དྲག་ཆར་གྱི་མིག་ཆུ་དང་འཇའ་ཚོན་གྱི་འཛུམ་མདངས།
ཚེ་ལོ་ཐར། (མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-27
གཅིག
སྨན་ཁང་གི་བར་ཁྱམས་སུ། མགོ་སྐྲ་བྱི་བའི་བུད་མེད་མང་པོ་ཡར་འདྲུད་མར་ལེན་བྱེད་ཅིང་། ན་ཟུག་འབྱིན་པའི་འཁུན་སྒྲ་དང་རིང་ཐུང་མི་འདྲ་བའི་ངུ་སྒྲའང་རྒྱུན་ཆད་མེད་པར་གྲག་གིན་གདའ། ད་དུང་འཕྲིན་ཕྲན་སླེབས་པའི“དིར་དིར་དིར”གྱི་སྒྲ་ཞིག་ཀྱང་ནད་གཡོག་མ་ཚོའི་ལུས་སྟེང་གི་ལག་ཁྱེར་ཁ་པར་ལས་མཆེད་འོངས།
ན་ཟུག་གི་འཁུན་སྒྲ་གསལ་བོ་ཞིག་ཐོས་ཐུབ་པ་ནི“ང་རང་མྱུར་དུ་ཤི་ཚེ། སྡུག་ཟད་སོང་བ་རེད”ཅེས་པའི་བུད་མེད་ཀྱི་སྐད་ཅིག་རེད། ཁོ་མོའི་མིང་ལ་ལྷ་མོ་ཟེར་ཞིང་། བར་ཁྱམས་དེའི་བྱང་སྣེ་རུ་ལྕགས་དྲའི་ཉལ་ཁྲི་ཞིག་གི་སྟེང་དུ་ཉལ་འདུག ཁོ་མོར་ཟུག་གཟེར་ལངས་ཏེ་གདོང་ནས་རྔུལ་ཆུ་བཞུར་གྱིན་ཁ་ནས་སྡུག་སྐད་ལྷང་ལྷང་དུ་བཏོན་ནའང་། སྨན་པ་ཞིག་གམ་ནད་གཡོག་མ་སུ་ཞིག་གིས་ཀྱང་ཁ་ཡ་མི་བྱེད་པར་འདུག མོའི་སྐྱེས་པ་ཟླ་བས་ཀྱང་མགོ་བོ་བསྒུར་ཏེ་ཐ་མག་འཐེན་པ་ལས་ཐབས་བཀོད་ཅི་ཡང་མ་རྙེད་པར་འདུག
ལྷ་མོས་ལག་ཟུང་གིས་བྲང་ཁ་གནོན་གང་ཐུབ་བྱེད་ཀྱིན“ཨ་ཡོ། ཟླ་བ། འུ་གཉིས་ཕྱིར་ཡུལ་ལ་འགྲོ”ཞེས་སྨྲས་མོད། ཟླ་བས་དངན་པ་རིང་མོ་ཞིག་འཐེན་ཏེ་ཁེར་ལབ་བྱེད་པ་ཇི་བཞིན“འུ་གཉིས་ལ་འགྲོ་སའི་ཡུལ་ཞིག་གང་ན་ཡོད”ཟེར། ལྷ་མོ་འུ་ཐུག་སྟེ“ང་རང་ཁང་བརྩེགས་མཐོན་པོ་འདི་འདྲ་ཞིག་ནས་ཤི་ཚེ། ཁྱོད་ཀྱིས་གང་ཞིག་ཏུ་འཁྱེར་རྒྱུ་ཡིན”ཞེས་དྲིས་པ་ན། ཟླ་བས་མགོ་བོ་བསྒུར་ཏེ་སྐད་གདངས་དམའ་མོས“ཁྱོད་རང་ཤི་སོང་ན་ངས་ཇི་ལྟར་བྱ”ཟེར་བཞིན་ཐ་མག་རྐང་གཅིག་བླངས་ཏེ་མེས་བསྒོས་བྱུང་།
བར་ཁྱམས་གཙང་སྤྲ་བྱེད་པའི་རྒན་མོ་མགོ་དཀར་མ་ཞིག་གིས་ལག་གཡོན་པས་རས་ཕྱགས་དྲུད་ཅིང་། ལག་གཡས་པས་ཕྱིས་རས་བཟུང་སྟེ་རླུང་འཚུབ་ཅིག་གཡུག་པ་ལྟར་སླེབས། ཁོ་མོས་ཟླ་བའི་མདུན་དུ་ཐལ་བ་གང་སར་གཏོར་ཡོད་པ་མཐོང་སྟེ“ཐ་མག་འཐེན་པ་ནི་རང་སྲོག་གཅོད་པ་དང་འདྲ་ཞེས་བྲིས་ཡོད་པ་འདི་མི་མཐོང་ངམ”ཟེར་བཞིན་གྱང་ངོས་ཀྱི་རི་མོ་ཞིག་བསྟན། རི་མོའི་སྟེང་དུ་མགོ་སྐོགས་སྐམ་པོ་ཞིག་གི་ཁ་ནང་ལ་དུ་བ་ལྷོག་ལྷོག་འཕྱུར་བའི་ཐ་མག་ཅིག་བཟུང་འདུག ཟླ་བས་ཐ་མག་ཐང་ལ་དྲུད་དེ་མེ་བསད་པ་ན། རྒན་མོའི་གདོང་ལས་འཛུམ་མེ་ཏོག་འདྲ་བ་ཞིག་མངོན་བཞིན་རི་མོ་གཞན་ཞིག་བསྟན་ཏེ“ཐ་མག་འཐེན་ཚེ། སྒོར་ལྔ་བཅུས་ཆད་པ་སྟེར་དགོས་ཞེས་བྲིས་ཡོད་པ་འདི་རེད”ཟེར་ཏེ་ལག་པ་ཟླ་བའི་མདུན་ལ་བསྲིངས།
