕྱོགས་ལྟར་སོང་བ་ཞིག་མིན་པར་མ་ཟད། ངའི་ཆེད་ལས་དང་ཡང་འབྲེལ་བ་སྤུ་ཙམ་ཡང་མེད། དེ་ནི་སུ་ཞིག་གིས་བཀོད་སྒྲིག་བྱས་པ་ཆ་མ་འཚལ། ཅི་ཡིན་འདི་ཡིན་མེད་པར་རྫོང་སྤྱི་བདེ་ཅུས་ཀྱི་ལས་བཟོ་བ་དཀྱུས་མ་ཞིག་གི་འགན་འཁྲི་ངའི་ཕྲག་སྟེང་དུ་བབས།
ལོ་དེ་ནི༡༩༩༠ལོའི་སྟོན་མཇུག་ཡིན། སྟོན་རླུང་གིས་སྲང་ལམ་གྱི་འགྲམ་དུ་བཙུགས་པའི་དབྱར་སྡོང་གི་ལོ་མར་རྡེག་ཅིང་། ལོ་མས་བར་སྣང་ལ་རྡེག་བཞིན་མཁའ་དབྱིངས་སུ་བར་མེད་དུ་ལྡིང་སྐོར་རྒྱག ཁྲོམ་སྲང་གི་གད་སྙིགས་དང་ས་རྡུལ་གྱིས་སྦགས་པའི་བྱ་དངོས་སྣ་ཚོགས་དང་། ཚོང་ཟོག་ཉོ་འཚོང་གི་ལས་ལ་བྲེལ་བཞིན་པའི་ཁེ་པ་ཁ་ཡག་ཚོ། ཡོད་ཚད་སྐྱི་བསེར་གྱིས་བདས་པའི་ས་རྡུལ་གྱི་ཞིང་ཁམས་ཤིག་ལས་མ་འདས་པར་སྐྱ་ཐིང་ངེར་སྣང་། རས་ལྷན་རེ་ཡིས་ཁ་སྣ་གཅུད་ནས་རྒྱ་ལམ་གྱི་ཕར་ཁར་བརྒལ་གྱིན་པའི་ལམ་འགྲོ་བའི་ཚོགས། འདི་དག་གི་བར་གསེང་ཞིག་ནས་ངས་རིན་གོང་བདེ་བའི་གླ་གཏོང་རྐང་གསུམ་འཁོར་ལོ་ཞིག་གླས་ནས་གནས་སྐབས་ཀྱི་སྡོད་གནས་ཤིག་འཚོལ་དུ་ཕྱིན་པ་ཡིན། རྫོང་གི་ཉེ་འགྲམ་དུ་མཐའ་བ་གོང་མ་ཟེར་བའི་གྲོང་སྡེ་ཆུང་ཆུང་ཞིག་ཡོད། གྲོང་སྡེ་དེར་དུད་ཁྱིམ་བཞི་བཅུ་ལྷག་ཡོད་ཅིང་། དེ་ནི་ཉི་མ་བླ་བྲང་དུ་འབོད་པའི་ཆོས་སྡེ་ཆེན་པོ་དེའི་ནུབ་བྱང་གི་མཚམས་སུ་འཇམ་ཅག་གེར་གནས་ཡོད། གྲོང་སྡེ་དེར་མི་སྐད་ཅིག་ལྟ་ཞོག ཐ་ན་ཁྱི་སྐད་ཅིག་ཀྱང་ཐོས་རྒྱུ་མེད། ས་ཁང་བཞི་བཅུ་ལྷག་ལ་ཉེ་བ་ཞིག་གཡའ་ལེབ་ཀྱི་བང་རིམ་བརྩེགས་པ་ནང་བཞིན་གཅིག་གིས་གཅིག་ལ་བསྙེས་ཏེ་གཞིས་ཆགས་ཡོད་པ་ཐག་རིང་ཞིག་ནས་མཐོང་ཐུབ་པ་ནི། ཆུང་ལ་སྒོར་སྒོར་དུ་སྣང་བའི་རྒྱ་སྒོ། མཁའ་རླུང་དང་ལྕགས་རིགས་ཀྱི་འཕྲད་སྦྱོར་ལས་བྱུང་བའི་བཙའ་རྩིའི་རི་མོ། རྙིང་ཧྲུལ་དུ་སོང་བའི་སྨྱུག་ཤིང་གི་སློ་མ་དང་རྒྱ་སླེ། འཇག་རྩྭས་ཁེབས་པའི་ཁང་ཀླད། ས་རྡུལ་དང་བྱེའུ་ཚོགས་ཀྱི་གནས་མལ་དུ་ཆགས་པའི་བྱ་འདབ་ཀྱི་གདུང་ཤིང་སོགས་ཡིན།
ཉིན་གུང་ཉི་མ་ལྷོ་རུ་གནས། ཉི་ཐིག་གི་འོད་སྣང་དེ་ཁ་མདོག་ལད་པའི་བསང་ཆུའི་གཞུང་ལ་འཕྲོས་ཡོང་། བསང་གཞུང་གི་སྒྲུབ་སྡེ་ལས་མཆེད་པའི་ཆོས་སྐད་ཀྱི་དབྱངས་སྙན་གྱིས་ངའི་ཡིད་ཀྱི་དུངས་པ་དྲངས་ཏེ་གྲོང་སྡེ་དེའི་འདབས་སུ་ཐོན་པ་ཡང་མ་ཚོར། ལམ་གྱི་འདྲེས་མདོར་སླེབས་དུས། གཞོན་ནུ་མ་ཞིག་ལམ་འགྲམ་གྱི་རྡོ་ཕ་བོང་ཞིག་གི་སྟེང་དུ་བཙོག་ནས་བསྡད་འདུག གཞོན་ནུ་མ་དེས་གོ་རེ་ཅོང་རྡོག་ཅིག་ལ་སོ་འདེབས་ཞོར་ང་སྡོད་སའི་རྐང་གསུམ་འཁོར་ལོ་དེར་ལག་པ་གཡུགས་གཡུགས་བྱེད། སྟོན་རླུང་གིས་མོའི་སྐྲ་ལོ་གཟེངས་གཟེངས་ཤིག་ཏུ་བཏང་མོད། མོས་འཛེམ་དོགས་ཅི་ཡང་མེད་པར་གོ་རེ་ཅོང་རྡོག་དེ་ལ་རྨུགས། ངས་ཐོག་དང་པོར་གྲོང་སྡེའི་ནང་དུ་སློང་མོར་ཕྱིན་པའི་སྤྲང་མོ་ཞིག་ལ་འཁྲུལ་བའི་མོ་རང་གཞི་ནས་ང་སྡོད་སའི་རྐང་གསུམ་འཁོར་ལོ་དེ་རུ་བསྡད་བྱུང་། མོས་ངག་ནས་ཅི་ཞིག་བཤད་ཀྱིན་ཡོད་མོད། ངའི་རྣ་ལམ་དུ་གྲག་གིན་པ་ནི་ལམ་ནང་གི་རྡེའུ་ཟེགས་ཀྱིས་གླ་གཏོང་རྐང་གསུམ་གྱི་འཁོར་སྒམ་ངོས་སུ་རྡེག་བཞིན་པའི“ཙག་སྒྲ”དང“ཚག་སྒྲ”འབའ་ཞིག་ལས་མ་མཆིས།
གཞོན་ནུ་མ་དེ་ནི་དཔལ་དོན་གྲུབ་རྒྱལ་གྱི་《ཤ་དང་རུས་པའི་བརྩེ་དུང》གི་ཁྲོད་ཀྱི་ཨ་ཁུ་ལྷ་བཟོ་ནང་བཞིན་རྐང་པ་དེ་འདྲའི་ཐང་པོ་མེད། ཡིན་ན་ཡང་། མོས་ཁུར་བོ་ཆུང་ཆུང་དེ་ཚེགས་ཡང་མོས་རྐང་གསུམ་དུ་བཞག་ཅིང་། མོ་རང་ཉིད་ཀྱང་བདེ་ལྕག་འཁྱུག་པོའི་སྒོ་ནས་རྐང་གསུམ་གྱི་ཟུར་ངོས་ཤིག་ལ་ཁེན་ནས་བསྡད་བྱུང་། དང་ཐོག་མོས་ཅི་ཡང་མི་བཤད་པར་རྐང་གསུམ་དེའི་གྲུ་ཟུར་ཞིག་ནས་ཉམ་ཆུང་གིས་བསྡད། དེ་ནས་ཡུད་ཙམ་སོང་རྗེས། ངའི་གམ་གྱི་ཁྲེས་པོ་དེ་ལ་མིག་གིས་ལྟ་ཙམ་བྱེད། ངས་མོར་མིག་གིས་ལྟ་ཙམ་བྱེད་དུས་མོས་ཀྱང་ང་ལ་ཚུར་བལྟས་བྱུང་། གཞོན་ནུ་མ་དེས་ང་ལ་འཛུམ་མདངས་ཤིག་བསྟན། མོའི་དཀར་ཞིང་སྒོར་བའི་ངོ་གདོང་དང་དཀྱུས་རིང་བའི་སྨིན་མ། ད་དུང་རིག་རིག་ཏུ་རྒོད་པའི་མིག་ཟུང་། སྣའི་གཟེངས་མཐོ་ཞིང་སོ་རྐང་གི་གྲལ་འགྲིག་པ། སྣའི་འོག་གི་སྲབ་ཅིང་དམར་མདངས་ཆགས་པའི་མཆུ་སྒྲོས། འདི་དག་ཡོད་ཚད་ཇི་འདྲའི་ཆ་འགྲིག་ཅིང་མཛེས་རྩལ་མཁན་གྱིས་པུར་རྩེ་ལས་ཐོན་པའི་ཨ་ཅེ་མཛེས་མ་དག་དང་ཁྱད་པར་ཅི་ཡང་མ་མཆིས། མོའི་དགོད་ཁ་ཤོར་བའི་ངོ་གདོང་དེ་མཐོང་མ་ཉིད་དུ་སུ་ལ་ཡང་སྤྲོ་སྣང་ཁྱད་པར་བ་ཞིག་སྟེར་ངེས་ཡིན།
ཤེས་མིན་ཚོར་མིན་གྱིས་གྲོང་སྡེའི་རུ་མདོ་རུ་སླེབས་བྱུང་། གཞོན་ནུ་མ་དེ་དལ་མོར་རྐང་གསུམ་འཁོར་ལོ་ལས་ཐང་ལ་བབས། མོ་ཅུང་དོགས་མི་བདེ་བའི་ངང་ནས་ཁྲེས་པོ་དག་རྐང་གསུམ་ལས་མགྱོགས་མོར་ས་ལ་བཞག ཕར་བལྟས་ཚོད་ཀྱིས་མོའི་གདོང་ལ་འགྱོད་གདུང་དང་ཐེ་ཚོམ་གྱི་ཉམས་ཤིག་མངོན་ཆུང་གིས་ཤར་འདུག ཕྱིས་སུ་མོས་ཞེ་དལ་དལ་གྱིས་ང་ལ་གྲོགས་མོ་སྡེ་བ་འདིར་ཁང་གླ་གཏགས་ས་ཡོད་དམ་ཞེས་དྲིས་བྱུང་། ངས་ཀྱང་མཛུབ་མོས་རང་གི་རྡོག་ཁྲེས་ཀྱི་སྟེང་དུ་རི་མོ་ཞིག་འབྲི་ཁུལ་བྱེད་བཞིན་ང་ཡང་ས་འདི་ནས་མིན། ངས་ཀྱང་འདི་ནས་ཁང་བ་གོང་བདེ་ཞིག་གླ་བསམ་པ་ཡིན་ཞེས་ལན་བཏབ་པ་ན། གཞོན་ནུ་མ་དེར་སྔར་ན་མེད་པའི་རེ་བ་དང་ཡིད་ཆེས་ཤིག་གིས་བརྟས་ཤིང་། རང་བཞིན་གྱིས་འཛུམ་མདངས་རྣལ་མ་ཞིག་དང་བཅས་ཏེ་ང་དང་ཉེ་ས་ནས་ཉེ་སར་བཅར་བྱུང་། ཨ་ཙི། མོའི་ངོ་གདོང་ཧྲིལ་བོ་ནག་ཐིག་གིས་ཁྱབ་ཅིང་། དབྱིབས་མི་འདྲ་བའི་རྨ་ཤུལ་སྣ་ཚོགས་ཀྱིས་མོའི་ཐོད་པའི་སྟེང་གི་སྐྱི་པགས་ཀྱང་ལྟ་རིན་མེད་པ་ཞིག་ཏུ་བཟོས་འདུག མིག་ཟུང་སྒོར་ཞིང་བརྩེ་མདངས་ཀྱིས་ཕྱུག་པའི་གཞོན་ནུ་མ་དེའི་གམ་དུ་ཉེ་བར་བཅར་དུས། མོར་དུས་སུ་མ་རན་པའི་རྒས་གཉེར་གྱི་རི་མོས་ཡོངས་སུ་མནན་ནས་གཞོན་ཉམས་ཤིག་རྩ་བ་ནས་མཐོང་རྒྱུ་མ་བྱུང་། ལུས་ཀྱི་བ་སྤུའི་ཚོགས་ཀྱང་དབྱར་ཁའི་ཚ་གདུག་གི་ཀློང་ན་ཉི་འོད་ཀྱིས་གཙེས་པའི་རྩྭ་ལོའི་ཚོགས་དང་འདྲ་བར་མགོ་བོ་དུད་ནས་ཤུགས་རིང་འཐེན་བཞིན་པ་དང་གཉིས་སུ་མ་མཆིས། ཐག་རིང་གི་གྲིབ་གཟུགས་ཁྲོད་ཀྱི་མི་དེ་རང་ཉིད་ཀྱི་གམ་དུ་བཅར་མ་ཉིད་དུ། འགུལ་བཅས་དང་འགུལ་མེད། རབ་རིབ་དང་མག་མོག ཐག་རིང་དང་ཐག་ཉེ། ཕྲ་མོ་དང་རགས་མོ། གང་ལྟར་གཞོན་ནུ་མ་དེ་ཕུགས་བསམ་དང་རེ་ལྟོས་ཀྱི་ཆེད་དུ་གསོན་འདུག་པ་འདྲ། སེམས་ཀྱི་སྡུག་བསྔལ་གྱིས་ལུས་ཀྱི་བ་སྤུ་དང་སྐྱི་པགས་ཀྱང་བཅོམ། ལུས་པོ་རིད་ཅིང་། སྐམ་དྲགས་པའི་ལག་པའི་སྟེང་གི་རྩ་དཀར་ནག་གཉིས་ནི་པགས་པའི་གསེང་ན་གར་དུ་རྩེན་པའི་ལྦུ་བ་ཇི་བཞིན་ཡར་རྒྱུགས་མར་རྒྱུགས་བྱེད་པ་མཐོང་ཐུབ། གཞོན་ནུ་མ་དེས་མཉམ་དུ་འདུག་ས་ཞིག་བཙལ་བའི་རེ་བ་བྱེད་པའི་མིག་མདངས་ངའི་ཕྱོགས་སུ་ཡང་ནས་ཡང་དུ་གཏད་བྱུང་། ངས་མོའི་ལག་པ་ནས་འཇུས་ཤིང་ཐ་མར་མོར་འཐམས་པ་ནས་དམ་པོར་བསྡམས་པ་དེ་གློ་བུར་དུ་བྱུང་བའི་དོན་དག་ལས་ངས་བསམ་གཟས་ནི་མིན།
ཕལ་ཆེར་ས་སྲོས་སུ་སླེབས་ལ་ཉེ། གྲོང་ཚོ་ཧྲིལ་བོ་ཤིན་ཏུ་འཇམ་ཅག་གེར། ངེད་གཉིས་ཀྱིས་རང་རང་གི་རྡོག་ཁྲེས་རེ་རེ་ཁུར་ནས་ཉིན་གང་གི་རིང་ལ་སྡོད་གནས་གོང་བདེ་ཞིག་འཚོལ་ཏུ་ཕྱིན་པ་ཡིན། སྲང་གྱ་གེ་གྱོག་གེ་ཞིག་གི་ཕུ་ན་གད་པ་དམར་ལམ་མེར་བ་ཞིག་ངེད་གཉིས་ལ་ཕྱོགས་ནས་ཡོད། དེ་ནས་མདུན་དུ་ཕྱིན་པ་ན་ཁྱིམ་ཚང་ཞིག་གི་རྒྱ་སྒོ་མཐོང་བྱུང་། གྲོང་ཚོའི་ནང་གི་སྒོ་ཁྱི་ཁ་ཤས་ཀྱི་ཟུག་སྐད་མ་གཏོགས་ཅི་ཡང་ཐོས་རྒྱུ་མི་འདུག མདུན་དུ་སྲང་ལམ་ཞིག་ཡོད་པ་དེ་རུ་མི་ཞིག་ཟུར་གྱིས་སོང་ཡང་ཅུང་བཙིར་ཡོད་པ་ལྟ་བུའི་སྣང་བ་སྟེར། དེའི་སྲང་མདོ་ན་ཨ་ཡེ་རྒན་མོ་ཞིག་གིས་ཤིང་ལེབ་ཞིག་གི་སྟེང་དུ་ཁང་གླ་གཏགས་པ་ཞེས་པའི་བྱང་བུ་ཞིག་བཟུང་ནས་ལངས་འདུག་པ་མཐོང་།
མ་གཞི་དེ་ནི་ཁྱིམ་ཚང་ཞིག་གི་ཁྲམ་ར་རེད། འགྲོ་རོགས་གཞོན་ནུ་མ་དེའི་རྐང་པ་དེ་འདྲའི་ཐང་བོ་མེད་པས་ཡིན་ནམ་ཅི། མོའི་གདོང་ཧྲིལ་བོའི་རྔུལ་ཆུས་བརླན་ཅིང་སྐྲ་གསེང་གི་རླངས་པ་འཕྱུར་བའི་རྣམ་པ་ནི་དངོས་གནས་དབྱར་དྲུག་པའི་སྨུག་ཀློང་ན་རྒྱུ་བའི་བེའུ་ཆུང་བྲེ་ལོ་དང་གཉིས་སུ་མ་མཆིས། མོས་རྡོག་ཁྲེས་ཁུར་ནས་མདུན་དུ་བསྐྱོད་པའི་རྣམ་པ་དེ་མཐོང་མ་ཉིད་དུ་ངས་རང་དབང་མེད་པར་རྒྱའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཀྲུའུ་ཙི་ཆིན་གྱིས་བརྩམས་གནང་མཛད་པའི《 རྒྱབ་གཟུགས》 ཞེས་པའི་ཁྲོད་ཀྱི་ཨ་ཕ་ཚ་ལུ་མ་ཉོ་རུ་འགྲོ་སྐབས་ཀྱི་སྣང་བརྙན་དེ་ཡིད་ལ་འཁོར་འོང་། མ་གཞི་ནས་རྐང་པ་ཐང་པོ་མེད་པའི་ཁར་ཤིན་ཏུ་ལྕི་བའི་ཁྲེས་པོ་ཁུར་སྐབས་གོམ་པའི་འདེགས་འཇོག་དང་གདོང་གི་རྣམ་འགྱུར་དེ་ངས་མ་བཤད་ཀྱང་སུ་ལ་ཡང་སེམས་ཀྱི་ཕྱེད་ཀ་བསྒུལ་བའི་གཏམ་རྒྱུད་ཅིག་གི་སྣེ་མོ་སྟོན་ངེས་ཡིན། མོའི་གདོང་གི་རྔུལ་ཆུས་ལུས་ཀྱི་ལྭ་བ་བརླན་ཞིང་། ལྭ་བའི་སྟེང་གི་བརླན་བཤེར་གྱིས་རྒྱབ་ཀྱི་ཁྲེས་པོ་བརླན། འདི་ལྟར་སོང་སོང་བའི་ཐ་མར་ངེད་གཉིས་ཀྱིས་ཐ་བ་གོང་མ་ཟེར་བའི་གྲོང་ཚོ་དེ་ནས་འདུག་ས་ཞིག་རྙེད་སོང་།