ཟླ་བས“དངོས་གནས་ཚེ་སྲོག་ལ་གཅེས་ན། ངའི་ཆུང་མ་འདིར་ཡོང་སྟེ་ཉིན་མང་པོ་འགོར་ཡོད་མོད། སུས་ཀྱང་ཁ་ཡ་མི་བྱ་དོན་ཅི་ཡིན། ཁྱོད་ཚོ་གཡག་ལ་གཅེས་པ་མིན་པར་ཁྲག་ལ་གཅེས་པ་རེད”ཅེས་བཤད་པ་དང་། སེམས་སུ་སྒོར་མོ་མ་བྱིན་ཚེ། གནས་འདི་ནས་ཀྱང་སྡོད་དུ་འཇུག་རྒྱུ་མ་རེད་སྙམ་སྟེ་སྒོར་མོ་ལྔ་བཅུ་རྒན་མོའི་ལག་ཏུ་བཞག
ལྷ་མོས་ཅི་ཡིན་མ་ཤེས་པར“ཨ་ཡོ། ཉལ་ཁྲི་དང་ཉལ་ཆས་འདི་དག་ལ་ཞག་མ་རེར་སྒོར་ལྔ་བཅུ་རེ་སྤྲད་ཟིན་པ་མིན་ནམ། བར་ཁྱམས་འདི་ནས་བསྡད་ཀྱང་གླ་སྟེར་དགོས་པ་ཨེ་རེད། ཚེ་རིང་གིས་སྒོར་མོ་ནམ་ཞིག་ལ་བསྐུར་རྒྱུ་ཡིན་ནམ”ཞེས་བསྟུད་མར་དྲིས། ཟླ་བས་མེ་ཆ་བླངས་ཏེ་མེ་བསད་མ་ཐག་པའི་ཐ་མག་དེར་མེ་སྒྲོན་འདོད་མོད། རྒན་མོས་ཟུར་མིག་བགྲད་ཡོད་པ་མཐོང་རྗེས“ཚེ་རིང་གིས་ཁ་སང་ཕྱི་དྲོ་བསྐུར་ཐུབ་ཟེར་མོད། དངུལ་བྱང་ནང་ལ་སྒོར་མོ་བཞག་པའི་འཕྲིན་ཐུང་འབྱོར་མ་བྱུང”ཟེར་གྱིན་ཐ་མག་འཐེན་འཕྲོ་དེ་སླར་དུ་སྒམ་ནང་ལ་བཅུག
“ཨ་ཡོ། འདི་ལྟར་བསྡད་ཚེ། སྐྱེ་ལྡན་རིལ་བུ་ཐོན་རག་ལ། ཨ་ཕའི་སྐྱེ་བ་འཛད་རྒྱུ་རེད། ཨ་ཡོ། ཁྱོད་ཀྱིས་སྨན་པ་ཚོར་ཞུ་བ་བྱས་ཏེ་ན་ཟུག་འཇོམས་བྱེད་ཀྱི་ཁབ་ཅིག་བརྒྱག་ཏུ་འཇུག་རོགས། ཨ་ཡོ”ལྷ་མོས་འཁུན་སྒྲ་རིང་མོ་གཅིག་འཐེན་གཉིས་འཐེན་བྱས།“ཡང་ན་ཟུག་ལངས་བྱུང་ངམ། སྒོར་མོ་མེད་ན་ཞུ་བ་བྱེད་ས་ཞིག་མི་འདུག ཅུང་ཙམ་སྲོན་དང་། སྒོར་མོ་བསྐུར་ཁོ་ཐག་ཡིན”ཟླ་བས་ཐ་མག་ལེན་ཞོར་དུ་སྨྲས་ཏེ་སྤྱོད་ཁང་དུ་འཛུལ་སོང་།
ཟླ་བས་མགོ་བོ་སྒུར་སྒུར་དང་ཉྭ་ལྷེམ་ལྷེམ་བྱེད་ཀྱིན་འགྲོ་བ་ལྷ་མོས་མཐོང་སྟེ། སྔོན་ཆད་ཁོ་རང་ཡུལ་ལ་ལོག་ཐེངས་རེར། དཀར་པོ་ལུག་ཚིལ་འདྲ་བའི་ནང་འཇམ་གྱོན་ཞིང་། ཆུ་ལས་བླངས་འདྲའི་ལྭ་རིང་དང་ཀོ་ལྷམ། མིག་ཤེལ་དང་ཀོ་ཁུག་སོགས་ནག་ཀྲིག་ཀྲིག་བྱེད་མོད། ད་ལྟ་ཁོ་རང་གཉོམ་ཆུང་རྐུན་མ་ཞིག་དང་འདྲ་སྙམ་སྟེ། སྙིང་རྗེ་ཚད་མེད་ཅིག་སྐྱེས་པ་དང་མཉམ་དུ་དངན་པ་རིང་མོ་ཞིག་ཀྱང་ཤོར་སོང་།
ཁོ་རང་ཚད་འདི་འདྲར་ལྷུང་དུ་འཇུག་མཁན་ནི་ང་ལས་གཞན་སུ་ཞིག་ཡོད། བརྗེད་ཐབས་བྲལ་བ་ཞིག་ནི། ང་རང་ལོ་ཆུང་བྱིས་པའི་དུས་ཀྱི་ས་རུབ་ཁ་ཞིག་ལ། ཨ་མས་སླེ་བོ་ཞིག་ཕྲག་གཡོན་པར་གཟར་ཏེ་གང་ཞིག་ཏུ་ཕྱིན་སོང་། ལྟོགས་ཏེ་མཆིན་པ་ན་བའི་ང་དང་ནུ་བོ། སྲིང་མོ་གསུམ་རྙིང་རལ་གྱི་ཉལ་ཐུལ་ཞིག་གི་ནང་དུ་འཛུལ་ཏེ་བསྒུགས་ནས་བསྡད། སྐབས་དེ་ནི་ཆར་ཐིགས་ཙམ་ཡང་མ་བབས་པར་ཟླ་བ་གཉིས་ལྷག་འགོར་བའི་དུས་ཤིག་ཡིན། ས་སྲོས་ཀྱི་དུས་སུ་ཨ་མ་ཕྱིར་སླེབས་བྱུང་།