མཚན་མོ་དེར། ངེད་གཉིས་ཀྱིས་གཞི་ནས་ཁྱིམ་ཚང་ཞིག་གི་རྒྱ་སྒོའི་སྒོ་རྩ་ནས་ཁང་བ་ཆུང་ཆུང་ཞིག་གླ་ཐུབ་པ་བྱུང་། ཁྱིམ་ཚང་དེར་ཁང་སྲུང་ཨ་ཡེ་རྒན་མོ་དེ་མ་གཏོགས་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག ཁོ་ར་ཁོར་ཡུག་ཀུན་ཏུ་ལྷིང་འཇགས་སེ། ཁང་བ་དེར་ཏག་ཏག་མི་གཉིས་མ་གཏོགས་མི་ཤོང་བའི་གྱན་གཅིག་ཅན་གྱི་ཁང་མིག་ཅིག་རེད་འདུག ཁང་མིག་དེར་ཡུན་རིང་ཞིག་ལ་འདུག་མཁན་མ་བྱུང་བ་འདྲ། ཤིང་གིས་བཟོས་པའི་དྲ་མ་དྲ་ཚག་གི་སྒོ་ཞིག་ཡོད་ལ། སྣམ་བུས་བཟོས་པའི་སྒོ་ཡོལ་རྙིང་བ་ཞིག་གྱེན་དུ་བསྣར་ཡོད། དེའི་སྟེང་དུ་ཆེ་ཆུང་མི་འདྲ་བའི་ལག་རྗེས་དུ་མས་ཁེངས་འདུག་ལ། ཤིང་གི་དྲ་མ་ཆུང་ཆུང་དེའི་མཐའ་འཁོར་ཀུན་ཏུ་སྡོམ་གྱི་དྲ་རྒྱ་འཐེན་འདུག བྱ་རྟུག་དང་རྗེས་ཤུལ་མང་པོ་ཞིག་དྲ་མའི་སྟེང་དུ་སྦྱར་བའི་ཤོག་དྲིལ་གྱི་སྟེང་དུ་སྤུངས་འདུག གྱང་ངོས་སུ་སྦྱར་བའི་ཤོག་ཁྲ་དེ་དག་ཡང་ཕྱིར་ལྷུང་ལ་ཁད་དུ་ཡོད། ཡུན་རིང་ལ་མི་མ་བསྡད་པས་ལན་པ་འདྲ། བརླན་དྲིས་ཁང་ཆུང་དེ་སྔར་ལས་ཐབས་ཆག་ཅིག་ཏུ་བཏང་འདུག དགའ་འོས་པ་ཞིག་ལ། ཁང་ཆུང་དེར་དཔེ་སྒྲོམ་ཆུང་ཆུང་ཞིག་ཡོད། དཔེ་སྒྲོམ་གྱི་སྟེང་དུ《 གངས་རྒྱན་ན་ཆུང་ཚགས་པར》གྱི་ཕྱེད་ཀ་ཞིག་ལ་རྩམ་རྡོག་ཟ་འཕྲོ་ཞིག་གཅུད་ནས་ལུས་ཡོད། ཁང་བ་ཆུང་ཆུང་དེར་སྔོན་ཆད་སུ་ཞིག་གིས་གནས་བཅས་ཡོད་པ་འདྲ། ཚགས་པར་ཕྱེད་ཙམ་དེ་སྣུམ་གྱིས་ཟིན་པར་མ་ཟད། རྩམ་པ་ཟ་འཕྲོ་དེ་ཡང་ཙི་གུས་བཏོག་ནས་ཚར་ལ་ཉེ། དཔེ་སྒྲོམ་སྒང་གི་ས་རྡུལ་ལས་ཙི་གུས་རྐང་རྗེས་ཕྱེད་ཙམ་རེ་དང་རྟུག་པ་རབ་རིབ་ཅིག་མཐོང་ཐུབ། གཞན་ད་དུང་གྱང་ཟུར་ཞིག་ཏུ་བཀལ་བའི་ཞག་སྒྲོན་རྙིང་བ་དེ་རུ་འབུ་མེ་ལྕེབས་ཀྱི་བེམ་པོས་བཀང་ཞིང་བལྟས་ཚོད་ཀྱིས་ངོ་མ་སྐྱི་གཡའ་བ་ཞིག་རེད།
གཞོན་ནུ་མ་དེས་སེམས་ཆུང་གིས་འབུ་རོ་དེ་དག་རེ་རེ་བཞིན་ཕྱིར་བླངས་རྗེས། སྣུམ་ཞགས་དང་ས་རྡུལ་གཞི་གཅིག་ཏུ་འདྲེས་པའི་ཞག་སྒྲོན་དེར་ག་ལེར་མེ་བསྒྲོན། སྒྲོན་འོད་འོག་གི་མིའི་གཟུགས་རིས། གཟིགས་རིས་ལས་མངོན་པའི་ལུས་ཀྱི་དབང་བོ་རེ་རེ། གཞོན་ནུ་མའི་དགོད་ཁ་ཤོར་བའི་མཛུམ་མདངས། འདི་དག་ཡོད་ཚད་ཀྱིས་ས་རྡུལ་གྱིས་ཁེངས་པའི་ཁང་བ་ཆུང་ཆུང་དེར་གསོན་ཤུགས་རྒྱས་སུ་བཅུག མོས་དགོད་ཞོར་དུ་ངའི་མིང་ལ་བདེ་མཚོ་ཟེར། ཕ་ཡུལ་རེབ་གོང་ནས་ཡིན། བསང་ཆུ་རྫོང་བོད་སྨན་ཁང་གི་ནད་གཡོག་མ་ཞིག་ཡིན། ཞེས་གསལ་བོར་ལབ་བྱུང་། མོས་རང་གི་ཁྲེས་པོ་དག་དལ་མོར་ཁ་འབྱེད་ཞོར་དངན་པ་ནར་ནར་ཞིག་འཐེན། ངས་ཀྱང་རང་གི་ཕ་ཡུལ་སོགས་གཅིག་གཅིག་གཉིས་གཉིས་བྱས་ཏེ་ནད་གཡོག་མ་བདེ་མཚོར་བཤད་པ་ཡིན། འདི་ལྟར་ནད་གཡོག་མ་བདེ་མཚོ་དང་ངེད་གཉིས་ཀྱིས་ཐ་བ་གོང་མའི་ཁྱིམ་ཚང་ཞིག་གི་སྒོ་རྩ་ནས་འཚོ་བ་གསར་བ་ཞིག་གི་མགོ་རྩོམ་དགོས་བྱུང་།
རྫོང་བོད་སྨན་ཁང་དང་རྫོང་སྤྱི་བདེ་ཅུའུ་ཡི་ལས་ཁུངས་གཉིས་ནི་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནམ་རྒྱུན་ལས་ཚོགས་གྲོལ་རྗེས། ང་སྔོན་ལ་རང་གི་སྡོད་ཁང་དུ་ལོག་པ་ཡིན། བདེ་མཚོ་ལ་མཚོན་ན་ལས་ཚོགས་གྲོལ་རྗེས་ཀྱི་དུས་ཚོད་ནི་ནད་པ་ཚོར་ཞབས་ཞུ་བྱ་རྒྱུ་དེ་ཡིན། ནམ་རྒྱུན་ལས་ཚོགས་གྲོལ་རྗེས། ངས་རྫོང་སྤྱི་བདེ་ཅུའུ་ཡི་དྲ་མའི་ནང་ནས་བདེ་མཚོའི་གཟུགས་རིས་མཐོང་ཐུབ། མོས་འཛུམ་མདངས་དང་བཅས་ཏེ་ནད་པར་ཞབས་གཡོག་བྱེད་ཀྱིན་པའི་རྣམ་པ་དེ་ནི་ངས་ཡིག་ཐོག་དང་ངག་ཐོག་གང་གི་ཆ་ནས་ཀྱང་གསལ་བོ་ཞིག་བརྗོད་དཀའ། མོས་ནད་གཡོག་མའི་ལྭ་བ་དཀར་པོ་དེ་གོན་ནས་རྫོང་བོད་སྨན་ཁང་གི་སྒོ་ཆེན་དུ་འཛུལ་མ་ཉིད་སྨན་ཁང་གི་ནད་པ་དག་གིས་ཀྱང་འཛུམ་ལྷུག་ལྷུག་གིས“སྨན་པ་གཤིས་དྲང་མ། སླེབས་ཡོང”ཞེས་ཡར་མི་བཞེངས་མཁན་གཅིག་ཀྱང་མེད།
ལས་ཞུགས་བྱས་ནས་ཕལ་ཆེར་ཟླ་ཁ་ཤས་ཤིག་འགོར་སོང་། དེ་ནི་ལོ་དེའི་དགུན་གཞུང་གི་གཟའ་ཉི་མའི་ཉིན་ཞིག་ཡིན་པ་འདྲ། ཁ་བ་ལྷབ་ལྷུབ་ཏུ་འབབ་བཞིན་པའི་དགུན་གཞུང་གི་ཞོགས་པ་ཞིག་ཡིན། གྲོང་ཚོའི་ནང་གི་ལོ་ལོན་ཚོ་སྔ་མོ་ནས་མལ་ལས་ལངས་ཏེ་ཁངས་ཕྱག་ཀྱིན་འདུག བདེ་མཚོ་ཡང་སྔ་མོ་ནས་མལ་ལས་ལངས་ཏེ《 གསོ་རིག་རྒྱུད་བཞི》 བློ་ལ་སྐྱོར་བཞིན་མཆིས། ངས་མལ་གོས་གཡང་ཤམ་བྱས་ཏེ《 གྲོང་ཚོའི་ནང་གི་དྲན་ཐོ》 ཞེས་པའི་སྙན་ངག་ཐན་ཐུན་ཞིག་ཤོག་ངོས་སུ་ཕབ་ནས་ཡོད། ཞོགས་པ་དེར། ཁ་བའི་ཀློང་ན་འདུར་རྒྱུགས་རྒོད་པའི་གྲོང་ཚོའི་ནང་གི་ལོ་ལོན་ཚོས་ལག་ཏུ་ཤིང་ཁེམ་རེ་བཟུང་ནས་རང་རང་གི་ལས་དོན་ལ་འབད་བཞིན་མཆིས། ཡུལ་བྱེའུ་ཡིས་གྲང་ལྷགས་ཀྱི་ཀློང་ན་ཨག་སྐད་རྒྱག་ཅིང་། ཁྱིམ་བྱ་དེ་ཕོ། དྲེལ་རྒན་རྔོག་ལུ། ཁྱི་མོ་སྒུར་མོ། ཞི་ལ་ཁྲ་རིལ། ཡོད་ཚད་ཀྱི་ཡོད་ཚད་ཁ་བའི་ཀློང་ན་འདར་སིག་སིག་བྱེད་མོད། ཁངས་ཕྱགས་མཁན་གྱི་ལོ་ལོན་ཚོས་དུས་གཏན་དུ་ཚོར་གྱིན་མི་འདུག གློ་བུར་བདེ་མཚོའི་གདོང་ཧྲིལ་བོར་རྔུལ་ཆུས་བརླན་ཞིང་ལུས་ལ་ཟུག་རྔུ་ཞིག་གིས་བཟོད་ཀྱིན་མེད། མོས《རྒྱུད་བཞིའི》 དཔེ་ཆ་སྣ་རིང་དེ་མཆན་ལ་བཙིར་ནས་ནང་དུ་ལོག་བྱུང་། སྐེད་པ་སྒུར་ཞིང་མགོ་བོ་སྣར་ནས་ལངས་མ་འགྱེལ་གྱིས་ཐོན། གསོམ་ཤིང་གི་རྐུབ་སྟེགས་རྙིང་བ་དེའི་སྟེང་དུ་ཡུད་ཙམ་ལ་ངལ་གསོས་རྗེས། སྨན་སྒམ་ནས་རིལ་བུ་ཞིག་བླངས་རྗེས་ཁྱུར་མིད་དུ་བཏང་། དེ་ནས་དོར་མ་བརླ་རྩར་རྫེ་སྟེ་རྨ་ཁ་ལ་ཚྭ་བྱུགས་མགོ་བརྩམས།
ཟླ་ངོ་ཁ་ཤས་ཀྱི་རིང་ལ་འགྲོགས་ཀྱང་ངས་ཐོག་དང་པོར་མོའི་བརླ་རྩའི་རྨ་ཁ་དེ་མཐོང་བ་ཡིན། རྨ་ཁ་དེ་ནི་སྤྱང་ལྟོགས་ཀྱིས་དགུན་ལུག་ལ་དམུར་བ་ནང་བཞིན་ངོ་མ་མིག་གིས་ལྟ་མི་བཟོད་ལ། རྣག་གིས་བརྫིས་པའི་དོར་མ་དེར་དྲི་ངན་ཞིག་གིས་ཁྱབ། ཟུག་གཟེར་གྱིས་མནར་བའི་བདེ་མཚོའི་ངོ་གདོང་དེ་མཐོང་མ་ཉིད་དུ་རང་དབང་མེད་པར་མིག་མཐར་མཆི་མ་འཁོར་ཡོང་།
དེ་ལྟར་བཤད་ན། ངེད་གཉིས་ཀྱིས་གྲོང་ཚོའི་ནང་གི་ཁང་བ་ཆུང་ཆུང་དེ་རུ་གནས་བཅས་ནས་ཟླ་བ་ཁ་ཤས་ལས་སོན་མེད། ཁ་བ་ཟམ་ཟིམ་ཞིག་ཀྱང་འབབ་བཞིན་འདུག ངེད་གཉིས་ཀྱི་ཁང་བའི་སྒོ་རྩར་མི་ཞིག་གི་རྐང་རྗེས་ཕྱེད་ཙམ་ཞིག་རླུང་གིས་བསུབ་ལ་ཁད་དུ་ལུས་པ་མཐོང་། རྐང་རྗེས་དེར་ཁྲག་ཐིགས་འགའ་ཡང་འཛར་ནས་ཡོད། ཡིན་ན་ཡང་། ཁང་སྲུང་མ་ཨ་ཡེ་རྒན་མོ་དེར་གྲག་འགུལ་ཅི་ཡང་མེད། གལ་ཏེ་འཁྲུལ་སྣང་མིན་ཚེ་དགོང་མོ་དེར་ངའི་རྣ་ལམ་དུ་གཞོན་ནུ་ཞིག་གིས་བདེ་མཚོ་ཞེས་ཡང་དང་བསྐྱར་དུ་བོས་ནས་མཚམས་ཤིག་ཡེ་ནས་མ་བཞག ངས་མགོ་བོ་དགྱེ་ནས་བདེ་མཚོར་བལྟས་པ་ན། མོ་རང་གཉིད་སྐྱིད་པ་ཞིག་ལོག་འདུག
“ཨ། ཨ། བདེ་མཚོ། ཁྱོད་སད་བྱུང་ངམ”
“བདེ་མཚོ། སྨན་ཁང་དུ་འགྲོ”
“མ་འགྲིག ཁྱོད་ཀྱིས་རིག་སོང་ངམ”
“མིན་མིན། རྨ་ཁ་འདིར་གསང་བ་ཅི་འདྲ་མང་རུང་། ངས་དུང་སོ་སུམ་ཅུའི་མན་ལ་འབུད་དུ་མི་འཇུག་ཁོ་ཐག་ཡིན”ཅེས་ངས་དེ་ལྟར་བཤད།
ནམ་རྒྱུན་སྟོན་རླུང་གིས་སྐྱོམས་པའི་ཐ་བ་གོང་མ་ཟེར་བའི་རུ་སྡེ་ཆུང་ཆུང་དེར་དགུན་གྱི་བདག་མོས་གོས་དཀར་གྱི་ལྭ་བ་གཡར་ཞིང་། བསེར་བུས་རྡེག་ཀིན་པའི་སྟོན་མཇུག་གི་ལོ་མ་ལྡོམ་པོ་དེ་དག་ཀྱང་ཁ་བའི་ཁྲོད་ན་གཉིད་དུ་ཡུར་བ་དང་འདྲ་བར་འཇམ་ཅག་གེར། ནམ་རྒྱུན་ལས་ཚོགས་ལ་བྲེལ་བའི་བདེ་མཚོར་གྲག་འགུལ་ཅི་ཡང་མེད་པར་ཁ་ཁུ་སུམ་མེར་གནས་འདུག
ལོ་སར་རྗེས་ཀྱི་དུས་དེར། ལས་ཁུངས་སོ་སོས་ལས་ཚོགས་ཀྱི་བྱ་བའི་མགོ་བརྩམས་བྱུང་། བདེ་མཚོ་དང་ངེད་གཉིས་ཀྱང་གྲོང་ཚོའི་ནང་གི་ཁང་བ་ཆུང་ཆུང་དེར་འཛོམས། ནམ་རྒྱུན་ལས་ཚོགས་གྲོལ་རྗེས། ངས་དུས་རྒྱུན་རྫོང་སྤྱི་བདེ་ཅུའུ་ཡི་དྲ་མའི་ནང་ནས་བདེ་མཚོ་དང་ནད་པ་ཚོའི་ལབ་གླེང་བྱ་བཞིན་པའི་རྣམ་འགྱུར་དེ་མཐོང་ཐུབ། མཚམས་རེར་མོ་དགའ་ནས་ལྷུག་ལྷུག་ཏུ་དགོད་ཅིང་། ཡང་མཚམས་མཚམས་སུ་མོ་སེམས་པ་སྡུག་གིས་མནར་ཏེ་མིག་ཆུ་འདོན། ང་སྔ་མོ་ནས་ཁང་ཆུང་དེ་རུ་ལོག་སྟེ་ཀོར་ཨར་ཅི་ཡི《 བདག་གི་སློབ་ཆེན》ཞེས་པའི་སྒྲུང་གཏམ་དེའི་མཇུག་བསྐྱངས་པ་ཡིན།
དགུན་གཞུང་གི་མཚན་མོ་ཞིག་རེད། དེ་ནི་ཚེས་བཅོ་ལྔའི་དགོང་མོ་ཨེ་ཡིན་བསམ། འདི་ལྟར་ཕྱིར་འདང་ཞིག་བརྒྱབ་ཚེ་དགོང་མོར་ཟླ་བ་སྒོར་ཞིང་ཟླ་འོད་ཤིན་ཏུ་གསལ། ལྷས་རའི་ནང་གི་བྱ་དངོས་ཡོད་ཚད་ཀྱི་གཟུགས་རིས་ཀྱང་ཟླ་འོད་ཀྱི་འོག་ཏུ་གསལ་ལམ་མེར་མཐོང་ཐུབ། ཁང་སྲུང་ཨ་ཡེ་རྒན་མོ་དེས་ཀྱང་ལྷས་རའི་ནང་ནས་ཕར་འགྲོ་ཚུར་འགྲོ་བྱེད། ལྷས་རའི་ནང་ནས་ཅི་ནས་ཀྱང་འགྲོ་མཚམས་ཤིག་མ་བཞག རྒན་མོ་དེས་སློག་པ་རལ་བོ་ཞིག་གཡང་ཤམ་བྱས་ཏེ་ངེད་གཉིས་ཀྱི་ཁང་ཆུང་དེའི་སྒོ་ནས་རྣ་བ་བླགས་ཤིང་ལུས་སེམས་སྒྲིམ་ནས་ཅི་ཞིག་ལ་འབད་པས་ཉན་གྱིན་པ་གསལ་བོར་མཐོང་ཐུབ། གྲང་རླུང་འུར་འུར་ཏུ་ལྡང་བའི་བར་གསེང་ཞིག་ནས་མི་ཞིག་གིས་བདེ་མཚོ་ཞེས་འབོད་བཞིན་པ་ཐོས། ཨ་ཡེ་རྒན་མོ་དེར་གྲག་འགུལ་ཅི་ཡང་མེད་པར་སྐར་མ་སྨིན་དྲུག་གི་རྒྱུ་བ་མིག་གིས་མི་ཟིན་ན་ཡང་། ངེད་གཉིས་སྡོད་སའི་ཁང་ཆུང་དེའི་སྒོ་སྲུང་བཞིན་ནམ་མཁར་བལྟས། རྒན་མོ་དེ་དགུན་གཞུང་གི་གྲང་རེག་གི་ཀློང་ན་དངངས་འདར་བྱེད་ཀྱང་ཁང་ཆུང་དེའི་སྒོ་སྲུང་དོན་ཅི་ཡིན། ནམ་རྒྱུན་དང་མི་འདྲ་བའི་ཚོར་བ་ཞིག་གིས་ངེད་གཉིས་ཀྱི་ཁང་ཆུང་དེའི་སྒོ་རྡུང་བྱུང་། སྒོ་རྡུང་མཁན་གྱི་གྲིབ་གཟུགས་ལས་ངས་རྒྱུས་ཡོད་ཀྱི་ངོ་གདོང་ཞིག་མཐོང་སོང་། ངས་དྲ་མའི་ངོས་ཀྱི་ཁུང་བུ་དེ་ནས་ཡང་བསྐྱར་མཚན་མོ་དེར་སྒོ་རྡུང་མཁན་གྱི་མི་དེར་བལྟ་དུས་ཅི་ཡང་མཐོང་རྒྱུ་མི་འདུག