ཨ་མས་རྒྱབ་ཀྱི་སླེ་བོ་ཐབ་ཀའི་སྟེང་དུ་ཁེན་ནས“ཨ་ཡོ་ཤུ། ལྷ་གོ ཡར་ལོངས་དང་། ཨ་མས་ཤ་མང་པོ་ཁུར་འོངས་ཡོད”ཟེར། ཆུ་འཁྱག་འཐུངས་ཏེ་ཕོ་བ་འགྲང་ཐབས་བྱ་དགོས་པའི་དུས་ཤིག་ལ། ཤ་ཞིག་གང་དུ་ཡོད་དམ། ངས་དེ་ལྟར་བསམས་ཏེ་ཨ་མའི་སྐད་ཆར་ཡིད་ཆེས་མ་བྱས། ཡིན་ནའང་ཨ་མས་དམར་ལྷུག་ལྷུག་གི་ཤ་རྡོག་ལུག་མགོ་འདྲ་བ་འགའ་སླ་ངའི་ནང་དུ་བཞག་རྗེས། རྩྭ་ཕུག་གིས་བཀང་བའི་སླེ་བོ་ཞིག་ཁུར་འོངས་ཏེ་ཐབ་ཁུང་དུ་མེ་སྦར། ཉིན་གང་བོར་ཚ་ཐབ་ཀྱི་སྟེང་དུ་གཉིད་མ་སད་ཀྱིས་བསྡད་པའི་ནུ་བོ་དང་སྲིང་མོ་གཉིས་ཉལ་ཐུལ་ལས་བུད་དེ་གོ་ཁར་ལྡིང་། ཁོ་གཉིས་དམར་ཧྲེང་ཧྲེང་གི་ཕག་ཕྲུག་ལྟར་ཨ་མའི་མདུན་དུ་སོང་སྟེ“ཨ་མ། ང་ལྟོགས་ཀི”“ཨ་མ། ང་སྐོམ་ཀི”ཟེར་བཞིན་སླ་ངའི་ནང་དུ་ལྡིང་ལ་ཁད་བྱས།
སླ་ངའི་ནང་གི་ཤ་གདུ་ལྷོག་བྱས་པ་དང་བསྟུན་ནས་ཁང་པའི་ནང་དུ་དྲི་ཞིམ་སྟུག་པོ་ཞིག་ཁྱབ་ལ། སྣུམ་སྒྲོན་གྱི་མགོ་བོ་འདར་ཡོམ་ཡོམ་བྱས་ཤིང་། ཚིལ་དྲེག་གིས་སྦགས་པའི་ནུ་བོ་དང་སྲིང་མོ་གཉིས་ཀྱིས་འཛུམ་དམུལ་དམུལ་བྱས། ངས་ཀྱང་ཤེད་ཤུགས་གང་ཡོད་བཏོན་ནས་དྲི་ཞིམ་དེ་རྔུབ་གང་ཐུབ་བྱས། དུས་ཡུན་རིང་པོ་ཞིག་འགོར་རྗེས། ཨ་མས“གཅེས་ཕྲུག་ཚོ། ཡར་ལོངས་དང་། ཤ་འཚོས་འདུག”ཟེར། གསུང་སྐད་སྙན་མོ་དེ་ནི་ཚ་གདུང་སེལ་བའི་སྦྲང་ཆར་བསིལ་མ་ལྟར་ང་ཚོར་རྣམ་རིག་རྒྱས་སུ་བཅུག
ཨ་མས་དྲི་ཞིམ་ཐུ་ལུ་ལུ་བྱེད་པའི་ཤ་རྡོག་རེ་རེ་གྲིས་བཅད་དེ་ང་ཚོའི་ལག་ཏུ་བཞག་མ་ཐག མྱུར་མོར་ཁ་ནང་ལ་བརྫངས་ཏེ་བལྡད་པ་ན། ཧྲུག་ཧྲུག་གི་སྒྲ་གྲག་བཞིན་ཞིམ་འཇམ་གྱི་རོ་མཆོག་ཡོད་ཚད་ལྕེ་ཁུག་ཏུ་འཁྱིལ་འོངས། ང་ཚོས་ཁ་ལག་གཉིས་ནས་ཚི་ཁུ་འོད་ཀྲིག་ཀྲིག་ཏུ་བཞུར་གྱིན་ཤ་སྡེར་མ་གང་བོ་ཟོས་ཏེ་ཚར་རྗེས། ནུ་བོ་དང་སྲིང་མོ་གཉིས་ཀྱིས་ཁ་ནས་ཨིག་སྒྲ་སྒྲོག་བཞིན་ཉལ་ཐུལ་ནང་དུ་འཛུལ་ཏེ་སྐད་ཅིག་ལ་གཉིད་དུ་ཡུར། ངའི་ལུས་སུའང་ཁྲག་རྒྱུན་དྲོན་མོ་ཞིག་དྲངས་པ་ལྟར་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར་ལ། སྔར་ན་མེད་པའི་གཉིད་སྟུག་པོ་ཞིག་གིས་མིག་སྐྱི་གཉིས་ཡང་ཡང་མནན་བྱུང་།
གཉིད་མ་སད་ཀྱི་དུས་སུ་ཨ་མས་ང་རང་བསྒུལ་ནས“ལྷ་གོ མྱུར་མོར་ཡར་ལོངས་དང་། འུ་གཉིས་ཤ་ལེན་དུ་འགྲོ”ཟེར། ངས་མིག་ཟུང་བཙན་གྱིས་ཕྱེས་ཏེ་ཡར་ལངས་པ་ན། ཨ་མས་སླེ་བོའི་ནང་དུ་སྟེའུ་གཡུགས་རྗེས་ངའི་ལག་གཡས་པར་འཇུས་ཏེ་སྔོན་དུ་བསྐྱོད། ང་རང་ཨ་མའི་རྗེས་སུ་དམ་པོར་འབྲང་བཞིན་ཡོད་ནའང་། གཉིད་ཀྱིས་དུབ་སྟེ་གོམ་པ་བར་སྣང་དུ་སྤོ་བ་ལྟར་གང་ཞིག་ལ་འགྲོ་བའང་མ་ཤེས། གློ་བུར་ཐག་སྒྲ་ཞིག་གིས་མཚན་མོའི་ལྷིང་འཇགས་ཡོངས་སུ་དཀྲོགས་ཤིང་། ངའི་གཉིད་ཀྱང་ཡོངས་སུ་སངས་པར་བྱས།
ཞིབ་ཏུ་ལྟ་དུས་ངེད་གཉིས་ང་ཚོ་སྡེ་བའི་རྟ་རོ་དང་བོང་རོ་འཕེན་སའི་བྱ་ལུང་མདོར་སླེབས་འདུག ཐག་སྒྲ་དེ་ནི་ཨ་མས་སྟེའུ་ཡིས་དྲེལ་རྒན་ཤི་རོ་ཞིག་གི་སྟེང་དུ་གཞུས་ཏེ་གྲགས་པ་རེད། དྲེལ་རྒན་དེའི་རྐང་ལག་བཞི་བོ་སྔོན་ནས་བཅད་ཟིན་པར་མ་ཟད། རྩིབ་རུས་སྟེང་གི་ཤའང་ཕལ་ཆེར་བཞར་ཏེ་ཚར་འདུག ཤུལ་དུ་ལུས་པ་ནི་མིག་ཟུང་ཆེ་ཆེར་བགྲད་པའི་མགོ་བོ་དང་རུས་སྒྲོམ་རེད། མ་གཞི་ང་ཚོས་ཟོས་པའི་ཤ་དེ་ནི་དྲེལ་རྒན་དེའི་ཤ་རེད།
ངའི་མིག་ལམ་དུ་ཨ་མས་ཤ་རྡོག་རེ་རེ་ཁྲག་དམར་ཙར་ཙར་གྱིས་སླ་ངའི་ནང་དུ་འཇོག་པ་དང་། ནུ་བོ་དང་སྲིང་མོ་གཉིས་ཀྱི་ཁ་ནས་འོད་ཀྲིག་ཀྲིག་གིས་ཚི་ཁུ་བཞུར་བའི་རྣམ་པ་དག་ཤར་འོངས། ཁོ་མོའི་གཟེངས་ཤིང་འཛིངས་པའི་སྐྲ་ལོ་དང་ནག་ཅིང་རིད་པའི་ངོ་གདོང་། ལྷག་པར་ལྷབ་ལྷུབ་ཏུ་འབར་བའི་མེ་ལྕེའི་འོག་ཏུ། ཨ་མའི་བྱ་སུག་ལྟ་བུའི་ལག་གཡོན་པས་མིག་ཟུང་བགྲད་པའི་དྲེལ་མགོ་མནན་ཞིང་། ལག་གཡས་པས་སྟེའུ་གནམ་ལ་བཀྱགས་ཏེ་གཞུ་བའི་བཟོ་ལྟ་སོགས་ནི་གཏམ་རྒྱུད་ནང་གི་ཨ་མ་འདྲེ་མོ་ལྕགས་ཀྱི་མཆི་ཏོ་ཅན་ལྟར་འཇིགས་སུ་རུང་བ་ཞིག་རེད།
ཨ་མས་སྟེའུ་ཡིས་དྲེལ་མགོ་སྟེང་ལ་གཞུ་ཐེངས་རེར། ཐག་སྒྲ་དང་ཁྲོག་སྒྲ་གྲག་བཞིན་མེ་སྟག་མཆེད་དེ་ཁྲག་དམར་གང་སར་ཐོར། སྟབས་མ་ལེགས་པར་དྲེལ་རྒན་གྱི་ཁྲག་དམར་ངའི་གདོང་ལ་ཐོར་ཏེ་ཁ་ནང་དུ་བཞུར་བ་ན། ཁོག་གི་དོན་ལྔ་སྣོད་དྲུག་མིད་ཐག་ཁར་བཙངས་པ་ལྟར་ཆུ་འཁྱག་དང་དྲེལ་ཤ་ཡོད་ཚད་ཕྱིར་བསྐྱུགས། ཨ་མས་མཐོང་སྟེ“ལྷ་གོ དྲེལ་ཤར་སྐྱུག་མེར་ལངས་དགོས་དོན་ག་ལ་ཡོད། དྲེལ་ནི་རྩྭ་གཟན་རེད། ང་ཚོས་སྐྱག་པ་བཟའ་རྒྱུར་དགའ་བའི་ཕག་གི་ཤའང་ཟོས་པ་མ་ཡིན་ནམ། ནུ་བོ་དང་སྲིང་མོ་གཉིས་ལ་དྲེལ་ཤ་ཡིན་པ་གཏན་ནས་བཤད་མི་རུང་། ཁྱོད་ཀྱིས་སེམས་ལ་ཟུངས”ཟེར།
ཕྱི་ཉིན་ནས་བཟུང་། ཨ་མ་དང་ནུ་བོ་སོགས་ཀྱིས་ང་ལ་དོ་སྣང་ཅི་ཡང་མི་བྱ་བར་དྲེལ་ཤ་ཟ་རྐྱང་བྱས་པས། ཁོ་ཚོའི་མཁུར་མགོར་དམར་མདངས་རྒྱས་ཏེ་སྨིན་ཐག་ཆོད་པའི་ཀུ་ཤུ་ཞིག་དང་འདྲ་ལ། བྱ་སུག་ལྟ་བུའི་ལག་པའང་སྣུམ་གྱིས་སིམ་སོང་། ཡིན་ནའང་ཁོ་ཚོས་དྲེལ་ཤ་ཟ་ཐེངས་རེར། ང་རང་སྒོར་བྲོས་ཏེ་མིག་ཟུང་འཇུར་ལ་ཁད་བྱེད་ཀྱིན་བསྐྱུགས། བསམ་ཡུལ་ལས་འདས་པ་ཞིག་ལ། བྲོ་བ་ཁ་མོ་ཡིན་པའི་སེར་ཁུ་ཞིག་ཀྱང་ཐེངས་མང་པོར་ཕྱིར་སྐྱུག་དགོས་བྱུང་། དྲེལ་ཤ་ཟོས་ཏེ་ཟླ་ཕྱེད་ལྷག་འགོར་རྗེས། སྡེ་བའི་ལོ་ལོན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་དུར་ཁྲོད་དུ་བསྐྱལ་ཅིང་། བརྙངས་ཏེ་ཡུན་རིང་འགོར་བའི་ནུ་བོ་དང་སྲིང་མོ་གཉིས་ཀྱང་ཉལ་ཐུལ་གྱི་འོག་ནས་ལ་ཕུག་རྙིད་པ་ལྟར་གྲག་འགུལ་མེད་པར་གྱུར།