ཡིན་ཡང་ངེད་གཉིས་ཀྱི་གནས་ཚང་གི་ཁང་སྲུང་རྒན་མོ་དེ་ཁང་ཆུང་གི་རྡོ་ཐེམ་ལ་བསྙེས་ནས་གཉིད་ལྕོགས་རྒྱག་བཞིན་འདུག མོས་དབྱིག་རྟེན་གྱིས་ལྷས་རའི་ནང་དུ་དབྱིབས་མི་འདྲ་བའི་རིས་དབྱིབས་དུ་མ་བྲིས་མོད། མོ་རང་ཉིད་ཀྱིས་ཚོར་ཀྱིན་མི་འདུག ཟླ་འོད་གསལ་ཞིང་གྲང་རླུང་འཁྱམ་པོ་ཞིག་ཀྱང་ཁང་ཆུང་གི་དྲ་མ་བརྒྱུད་ནས་བདེ་མཚོའི་མལ་ཁྲིའི་སྒང་གི་སྨན་སྒམ་དེ་སྒུལ་ཙམ་སྒུལ་ཙམ་བྱེད།
བདེ་མཚོར་འབོད་མཁན་དེ་གཞོན་ནུ་ཞིག་རེད། གཞོན་ནུ་དེས་མགྲིན་པ་གཟེངས་སུ་བཏེགས་ཤིང་མིག་གིས་འབུར་ཚུགས་སུ་དྲ་མའི་ནང་ནས་ངའི་གདོང་ལ་བལྟས་ཡོང་། གཞོན་ནུ་དེས་སྨན་པ་བདེ་མཚོ་ཞེས་བོས་མ་ཐག་ཏུ་བདེ་མཚོས་གློ་བུར་མགོ་དགྱེ་ནས་གཞོན་ནུ་དེའི་གདོང་ལ་མིག་གིས་གཡོ་བ་མེད་པ་ཅེར་བྱུང་། མ་གཞི་གཞོན་ནུ་དེ་སྨན་པ་བདེ་མཚོའི་ནད་པའི་ཁྱོ་ག་ཡིན་འདུག“ངེད་གཉིས་སྨན་ཁང་ནས་འབུད་རྒྱུ་ཡིན”གཞོན་ནུ་དེས་རྫིག་ཉམས་དང་བཅས་ཏེ་དེ་ལྟར་བཤད།
ལོ་ཟླ་གཙང་བོ་བཞིན་རྒྱུགས་པའི་ངོགས་སུ། བདེ་མཚོ་ཟེར་བའི་རྫོང་བོད་སྨན་ཁང་གི་ནད་གཡོག་མ་དེས་ནངས་སྔ་ལངས་དགོང་འཕྱི་ཉལ་གྱིས་ནད་པར་ཞབས་ཞུ་བསྒྲུབས།“ནད་པ་རེའི་རྒྱབ་ལོགས་སུ་ལོ་རྒྱུས་རེ་ཡོད་ཁོ་ཐག་ཡིན། ང་ཡང་ནད་པ་དེ་དག་གི་ཁྲོད་ཀྱི་ནད་པ་གཅིག་ཡིན”ཞེས་པའི་སྐད་ཆ་དེ་མོས་དུས་རྒྱུན་དུ་ལབ་པའི་སྐད་ཆ་ཞིག་ཡིན།
དབྱར་ཟླ་ཐ་མའི་ཉིན་ཞིག་གི་ཕྱི་དྲོ། ངས་བསང་ཆུའི་འགྲམ་ན་གོན་པ་བཀྲུ་བཞིན་ཡོད། ཕལ་ཆེར་གཟའ་མཇུག་ཅིག་ཡིན་འདུག བདེ་མཚོ་སྔ་མོ་ནས་ལས་ཚོགས་སུ་ཕྱིན་སོང་། ངས་བདེ་མཚོའི་དོར་མ་ཞིག་ཆུ་ལ་སྦངས་གྲབས་བྱེད་དུས། དེའི་ཁྲོད་ནས་ལྟེབས་ཆགས་ཤོར་བའི་ཤོག་ལྷེ་ཞིག་ས་ལ་ལྷུང་། ངས་ཁ་ཕྱེས་ནས་བལྟས་པ་ན་དེ་ནི་འཕྲིན་ཡིག་ཅིག་རེད།
ཆུང་འདྲིས་ལ་ཕུལ་བའི་བརྩེ་འཕྲིན་མཐའ་མ། ངས་དྲན་སླ་ཞིང་བརྗེད་དཀའ་བའི་བསང་གཞུང་བསམ་འགྲུབ་ལགས།
ཉེ་ལམ་བདེ་མོ་ཡིན་ནམ།
སྙིང་གི་མི། ངའི་གནམ་འོག་གི་སྐྱེས་ཆེན་ཐོག་མ། འདི་ལྟར་བསམ་ཞིང་བསམ་ཚེ་འུ་གཉིས་ཀྱི་སློབ་ཆེན་གྱི་འཚོ་བར་རྫོགས་ཚིག་མ་བཀོད་པའི་ལོ་ཟླ་དེ་དག་ནི་ཇི་འདྲའི་ཡིད་དུ་འོངས་ཤིང་སྤྲོ་སྣང་གིས་ཕྱུག་པ་ཞིག་རེད་ཨང་། ངོ་མ། ལས་བསམ་སར་མ་སོང་གསེག་སར་སོང་ཞེས་པའི་དཔེ་བཞིན་དུ་ངའི་ཆེས་སྙིང་དུ་སྡུག་པའི་འཇིག་རྟེན་གྱི་གྲོགས་མོ་ལྷ་མཚོས་བདེ་མཚོ་ཟེར་བའི་ཁྱེད་ཀྱི་ཐོག་མའི་དགའ་མ་དེ་བསླུས་སོང་བ་ད་ལྟ་ཡང་ད་དུང་སེམས་ནས་བརྗེད་ག་ལ་ཡོད། ང་རང་ཆེས་ཐོག་མར་འཇིག་རྟེན་ཞེས་པའི་དཀར་ནག་གོ་ལྡོག་གི་འཚོ་བ་འདིའི་རུམ་ཁོངས་སུ་ཉུལ་བ་ནས་བཟུང་། ལས་དབང་གིས་འཇིག་རྟེན་གྱི་སྐྱེས་ཆེན་ཚོའི་ངོ་གདོང་ཁོ་ན་འཚོ་དགོས་པའི་འགན་ཁུར་ཐོག་མ་དེ་གནམ་རྒན་མས་ང་གཅིག་པུར་སྤྲད་འདུག་པ་ངས་དངོས་གནས་ཚོར་མ་སོང་། ངེད་ཀྱིས་ཚོར་འཕྱི་ན་ཡང་རང་ནུས་ཅི་ལྕོགས་ཀྱིས་མཐོ་སྒང་གི་མི་ཆེན་ཚོའི་སེམས་ཀྱི་ཁུར་བོ་ཞིག་ལ་འགྱུར་ཏུ་མི་འཇུག་པའི་དམ་བཅའ་སྔ་མོ་སྔ་མོ་ཞིག་ནས་སེམས་ཀྱི་གཏིང་དང་ཤ་རུས་ཀྱི་སྦུབས་སུ་ཉར་ཡོད།
སེམས་བདེ་མོ་བྱོས། ངས་ཁྱེད་ཀྱི་རྒྱབ་གཟུགས་དེ་རྫོང་བོད་སྨན་ཁང་གི་ར་དཀྱིལ་ནས་ཐེངས་གཅིག་མ་གཏོགས་མཐོང་མྱོང་མེད། ཉི་མ་དེར་ཁྱོད་ཀྱིས་མིག་ལམ་ནས་ང་བོར་སོང་བ་ནང་བཞིན་བུད་སོང་ན་ཡང་། ངེད་ཀྱིས་གཡས་གཞའ་གཡོན་བཞའ་བྱེད་བཞིན་པའི་ཁྱེད་ཀྱི་རྣམ་པ་དེ་མཐོང་དུས། ང་ངོ་མ་ཁྱེད་ལ་སྙིང་རྗེ་སྐྱེས་བྱུང་། ལྷ་མཚོ་ཟེར་བའི་བུ་མོ་དེས་བདེ་མཚོ་ཟེར་བའི་བུ་མོ་དེས་བསླུས་ཤིང་། ཐ་མར་གཡུ་མཚོ་ཟེར་བའི་བུ་མོ་ཞིག་གིས་ལྷ་མཚོ་ཟེར་བའི་ཆེས་ཐོག་མའི་ངེད་ཀྱི་གྲོགས་མོ་དེ་བསླུས་འདུག་པ་ཇི་འདྲའི་མཚར་ཨང་། གླུ་ཞིག་གི་ནང་དུ“འཇིག་རྟེན་ཕྱི་ཁྲ་ནང་ཁྲ། །མི་ཚོགས་ཨ་ཁྲ་བ་ཁྲ”ཟེར་བ་དང་ཅིས་མ་མཚུངས། ཡིན་ཡང་། ཆེས་ཡིད་སྐྱོ་བ་ཞིག་ལ་སློབ་ཆེན་ནས་བོད་ཡིག་བོད་སྐད་ཁོ་ན་མ་གཏོགས་ཅི་ཡང་བསམ་རྒྱུ་མེད་པའི་བསམ་འགྲུབ་ཟེར་བའི་སྐྱེས་ཆེན་ཁྱོད། རྒྱ་མིན་བོད་མིན་གྱི་ཕུང་གསུམ་པའི་ཆུང་མ་ཞིག་གི་རུམ་ཁོངས་ན་གསོན་འདུག་པ་ངོ་མ་ཡིད་ལ་ཡང་མ་དྲན།