ནམ་གུང་གི་དུས་ཤིག་ལ། ཨ་མས་མིག་ཆུ་འབྱིད་ཞོར་དུ་ནུ་བོ་དང་སྲིང་མོ་གཉིས་སླེ་བོའི་ནང་དུ་བཞག་སྟེ་གང་ཞིག་ཏུ་ཁུར་ལ། ང་རང་སྐྲག་ཞོར་དུ་ཁོ་ཚོ་ཕྱིར་འོང་བར་རེ་སྒུག་བྱས། ནམ་གསལ་ལ་ཉེ་སྐབས་ད་གཟོད་ཨ་མ་གཅིག་པུ་ཕྱིར་སླེབས་འོངས། ངས“ད་དུང་ནམ་ལངས་མེད་པས། ནུ་བོ་དང་སྲིང་མོ་གཉིས་ཕྱི་རོལ་དུ་བསྐྱུར་ན་ཁོ་གཉིས་མི་སྐྲག་གམ”ཞེས་དྲིས། ཨ་མའི་ལག་ཟུང་གིས་ངོ་གདོང་བཀབ་སྟེ“ཁོ་གཉིས་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་ཕྱིན་སོང་། མ་ཎི་ཐོན་དང་། མགྱོགས་པོར་ཕྱིར་བསླེབ་ཐུབ”ཟེར་བཞིན་ངུས།
ངས་ནམ་གསལ་ཚེ་ཁོ་གཉིས་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ནས་ཕྱིར་སླེབས་ཐུབ་འདོད་དེ། སྐད་གསང་མཐོན་པོས་མ་ཎི་ཡིག་དྲུག་བཏོན། འོན་ཀྱང་ཁོ་གཉིས་ཕྱིར་འོང་རྒྱུ་ཕར་ཞོག ངའི་ན་ཟླ་འགའ་ཡང་གཏན་ནས་མཐོང་རྒྱུ་མེད་པར་གྱུར། དེའི་ནང་དུ་ངའི་རྩེད་གྲོགས་མཚོ་སྐྱིད་ཀྱང་ཡོད། བྱིས་པ་མང་པོ་མཚོ་སྐྱིད་ལྟར་གཅིག་རྗེས་གཅིག་གིས་མ་ཆོད་པར་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་ཕྱིན་རྗེས། ངའི་ཨ་མས་ཀྱང་འཁུན་སྒྲ་སྒྲོག་འགོ་བརྩམས། ཁོ་མོས་འཁུན་སྒྲ་འབྱིན་ཐེངས་རེར་གཏིང་དུ་བརྡིབས་པའི་མིག་ཟུང་གིས་ང་ལ་ཅེར་ཏེ་ཡུན་རིང་དུ་སྡོད།
སྨུག་ཧ་ཅང་ནག་པའི་མཚན་མོ་ཞིག་ལ། ཨ་མའི་སྐམ་རིད་ཀྱི་ལག་པས་ངའི་ལག་པ་དམ་པོར་བསྡམས་ཏེ“ལྷ་གོ ང་རང་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ལ་ནུ་བོ་དང་སྲིང་མོ་གཉིས་འབོད་དུ་འགྲོ་དགོས། ང་རང་སོང་ཤུལ་དུ་ཁྱོད་རང་ཟླ་བ་ཚང་ལ་སོང་། ཁྱོད་ཀྱིས་ཁོའི་ཕ་མ་གཉིས་ཀྱི་ཁ་ལེན་ཚིག་བརྩི་བྱ་དགོས། ཁ་ལེན་ཚིག་བརྩི་བྱས་པ་ཇི་ལྟར་བཟང་ན། ང་ཚོ་དེ་ལྟར་ཕྱིར་མགྱོགས་པོར་སླེབས་ཐུབ”ཟེར། ང་རང་དགའ་སྟེ་ནུ་བོ་དང་སྲིང་མོ་གཉིས་ཕྱིར་ཐོན་པའི་རྨི་ལམ་རྨི་བཞིན་བསྡད།
ཕྱི་ཉིན་གཉིད་ལས་སད་དུས། ང་རང་ཟླ་བའི་རུམ་དུ་ཉལ་ཡོད་མོད། ངེད་གཉིས་མ་གཏོགས་མི་གཞན་གཅིག་ཀྱང་མི་འདུག ངས་ཨ་མས་བཤད་པ་དེ་དག་དྲན་ནས་མགྱོགས་མྱུར་ངང་ངེད་ཚང་ལ་རྒྱུགས། ངེད་ཚང་དུ་སྡེ་མི་མང་པོ་གཡས་ལོག་གཡོན་ལོག་བྱས་ཏེ་མ་ཎི་འདོན་བཞིན་འདུག ཁོ་ཚོས་ང་རང་མཐོང་མ་ཐག“སྙིང་རེ་རྗེ། གཅེས་ཕྲུག་མ”དང“ལྷ་མོ། ད་མ་ཎི་ཐོན”སོགས་བརྗོད་དེ་མིག་ནས་མཆི་མ་བཞུར་བྱུང་།
ཧ་མི་གོ་བའི་སྐད་ཆ་དང་རྣམ་འགྱུར་དེ་དག་གིས་ང་ལ་སྐྲག་སྣང་ཞིག་བྱིན། ངས་མིག་རིག་རིག་གིས་ཨ་མ་བཙལ་མོད། ཨ་མའི་འཛུམ་མདངས་དེ་མཐོང་ཐབས་བྲལ་ཞིང།“ལྷ་གོ”ཞེས་འབོད་པའི་སྐད་སྙན་མོ་དེའང་ཐོས་ཐབས་བྲལ། མྱུར་མོར་སྒོ་ཁར་རྒྱུགས་ཏེ་ནུ་བོ་དང་སྲིང་མོ་གཉིས་བཙལ་ནའང་། བྱིས་པ་ཚོའི་གྲས་ནས་ཁོ་གཉིས་ཀྱི་སྐྲ་ལོས་མནན་པའི་འབག་བཙོག་གི་ངོ་གདོང་ཆུང་ཆུང་གཉིས་རྙེད་ཐབས་བྲལ། ཡུན་རིང་བཙལ་མཐར་ངེད་ཚང་གི་ཉལ་ཐུལ་དེ་མ་གཏོགས་ཅི་ཡང་མཐོང་རྒྱུ་མ་བྱུང་། ཟླ་བའི་ཨ་ཕས་ང་རང་པང་སྟེ“གཅེས་ཕྲུག་མ། ཁྱོད་ཀྱི་ཨ་མ་ཡང་ཐུགས་རྗེ་ཆེན་པོའི་ཞིང་ཁམས་སུ་ཕྱིན་སོང”ཟེར། ཡིན་ཡང་ངས་ཁོ་ཚོ་དེ་རིང་ཕྱིར་མ་སླེབས་ཀྱང་རྗེས་ནས་ཕྱིར་སླེབས་ཐུབ་སྙམ་སྟེ་རེ་སྒུག་བྱས།
དེ་ལྟར་ང་རང་དྭ་ཕྲུག་ཏུ་ལུས་པ་ནས་བཟུང་། ང་རང་ཟླ་བའི་ཕ་མ་གཉིས་ཀྱི་བུ་སྐལ་མར་གྱུར་ཏེ་གཅེས་སྐྱོང་བྱས། སྡིག་སྒྲིབ་ཆེ་བའི་ང་གནས་གང་དུ་ཕྱིན་ཡང་། ལས་དབང་ངན་པས་ང་རང་མ་བཏང་བར་ནད་ཀྱིས་བཟུང་སྟེ། བྲང་ཁར་ལྕགས་ཕུར་རྡེབ་བཞིན་པ་ལྟར་ཟུག་གཟེར་ལངས་ནས་དམྱལ་བའི་ཁམས་ལ་གསོན་པོར་རྒྱུ་བ་དང་འདྲ། དཀོན་མཆོག་གསུམ་པོ། ང་རང་མྱུར་དུ་འཆི་ཐུབ་ན་ངའི་སྡུག་ཟད་སོང་ལ། ཟླ་བ་ཁོའང་ངའི་ལས་དབང་གི་གྲིབ་མ་ནག་པོ་ལས་ཐར་ཐུབ་སོང་བ་རེད།
གཉིས།
“ལྷ་མོ། ཅི་ཞིག་ལ་འདང་རྒྱག་གིན་ཡོད། ན་ཟུག་ཅུང་ཙམ་བབས་པ་ཨེ་རེད”ཟླ་བ་བར་ཁྱམས་ཀྱི་ཉིས་སྒོ་ལས་ཕྱིར་འཛུལ་མ་ཐག་དེ་ལྟར་དྲིས། ཁོའི་ལྭ་བ་དང་མགོ་བོ། ལག་པ་བཅས་ལས་སྣ་ལ་གཟན་པའི་དུ་དྲི་ཁ་བོ་ཞིག་འཐིབ་ཀྱིན་ཡོད་ཅིང་། སྐད་ཆ་དེའང་དུ་དྲི་ཡིས་བཏུམས་ཏེ་ལྷ་མོའི་རྣ་ནང་དུ་འཛུལ།“ན་ཟུག་ཅུང་ཙམ་བབས་ཡོད་པ་འདྲ། སྒོར་མོ་བསྐུར་བྱུང་ངམ”ལྷ་མོས་མིག་ཆུ་དང་རྔུལ་ཆུ་མཉམ་དུ་འབྱིད་ཀྱིན་དྲིས་པར། ཟླ་བས་ཡི་ཐང་ཆད་པའི་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས།
“ཨ་ཡོ་ཤུ། ད་རག་བར་དུ་སྒོར་མོ་མི་བསྐུར་བར་བལྟས་ན། ཚེ་རིང་གིས་རྫུན་བཤད་པ་རེད། འུ་གཉིས་ཀྱིས་མིག་བརྫད་དེ་འདི་རུ་སྡོད་པ་ལས་ཕ་ཡུལ་དུ་འགྲོ། ཉིན་འདི་འགར་ངའི་ནད་གཞི་ཇེ་ཡང་དུ་འགྲོ་བ་ལས་ཇེ་ཐུ་རེད། ཕ་ཡུལ་དུ་སླེབས་ན། མ་མཐའ་ཡང་སྐྱག་དྲི་དང་སྨན་དྲི་འདི་དག་མེད་པས། ཇེ་དགར་འགྲོ་ཡང་སྲིད། ཨ་ཡོ་ཤུ”ལྷ་མོས་ལག་ཟུང་གིས་རང་གི་བྲང་ཁ་གནོན་གང་ཐུབ་བྱེད་ཞོར་དུ་སྨྲས།
“ཕ་ཡུལ་ནས་མ་དྲག་པར་སྨན་ཁང་དུ་འོངས་པ་མིན་ནམ། ཡུལ་ནས་བསྡད་ན་ཁྱོད་ཀྱིས་སྨན་ཁང་དུ་འགྲོ་ཟེར་ཏེ་ཞུ་བ་བྱེད། སྨན་ཁང་དུ་ཐོན་ན་ཡང་ཡུལ་ལ་འགྲོ་ཟེར། དོན་ངོ་མས་ཁྱོད་ཀྱིས་ཅི་ཞིག་བྱེད་འདོད་པ་ཡིན། འུ་གཉིས་ལ་འགྲོ་ས་ཞིག་ཡོད་དམ”ཟླ་བ་ཁྲོས་ཏེ་ངོ་གདོང་ཡོད་ཚད་སྐད་ཅིག་ཏུ་དམར་པོ་ཁྲག་ལྟར་གྱུར། ཁོའི་ངོ་གདོང་དེ་དང་ལྷ་མོའི་ཐལ་མདོག་གི་ངོ་གདོང་གཉིས་བསྡུར་ཚེ། ཁོའི་ཚིག་མདའ་རྣོན་པོ་དེས་ལྷ་མོའི་ཟུངས་ཁྲག་ཡོད་ཚད་བཞིབས་ཚར་བ་དང་འདྲ།