བསམ་འགྲུབ། ང་རྫོང་བོད་སྨན་ཁང་གི་ནད་གཡོག་པ་གཅིག་པུ་དེ་ཡིན། ཁྱེད་ཀྱི་དགའ་མ་གཡུ་མཚོ་ནི་ངས་ཉིན་མཚན་དུས་དྲུག་ལ་ཞབས་ཞུ་བྱ་དགོས་པའི་ནད་པ་གཅིག་པུ་དེར་ཆགས་འདུག འདི་ནི་ལས་དབང་ཨེ་རེད། ལས་དབང་བསམ་ནག་ཨེ་རེད། ཉི་མ་དེར་ཁྱེད་ཀྱི་སྨན་ཁང་སྤོར་དགོས་པའི་རེ་འདུན་ཞུ་ཡིག་ནི་ང་བརྒྱུད་དེ་ད་གཟོད་གོང་རིམ་ལ་སྤྲོད་དགོས། ཡིན་ཡང་། ཐུགས་བརྒྱལ་མ་བཞེངས། རེ་འབྲས་དེ་དོན་སྨིན་ཡོང་དུ་མི་འཇུག་པར་བྱ་མཁན་དེ་བདེ་མཚོ་ཡིན། རྒྱུ་མཚན་མངལ་ཆགས་པའི་བུད་མེད་ཅིག་གི་བདེ་སྡུག་དེ་ཁྱོད་སྐྱེས་པ་ཞིག་གིས་ཤེས་ཐབས་མེད། ཨ་མས་བུ་ཕྲུག་ལ་བཅངས་པའི་བརྩེ་བ་དང་ཨ་ཕ་ངོས་བཟུང་མེད་པའི་བུ་ཕྲུག་ཅིག་ནར་སོན་དུ་འཇུག་རྒྱུ་དེ་ཡང་ལས་སླ་མོ་ཞིག་ག་ལ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཨ་མས་བུ་ཕྲུག་བཙས་པའི་དངོས་བྱུང་གི་གཏམ་རྒྱུད་རེ་རེ་ནི་ཁྱེད་སྐྱེས་པ་ཞིག་གིས་མྱོང་ཐབས་མེད། འདི་ནི་གནམ་རྒན་མས་གནམ་འོག་གི་ཨ་མ་ཚོར་གནང་བའི་འགྲེལ་མཆན་མེད་པའི་གསང་བ་ཁོ་ན་ཡིན། མངལ་ཆགས་པའི་བུད་མེད་ཚོའི་བདེ་སྡུག་དེ་མི་ཆེན་གྱིས་ངོ་ཆེན་བརྒྱུད་ཀྱང་བསླུ་ཐབས་མེད། སྤྱི་ཚོགས་ཟེར་བ་དེ་ནི་འུ་ཅག་གི་སེམས་སུ་གསལ་བ་ནང་བཞིན་གྱི་ཆུང་ལ་ཆེ་བའི་ནམ་མཁའ་དང་ག་ལ་འདྲ་ཨང་།
རྟེན་འབྲེལ་ཞུ། ཁྱེད་རང་ཡང་བསྐྱར་བུ་ཆུང་ཞིག་གི་ཨ་ཕར་འགྱུར་ལ་ཉེ། ད་དུང་རེ་བ་ཆུང་ཆུང་ཞིག་ཡོད་པ་ནི་བུ་ཆུང་ལ་བོད་ཡིག་གི་སྦྱོར་ཀློག་ཁྲིད་རྒྱུ་ནི་ཤིན་ཏུ་གལ་ཆེ། དགོངས་པ་མ་ཚོམ། ང་ནད་གཡོག་མ་ཞིག་ལ་བཤད་རྒྱུ་གཏམ་རྒྱུ་མང་པར་མ་འདོད། ཡོད་ཚད་ཀྱི་ཡོད་ཚད། མི་འགྱང་བར་འཇིག་རྟེན་འདིར་ཚེ་སྲོག་གི་མྱུ་གུ་འབུས་ལ་ཉེ་བའི་ཁྱེད་ཀྱི་མ་འོངས་པའི་བུ་ཆུང་གི་ཆེད་དུ་ཡིན། དམིགས་ཡུལ་གཞན་པ་ཅི་ཡང་མེད། ངས་འུ་གཉིས་ཀྱི་ལོ་ན་བདུན་ལ་སོན་པའི་བུ་ཆུང་གི་མིང་ལ་སྐལ་བཟང་ཤེས་རབ་ཅེས་བཏགས་ཡོད། ཁོ་ཆུང་དུས་ནས་ཆོས་ཀྱི་སྒྲུབ་སྡེ་ཞིག་ཏུ་མངགས་ཟིན། བུ་ཆུང་གིས་ཕལ་ཆེར་འཇིག་རྟེན་ན་ཁྱོད་ལྟ་བུའི་ཨ་ཕ་ཞིག་གསོན་ཡོད་པ་ཤེས་མེད་ཚོད་གདའ། མ་འོངས་པ་ཡང་མི་ཤེས་པའི་སྨོན་ལམ་འདེབས། ངའི་སློབ་ཆེན་གྱི་འཚོ་བ་བདེ་བླག་ངང་མཇུག་སྒྲིལ་རྗེས་གནས་འདིར་ཡོང་ནས་ནད་གཡོག་མའི་ལས་ཀ་འདི་གཉེར་བ་ཡིན། ངས་འུ་གཉིས་ཀྱི་བུ་ཆུང་སྐལ་བཟང་ཤེས་རབ་ལ་ཁྱེད་ལྟ་བུའི་ཨ་ཕ་ཞིག་དང་། ངུ་ལ་ཉེ་བའི་ནུ་བོ་ཞིག་ཡོད་པ་དུས་གཏན་དུ་གསང་ཁོ་ཐག་ཡིན། འཚོ་བ་ཟེར་བ་འཇའ་ཚོན་གྱི་མདངས་ཡིན། ནམ་ཡལ་ཆ་མ་འཚལ། མི་ཚེ་ཟེར་བ་ལ་ཁའི་ཉི་མ། ནམ་ནུབ་ཆ་མ་འཚལ། ཡོད་ཚད་བདེ་བར་སྨོན། ཆུང་འདྲིས་སེམས་ཀྱི་བསམ་འགྲུབ།
མཇུག་མཐར་ངས་བསང་ཆུའི་འགྲམ་གྱི་རུ་སྡེ་ཞིག་ནས་ཁྱེད་རང་ལུས་བདེ་སེམས་སྐྱིད་ཡོང་བའི་སྨོན་འདུན་དང་བཅས་འདས་ཟིན་པའི་གཏམ་རྒྱུད་རེ་རེ་ནི་ཡིད་དུ་འོང་བའི་ལྷ་སྒྲུང་ནང་བཞིན་ཁྱད་མཚར་ཅན་དུ་གཏོང་འདོད་ཡེ་ནས་མེད། སླད་མར་ངའི་ཐོག་མའི་ཆུང་འདྲིས་བསང་གཞུང་བསམ་འགྲུབ་ཅེས་པའི་སྐྱེས་ཆེན་ཁྱེད་ཀྱི་སྐུ་ཚེ་རྒྱལ་མཚན་བརྟན་ཅིང་བྱ་གཞག་ལྷུན་གྱིས་འགྲུབ་པའི་གསོལ་བ་ཁ་མིན་སེམས་ཀྱིས་འདེབས་པ་ལགས་སོ། །
ཞེས་ནད་གཡོག་མ་བདེ་མཚོས༡༩༩༢ལོའི་ཟླ་ཚེས་བཟང་པོར་ཕུལ།
ཉི་མ་དེར་ཉི་འོད་ཀྱི་ཚ་རླབས་འོག་ཏུ། ང་ནི་ཁོང་ཁྲོ་དང་ཞེ་སྡང་གཞི་གཅིག་ཏུ་འདྲེས་ནས་བརྩེ་འཕྲིན་དེ་ཤར་མར་དུ་གཤགས་རྗེས་བསང་ཆུའི་གཞུང་ལ་བསྐུར་བ་ཡིན། འཕྲིན་ཡིག་དེ་ཆུ་ལ་བསྐུར་རྗེས་རང་ཉིད་ཀྱིས་རང་ཉིད་འབོར་ཀིན་པའི་སྐྱེས་མ་ཚོར་བསང་གཞུང་གི་མགྱོགས་བྲིས་ཟེར་བའི་བརྩེ་འཕྲིན་ཞིག་འབྲི་འདོད་སྐྱེས་མོད། ཅི་ལྟར་བྲིས་ཀྱང་བྲི་ཐུབ་མ་སོང་། ཉི་འོད་དང་བསིལ་ཟེར་གྱིས་ངས་བཀྲུས་ཟིན་པའི་ལྭ་བའི་སྟེང་གི་ཆུ་རྡུལ་འཐུངས་ཤིང་བསིལ་རླུང་པྲ་ཚག་ཅིག་གར་ཡོང་མ་ཤེས་པར་ངའི་སྐྲ་ལོ་སྒུལ་སྒུལ་ལན་མང་བྱེད། དབྱར་གཞུང་འདིར་རི་གླུ་མི་ཐོས་ཤིང་ཕྱུགས་རྫི་ཡང་མཐོང་རྒྱུ་མི་འདུག སྐར་ཚོགས་ས་ལ་ལྷུང་བ་ལྟ་བུའི་དགེ་འདུན་པའི་གྲྭ་ཤག་རེ་རེ་ནི་གཅིག་གིས་གཅིག་ལ་བསྙེས་ནས་ཡོད། མཚམས་མཚམས་སུ་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་བདུག་སྤོས་ཀྱི་དྲི་མ་ཞིག་སྣ་ལམ་དུ་ཐུ་ལི་ལི་ལྡང་འོང་། དག་གཙང་དང་དད་སེམས་གཞི་གཅིག་ཏུ་འདྲེས་པའི་སེམས་ཀྱི་གནས་མལ་ཞིག་ངང་གིས་མཐོང་ཡོང་དུས། ངས་ད་གཟོད་ལོ་དེར་རང་ཉིད་ཀྱི་བདམས་པའི་ལམ་ཀ་དེའི་ཁ་ཕྱོགས་ནོར་མེད་པ་དེ་ཡང་ཤེས་ཡོང་།