“འུ་གཉིས་དགོན་པར་འགྲོ་ཆོག དགོན་པ་ནི་གནས་འགངས་ཆེན་རེད། ང་རང་ཤི་རྗེས་ངའི་རྣམ་ཤེས་བདེ་བ་ཅན་གྱི་ཞིང་ཁམས་ནས་སྐྱེས་ཁོ་ཐག་ཡིན”ལྷ་མོས་སྐད་གདངས་དམའ་མོས་བཤད་དེ་མིག་ཆུ་འབྱིད་གང་ཐུབ་བྱས།“སྔོན་ཆད་ཁྱོད་ཀྱིས་གླེན་རྟགས་བསྟན་པས་མི་ཆོག ད་ལྟའང་ཁྱོད་ཀྱིས་རང་གི་ཚེ་སྲོག་རྩེད་སྤྱད་བྱེད་འདོད་པ་ཡིན་ནམ”ཟླ་བའི་སྐད་གདངས་དེ་ནི་དུང་ཆེན་ཞིག་བུས་པ་ལྟར་བར་ཁྱམས་ཡོངས་སུ་བཀང་བས། འཕྲིན་ཕྲན་ལ་ཅེར་བའི་ནད་གཡོག་མ་རྣམས་ཧད་དེ་བསྡད་ལ། ནད་པ་སྲུང་མཁན་དག་ཀྱང་ནད་ཁང་རེ་རེ་ནས་ཕྱིར་འོངས།
ཁོ་ཚོས་ཧ་ལས་པའི་མིག་མདངས་ཀྱིས་ཟླ་བ་དང་ལྷ་མོ་གཉིས་ལ་སྐོར་ལྟ་ཡང་ནས་ཡང་དུ་བྱས་རྗེས། ཡ་མཚན་གྱི་དོན་དག་ཅི་ཡང་མེད་པ་ཤེས་ཏེ་རེ་བ་སྟོང་ཟད་དུ་གྱུར་པའི་རྣམ་འགྱུར་སྟོན་བཞིན་བསྡད། ཟླ་བར་ཡིད་ཕམ་ཚད་མེད་ཅིག་སྐྱེས་ཏེ་སྔར་བྱུང་མ་མྱོང་བའི་དངན་པ་རིང་མོ་ཞིག་དུ་དྲི་དང་མཉམ་དུ་ཕྱི་རུ་ཕུད་བྱུང་།
ལས་དབང་གིས་ལྷ་མོ་དང་ངེད་གཉིས་དྭ་ཕྲུག་ནས་ཁྱིམ་གཅིག་ཏུ་སྦྲེལ་ཡོད། ད་ལྟ་མོས་ན་ཟུག་བསྲན་མ་ཐུབ་པར་འཆི་འདོད་ཀྱང་ཡོད་པའི་དུས་འདིར། ངས་སྡིགས་མོ་བྱེད་པ་ནི་ལས་རྒྱུ་འབྲས་དང་ག་ལ་མཐུན། ཁོ་མོ་ཚད་འདིར་ལྷུང་དུ་འཇུག་མཁན་ནི་ང་ཡིན། ངས་མོར་གླེན་རྟགས་བསྟན་ཞེས་སྨྲས་པ་ནི་རང་སྐྱོན་གཞན་འགེབས་བྱས་པ་མིན་ནམ། གླེན་པ་ངོ་མ་ནི་ང་ལས་གཞན་སུ་ཞིག་ཡོད།
ཆུང་དུས་སུ་ཨ་ཕས་མཚན་མོ་རེ་རེར་སྐྱབས་འགྲོ་དང་མདོ་གདུགས་སྒྲོལ་གསུམ་བཏོན་ཏེ་ཚར་རྗེས།“ཁྱོད་ཀྱི་ཨ་མྱེས་ཡོད་དུས། འུ་ཚང་གི་རྟ་ནོར་ལུག་གསུམ་གྱིས་ང་ཚོ་གཡང་ལུང་བར་མའི་རི་སྟོད་ཁེབས་ཤིང་། ཞིང་སས་ང་ཚོ་གཡང་ལུང་བར་མའི་རི་འདབས་བཀང་ཡོད། ཁྱི་རྒན་དེ་དག་གིས་འུ་ཚང་རྒྱབ་མི་དྲོས་ལ་ལྟོའང་མི་འགྲང་བའི་ཚད་འདི་འདྲར་ལྷུང་དུ་བཅུག་པ་རེད”ཟེར་བཞིན་སྨྲེ་སྔགས་འདོན། ངས་ཁོང་གི་སྐད་ཆ་དེ་དག་ནི“ཁ་ཏོན”ལྟ་བུ་ཞིག་རེད་སྙམ་སྟེ་ཁ་ཡ་མ་བྱས།
ངས་བསམ་ཤེས་པ་དང་མཉམ་དུ། ཨ་ཁུ་དོན་གྲུབ་ཀྱི་ཁ་བརྡའི་ཁྲོད་ནས་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ། ངའི་ཨ་མྱེས་ལ་འཐབ་རྩོད་བྱས་ཏེ་ཚེ་ལས་འདས་ཤིང་། ངེད་ཚང་གི་ཕྱུགས་ཟོག་ཡོད་ཚད་ཀྱང་བཙན་འཕྲོག་བྱས་པའི་གནས་ཚུལ་རགས་རིམ་ཙམ་ཐོས། ངས་ཕ་མ་གཉིས་ལ་རིག་གནས་གསར་བརྗེ་ནི་ག་འདྲ་ཞིག་ཡིན་པ་འདྲི་འདོད་མོད། ཚེ་འདས་ཨ་མྱེས་གླེང་ན་ཨ་ཕས་གཅར་རྡུང་བྱ་སྲིད་པས། ཚིག་གཅིག་ཀྱང་འདྲི་མ་ཕོད།