ལོ་ངོ་དུ་མ་ཞིག་འགོར་སོང་། ལོ་དེ་ནི་༢༠༠༨ལོའི་སྟོན་མཇུག་ཡིན་པ་འདྲ། ཏག་ཏག་དང་ཐོག་བདེ་མཚོ་ངེད་གཉིས་ངོ་འཕྲད་པའི་དུས་ཚིགས་དེར་ཁེལ་ཡོད། སྒེར་དོན་ཞིག་གི་ཆེད་དུ་ང་ལ་ཕ་ཡུལ་དུ་ལོག་རྒྱུའི་གོ་སྐབས་ཤིག་རེག་སོང་། ཞོར་དུ་ངས་བདེ་མཚོ་བཙལ་ནས་ཁ་བརྡ་ཞིག་བྱ་འདོད་པ་ཡིན། ངས་ཡིད་ཚོད་ཅིག་བྱས་ནས་དང་ཐོག་ངེད་གཉིས་ཀྱིས་གནས་བཅས་ས་དེ་རུ་ཕྱིན་པ་ན། གནས་དེ་ནི་ངའི་མིག་ལམ་ནས་སྐྱ་ཐང་ཐིང་གི་འཇིག་རྟེན་ཞིག་ལས་ཅི་ཡང་མཐོང་རྒྱུ་མ་བྱུང་། གནས་དེར་གྱང་ཆག་དང་ས་རྡུལ་གྱིས་གཡོགས་ཤིང་ཅི་ཡང་མི་མཐོང་མོད། རྣ་བ་བླགས་ནས་ཞིབ་ཏུ་ཉན་ཚེ་སྟོན་མཇུག་གི་རླུང་བུས་བྲ་ཁུང་རྡེག་པའི་སྒྲ་འཇིགས་ཡེར་བ་དེ་རྣ་བའི་བུ་ག་རུ་རྒྱུ་འོང་། སྔར་གྱི་གྲོང་ཚོ་དེ་རུ་གྱང་ཆག་འགའ་ཤས་ཀྱི་གསེབ་དུ་མེས་འཚིག་པའི་ཤིང་དུམ་འགའ་རེའི་སྣེ་མོ་འབུར་ཙམ་བྱེད། ས་དེའི་ཡུལ་མི་ཚང་མས་གང་ཞིག་ཏུ་གནས་སྤོར་མིན་མི་ཤེས། ཉི་ནུབ་དང་སྐྱ་རེངས་ཀྱི་བར་གླགས་སུ་བདེ་མཚོ་དང་ངེད་གཉིས་འགྲོ་སའི་ཁེར་ལམ་དེར་མི་འགྲོ་མཁན་མ་བྱུང་བས་རྩྭ་ལོས་གཡོགས་ནས་སྔོན་གྱི་ལམ་ཕྲན་དེ་དག་ཀྱང་མི་མཐོང་བྱས། ཐ་བ་གོང་མར་འགྲོ་སའི་ལམ་གྱི་གཞི་མདོ་དེ་ན་བྱིས་པ་སྐོར་ཞིག་གིས་རྩེད་མོ་རྩེ་བཞིན་འདུག ང་བྱིས་པ་དེ་དག་གི་གམ་དུ་ཕྱིན་མ་ཉིད་དུ་བྱིས་པ་དེ་དག་ནི་ལུག་ཁྱུའི་ཁྲོད་དུ་རི་སྤྱང་ཐོན་པ་དང་འདྲ་བར་ཐག་རིང་ཞིག་ལ་བྲོས་ནས་བུད་འགྲོ ས་རུབ་ལ་ཉེ་དུས་བྱིས་པ་ཚོ་ས་རྡོའི་སྡེར་ཁ་སྒྲིག་ནས་ཁོ་ཨ་ཕ་དང་མོ་ཨ་མའི་ཚུལ་དུ་རྩེད་བཞིན་པའི་རྣམ་པ་དེ་ནི་ངའི་བྱིས་དུས་ཀྱི་འཚོ་བ་དང་ཨ་ན་མ་ན་རེད། ངས་སྨན་པ་བདེ་མཚོ་ཞེས་དྲིས་མ་ཉིད་དུ་བྲོས་འགྲོ བྲོས་ནས་ཐག་རིང་ཞིག་ཏུ་ཐོན་ན་ད་གཟོད་ཁ་ཕྱིར་འཁོར་ནས་མ་བགྲོས་གཅིག་མཐུན་གྱིས་ཨ་ནེ་སྨན་པ་དེ་འཚིག་སོང་ཞེས་ཟེར། དེ་ནས་སླར་ཡང་བྱིས་པ་ཚོ་རྩེད་ར་དེར་འདུས་ནས་དགོད་ཀྱིན་འདུག
ལྷོ་ཕྱོགས་གནམ་མཐའི་མཚམས་ནས་སྤྲིན་དམར་གྱི་འདུ་འགོད་རྫོགས་ཤིང་ས་གཞི་ཐམས་ཅད་ནག་ཐིབ་བེར་གྱུར། ས་དེ་གའི་ཡུལ་མི་ཚོས་གྲོང་ཁྱེར་ནས་འདྲུད་འཐེན་འཁོར་ལོ་རྙིང་བ་རེ་དེད་ནས་ཡུལ་ལ་ལོག་གི་ཡོད། ཁོ་རང་ཚོ་ཁུ་སུམ་མེར་རང་རང་ས་ནས་དངན་པ་རེ་འཐེན་རྒྱུ་མ་གཏོགས་ཕན་ཚུན་གླེང་མོལ་དང་ཁ་བརྡའི་སྐད་ཆ་ཚིག་གཅིག་ཀྱང་མེད། ངས་ལམ་བར་ནས་ཐུག་ཐུག་རིག་རིག་ལ་བདེ་མཚོ་ཟེར་བའི་ནད་གཡོག་མ་ཞིག་ཅེས་འདྲི་མགོ་བརྩམས་དུས་ཡུལ་མི་དེ་དག་གིས་མགོ་བོ་གཡུག་ཅིང་མིག་ཆུ་འདོན་ཀྱིན་བུད་འགྲོ། ཉི་མ་དེར་གྲོང་ཁྱེར་ནས་ཁྱིམ་ལ་ལོག་ཀིན་པའི་ཡུལ་མི་དེ་དག་ནི་ནམ་རྒྱུན་དང་མི་འདྲ་བར་དགོད་སྒྲ་མེད་ཅིང་འགྱོད་གདུང་གི་མིག་ཆུ་ཞིག་འབྱིད་ཀྱིན་ངས་དྲིས་པའི་དྲི་བ་ལ་ཨ་ལན་ཅི་ཡང་མེད་པར་རང་རང་སར་ཆས་སོང་། རྒྱུ་མཚན་དེའི་དབང་གིས་ངས་རྫོང་བོད་སྨན་ཁང་གི་ཐོག་ཁང་དེ་གཟས་ནས་ལམ་ལ་ཆས་པ་ཡིན། ལམ་བར་དུ་ངས་དང་ཐོག་བདེ་མཚོས་བཤད་པའི་སྐད་ཆ་ཞིག་སེམས་ཀྱི་གཏིང་ཞིག་ནས་དྲན་འོང་། མོས“ནམ་ཞིག་གི་ཚེ་ན་སྤྲིན་ནག་གི་གསེབ་ནས་ཉི་མ་ཞིག་ཤར་རྒྱུ་བྱུང་ན། དོན་དག་དེའི་ཆེད་དུ་ངས་ཀྱང་ཅི་ཡང་བློས་གཏོང་ཐུབ། ཐ་ན་རང་གི་མིག་འབྲས་ནང་བཞིན་གཅེས་པའི་ལུས་པོ་ཡིན་ཀྱང་སྲིད”རྫོང་བོད་སྨན་ཁང་གི་ནང་དུ་སླེབས་མ་ཐག་ངས་དང་ཐོག་བདེ་མཚོ་འདུག་སའི་ཁང་མིག་དེའི་སྒོ་རྡུང་པ་ན། སྨན་པ་རྒན་པ་ཞིག་སྒོར་བུད་བྱུང་། བདེ་མཚོ་ཟེར་བའི་ངེད་ཀྱི་འདུག་གྲོགས་ནད་གཡོག་མ་དེ་དྲིས་མ་ཉིད་དུ་མིག་འཇུར་འཇུར་དང་ཁ་གདང་གདང་གིས་སྨན་པའི་ལྭ་རིང་དཀར་པོ་དེས་གདོང་བཀབ་ཁང་མིག་དེ་ལས་སྒོར་ཕྱིན་སོང་། ངས་ཇི་ལྟར་སྒུག་ཀྱང་ཕྱིར་ཁང་མིག་དེ་རུ་བསླེབས་རྒྱུ་མ་བྱུང་། ང་ཉི་མ་དེར་སྨན་ཁང་གི་ཐེམ་སྐས་ཀྱི་སྟེང་དུ་བཙོག་ནས་ཁ་གཏད་ཀྱི་རྫོང་སྤྱི་བདེ་ཅུའུ་ཡི་དྲ་མའི་ནང་དུ་བལྟས་པ་ན། སེམས་སུ་བཤད་མི་ཤེས་པའི་ཚོར་སྣང་ཞིག་སྐྱེས་འོང་། སྔོན་ཆད་དུས་རྒྱུན་རང་ཉིད་ཀྱི་ལས་ཚོགས་གྲོལ་མ་ཉིད་དུ་ལས་ཁུངས་ཀྱི་དྲ་མའི་ནང་ནས་བདེ་མཚོར་བལྟས་པ་ཡིན། དྲ་མའི་ནང་གི་བདེ་མཚོའི་གཟུགས་རིས་དང་བདེ་ལྕག་འཁྱུག་པོ་མེད་པའི་མོའི་འགྲོ་འདུག་གི་གོམ་འགྲོས། བུ་མོ་ནད་གཡོག་མ་དེས་ནམ་རྒྱུན་ལྭ་རིང་དཀར་བོ་དེར་ཚེ་སྲོག་གི་སྙིང་བོ་སིམ་འདུག་པ་ནང་བཞིན་ཉིན་དང་མཚན་ལ་དབྱེ་བ་མེད་པར་ནད་པར་བལྟ་བ་དང་སྨན་ཐོ་བསྒྲིགས་པ། ཁབ་རྒྱག་པ། དེ་མིན་སེམས་ཀྱི་སྐད་ཆས་ནད་པའི་ལུས་ཀྱི་ཟུག་གཟེར་འཇགས་སུ་འཇུག་མཁན་གྱི་ཁོ་མོ་སྨན་ཁང་ནས་གནས་སྤོར་སོང་ངམ། རྫོང་བོད་སྨན་ཁང་ནས་ནད་པ་ཚོར་ཞབས་ཞུ་བྱ་བཞིན་པའི་རྒྱབ་གཟུགས་ལ་ལྟ་སྐབས་ཀྱི་རྣམ་པ་དེ་ཡིད་ལ་གློག་བརྙན་བཞིན་དུ་ཤར་བྱུང་།
མཚན་མོ་སླེབས་བྱུང་། ངས་རྫོང་བོད་སྨན་ཁང་གི་གྱང་ཟུར་ཞིག་ནས་བདེ་མཚོར་སྒུག་དུས། དང་ཐོག་བདེ་མཚོ་ངེད་གཉིས་ཀྱི་སྒོ་སྲུང་མཁན་གྱི་ཨ་ཡེ་རྒན་མོ་དེ་ཡིད་ལ་འཁོར་བྱུང་། ད་དུང་བདེ་མཚོས་འཕྲིན་ཡིག་ཏུ་བྲིས་པའི་བུ་ཆུང་སྐལ་བཟང་ཤེས་རབ། མཚན་མོ་དེར་ངེད་གཉིས་ཀྱི་དྲ་མའི་ཁ་ནས་བདེ་མཚོར་འབོད་མཁན་གྱི་གཞོན་ནུ་དེ། ཁོ་རང་ཚོ་གསོན་ནས་ཡོད་དམ།
ཕྱིས་སུ། བསང་ཆུའི་ཟམ་ཁ་ནས་ཐ་བ་གོང་མ་ནས་ཡིན་ཟེར་བའི་ཨ་ཡེ་གོ་རེ་བཙོང་མཁན་ཞིག་དང་ཕྲད། བགྲེས་མོ་གོར་འཚོང་མ་དེའི་ཁ་ནས་བདེ་མཚོ་ལོ་དེར་མ་བདེ་རབས་ཟེར། ཁང་སྲུང་ཨ་ཡེ་རྒན་མོ་དེ་ཡང་ལོ་དེར་མ་འཚམས་ཐལ་ཟེར། བཤད་བཤད་ཀྱི་ཐ་མར་བགྲེས་མོ་དེའི་མགོ་རྔ་མི་ཚང་བའི་སྐད་ཆ་མང་པོ་ཞིག་ལབ། མཚན་མོ་དེར་སྨན་པ་བདེ་མཚོར་འབོད་མཁན་གཞོན་ནུ་དེ་ལོ་དེར་ཚེ་བཙོན་བྱས་སོང་རབས་སོགས་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་ངའི་རྣ་ལམ་དུ་བུད་ཡོང་། ་“ཁྲིག་ཁྲིག་མེད་ན་བདེ་མཚོས་རབ་བྱུང་སྒྲུབ་ཡོད་ཀྱང་སྲིད། ”གོ་རེ་བཙོང་མཁན་གྱི་རྒན་མོ་དེས་དེ་ལྟར་ཟེར།
“དང་ཐོག་གི་ཁང་སྲུང་ཨ་ཡེ་རྒན་མོ་དེ་བསང་ཆུའི་ཟམ་ཁ་ན་སྨྱོས་འདུག”ཅེས་ཁ་རོག་ཁ་རོག་གིས་ངའི་རྣ་ལམ་དུ་བཤད།
“མིན་མིན”ཡང་མོས་བྲེལ་འཚུབ་ཀྱིས་སྐད་ཆ་དེ་བཤད།
“བདེ་མཚོ་ཟེར་བའི་བུ་མོ་དེ་ཁྱེད་ཀྱིས་འདྲི་བཞིན་པའི་བུ་མོ་དེ་མིན”ཞེས་གོ་རེ་བཙོང་མཁན་གྱི་རྒན་མོ་དེས་དེ་ལྟར་ལ་བཤད་ལུང་བཤད་བྱེད།
“ཁང་སྲུང་ཨ་ཡེ་བགྲེས་མོ་དེ་ཡང་ཐ་བ་གོང་མ་ནས་མིན། དེ་རེབ་གོང་ནས་ཡིན། ད་ལྟ་གོ་རེ་བཙོང་བཞིན་ཡོད”ཅེས་ལབ་བྱུང་།
བློ་རིག་མ་སྒྲིམ་ཚེ་བགྲེས་མོ་གོར་འཚོང་མ་དེས་བཤད་པའི་སྐད་ཆའི་མགོ་རྔ་གང་ཡིན་ཧ་མི་གོ
མོས་རྒྱུས་མེད་ཀྱི་རྣམ་འགྱུར་གང་མང་ཞིག་གི་ཁྲོད་ནས་རྒྱུས་ཡོད་ཀྱི་སྐད་ཆ་གང་ཡིན་ལབ་ཡོང་དུས་ངས་ཐོག་དང་པོར་མཐའ་བ་གོང་མའི་ཁྱིམ་ཚང་ཞིག་གི་སྒོ་འགྲམ་ནས་ཁང་གླ་གཏགས་ནས་འདུག་གྲོགས་ཀྱི་ནད་གཡོག་མ་དེ་དྲན་འོང་། ཨ་ཡེ་གོར་འཚོང་མ་དེས་སྐད་ཆ་མགོ་མ་དེ་གསལ་བར་མ་ཐོས་ན་ཡང་། མོས་མ་ཎི་ཚར་གསུམ་འདོན་བཞིན་ནད་གཡོག་མ་བདེ་མཚོ་ཟེར་བ་ཞིག་འཇིག་རྟེན་འདི་ན་མེད། སྲང་གི་མི་ཚོགས་ཀྱི་ཁ་ནས་གོ་ཐོས་ཡིན་ན་བསང་ཆུའི་ཟམ་ཁ་ནས་ཐུག་པའི་ཨ་ཡེ་བགྲེས་མོ་དེར་བུ་མོ་འཐེང་པོ་ཞིག་ཡོད་ཅེས་ལབ་མོད། འོན་ཀྱང་། ཉི་མ་དེར་དེར་གདོང་ཁེབས་གྱོན་པའི་བགྲེས་མོ་གོ་རེ་འཚོང་མཁན་མ་དེ་གཅིག་པུ་ལས་མོའི་བུ་མོ་འཐེང་པོ་དེ་མཐོང་རྒྱུ་མ་མཆིས། ཨ་ཡེ་རྒན་མོ་དེས་གདོང་གི་མིག་གཉིས་པོ་མ་གཏོགས་ཅི་ཡང་མི་མཐོང་བར་བྱས་ཡོད། དེ་ཡང་ཁྲིག་ཁྲིག་མེད་ན་དགུན་གཞུང་གི་བུ་ཡུག་གིས་གཙེས་པར་དོགས་པ་ཡིན་ཀྱང་སྲིད། གང་ལྟར། མོའི་ལྕུག་ལྕུག་ཏུ་འདར་བའི་ལག་པ་གཉིས་པོས་བསང་ཆུའི་ཟམ་ཁ་ན་གོ་རེ་ཅོང་རྡོག་འགའ་སྐྱོར་ནས་ཡོད། དེ་ལྟར་བཤད་ན་ཁང་སྲུང་ཨ་ཡེ་རྒན་མོ་དེས་མཚན་མོ་དེར་ངའི་བུ་མོ་གསོན་ནས་ཡོད་ཅེས་པའི་སྐད་ཆ་དེ་ད་དུང་ཡང་ངའི་ཡིད་ནས་མི་བརྗེད་པ་དེ་ཅི་ཡིན་ནམ། ཁང་སྲུང་ཨ་ཡེ་རྒན་མོ་དེས་བདེ་མཚོ་དང་ངེད་གཉིས་ཁང་ཆུང་དེའི་སྒོ་སྲུང་དོན་ཡང་སྙིང་ཅི་ཡིན་ནམ།
ངས་ཉི་མ་དེར་སྒུག་སྒུག་ནས་ས་རུབ་སོང་། ཡིན་ཡང་། ལོ་ངོ་དུ་མའི་སྔོན་གྱི་གྲོགས་མོ་བདེ་མཚོ་ཟེར་བའི་རྫོང་བོད་སྨན་ཁང་གི་ནད་གཡོག་མ་དེ་མཐོང་རྒྱུ་མ་བྱུང་། བསང་ཆུའི་ཟམ་ཁ་ན་གོ་རེ་བཙོང་བཞིན་པའི་བགྲེས་མོ་གདོང་ཁེབས་ཅན་མ་དེ་ཡང་ལག་བསྐྱོར་འདྲུད་འཐེན་འཁོར་ལོ་ཞིག་ལ་བསྡད་ནས་དགོན་སྡེའི་གྲྭ་ཤག་དག་གི་གསེང་དུ་འཐིམས། རབ་རིབ་ནས་མག་མོག་ཅིག་ཏུ་སོང་སྟེ་མཐར་མཐོང་ལམ་དུ་མ་བཀྲ། གྲལ་འགྲིག་པའི་དགོན་པའི་གྲྭ་ཤག་རེ་རེ་ནི་གཅིག་གིས་གཅིག་ལ་བསྙེས་ཏེ་བསང་དྲི་དང་ཆོས་སྐད་ཀྱི་ཀློང་ན་བག་ཡངས་སེ། ངའི་མིག་ལམ་དུ་ཚོད་ཚོད་ལ་ལྭ་བ་དཀར་པོ་གྱོན་པའི་བུ་མོ་འཐེང་པོ་ཞིག་གུང་ཐང་ཟམ་ཁ་རུ་ལངས་ཏེ་ང་ལ་ལག་གཡུགས་བྱེད་ཀྱིན་གདའོ། །