རྗེས་ནས་སྡེ་བའི་ཕྱུགས་ཟོག་གི་གྲས་ནས་ངེད་ཚང་ལ་ར་མ་འགའ་དང་ཞིང་ས་འགའ་བགོས་ཤིང་། ཨ་ཕའི“ཁ་ཏོན”དེ་འདོན་མཚམས་ཆད་མོད། ཡང་བསྐྱར“ཁ་ཏོན”གཞན་ཞིག་སྟེ།“ར་མའི་མིང་ལ་ནོར་ལུག་ཟེར་རམ། སྐས་ཞིང་གི་མིང་ལ་ཞིང་ས་ཟེར་རམ། ཨ་མྱེས་གསང་བདག་ཚང་གི་ཐོ་རུ་འབྲུག་འདྲ་བ་དེ་འུ་ཚང་གི་རྒོད་མ་རྔོག་རིང་མའི་རྟེའུ་རེད། ཨ་ཕྱི་འཇམ་དབྱངས་འཚོ་ཚང་གི་ཞིང་ས་ཐང་འདྲ་བ་དེའང་འུ་ཚང་གི་རེད། བསྟན་འཛིན་ཚང་གི་གཡག་འབྲོང་འདྲ་བ་དེ་ཡང་འུ་ཚང་གི་རེད”སོགས་སྡེ་བའི་ཞིང་ཕྱུགས་ཡོད་ཚད་ངེད་ཚང་གི་ཡིན་པ་ལྟར་བཤད།
ཨ་མས“བདེན་མོད། བྱིས་པ་གཉིས་ལ་བཤད་དེ་ཅི་བྱེད”ཟེར། ཨ་མའི་སྐད་ཆ་དེས་ཨ་ཕའི་སྐད་ཆ་དེ་དག་ནི“ཁ་ཏོན”ཙམ་ཞིག་མིན་པ་བདེན་དཔང་བྱས།“བྱིས་པ་གཉིས་ཆུང་ནའང་རང་གི་སྐྱེས་ཁུངས་ག་འདྲ་ཞིག་ཡིན་པ་ཤེས་ན་འགྲིག”ཨ་ཕས་དེ་ལྟར་སྨྲས་རྗེས་ཡང་བསྐྱར“ཁ་ཏོན”ཟློ་འགོ་བརྩམས། ཨ་མས་ཁོར་འོག་མིག་གིས་ལྟ་བཞིན་ང་དང་སྲིང་མོ་མཚོ་སྐྱིད་གཉིས་ལ་གནའ་གཏམ་ཡང་བཤད་མི་ཐུབ་པས། ང་རང་ཨ་ཕའི“ཁ་ཏོན”དེ་དག་ལ་སུན་སྣང་ཚད་མེད་ཅིག་སྐྱེས།
ང་རང་ལོ་བརྒྱད་ཡས་མས་ཀྱི་དུས་སུ། ཨ་ཕས་གཡང་ལུང་ཞོལ་མ་ནས་བ་མོ་ཁྲ་རིལ་མ་ཞིག་ཉོས་འོངས། ཨ་མས་འོ་མ་བཞོ་ཐེངས་རེར“གཡང་ཟོག་མ། དེ་རིང་ཡང་འོ་མ་མང་པོ་བབས་འདུག”ཟེར། དངོས་གནས་ཨ་མས་བཤད་པ་ལྟར་བ་མོ་ཁྲ་རིལ་མའི་འོ་མར་བརྟེན་ནས། ང་དང་མཚོ་སྐྱིད་གཉིས་ཀྱིས་ན་ཟླ་གཞན་པ་དང་འདྲ་བའི་ལྟོགས་སྐོམ་མྱངས་མ་དགོས་ལ། ཕ་མ་གཉིས་ཀྱི་ངོ་གདོང་ཡང་སྡེ་མི་གཞན་གྱི་ངོ་གདོང་ལྟ་བུའི་སྐྱ་བོ་ཞིག་མིན་པ་ལྟར་སྣང་། ཉིན་ཞིག་གི་ནངས་མོ། ཨ་མས་དམ་བེའི་ནང་དུ་བ་མོའི་འོ་མ་བླུགས་ཏེ“ཟླ་བ། འུ་ཚོ་ཨ་ཞང་ལ་འགྲོ”ཟེར། ཨ་ཞང་གིས་རྒྱུན་དུ་ང་ལ“པྲ་ཆལ་འདི་ལ་བཤད་རྒྱུ་མང་། འདིའི་སྔུན་ནས་ཁ་བརྡའང་བྱ་མི་རུང”ཞེས་སྡིགས་མོ་བྱེད་པས། ངས་ཨ་མར“ང་རང་འགྲོ་འདོད་གཏན་ནས་མེད། ཁྱོད་ཚོ་སོང་དང་། ང་རང་ཁྱིམ་ནས་འདུག་རྒྱུ་ཡིན”ཞེས་སྨྲས་ཏེ་སྒོར་བྲོས། ཕ་མ་གཉིས་ཀྱིས་ཅི་ཡང་མི་བཤད་པར་སྲིང་མོ་མཚོ་སྐྱིད་ཁྲིད་དེ་ཨ་ཞང་ཚང་ལ་ཆས་སོང་།
` ཁོ་ཚོ་ཕྱིར་འོངས་རྗེས་མཚོ་སྐྱིད་ཀྱིས“ཕུ་བོ། ཨ་ཞང་གིས་ང་ལ་ཤ་ཞིམ་པོ་བཟའ་རུ་བཅུག ཁྱོད་ཀྱང་སོང་ཡོད་ཚེ། ཤ་མང་པོ་བཟའ་ཐུབ”ཅེས་སྣུམ་འགོས་པའི་ཁ་ཤ་འབྱིད་ཞོར་དུ་སྨྲས། རྒྱུན་དུ་མཚོ་སྐྱིད་ཨ་ཞང་ཚང་དུ་ཕྱིན་ནས་ཕྱིར་སླེབས་རྗེས། ཟས་ཞིམ་པོ་ཇི་ལྟར་ཟོས་ཚུལ་དང་ཨ་ཞང་གིས་མོར་གཅེས་སྐྱོང་ཇི་ལྟར་བྱས་ཚུལ་བཤད། དེ་ལས་ལྡོག་སྟེ་ང་རང་ཨ་ཞང་ཚང་དུ་ཕྱིན་ཐེངས་རེར། ཟས་ཞིམ་པོ་ཞིག་ཕར་ཞོག ཁ་སྐོམ་ན་ཆུ་ཧུབ་གང་ཡང་འཐུང་དུ་མི་འཇུག་པར་ང་རང་སྒོར་དེད་འོངས་པས། ལས་རྒྱུ་འབྲས་དང་མཐུན་པ་ཞིག་མ་རེད་སྙམ་སྟེ། ངག་ལས་སྡུག་སྐད་ཙེར་ཙེར་དུ་ཤོར་སོང་།
ཨ་མས“ཟླ་བ། མ་ངུ་དང་། ཁྱོད་ལའང་ཤ་ཁྱེར་ཏེ་འོངས་ཡོད”ཟེར་ཏེ་རུམ་ནས་ཤ་རྡོག་ཅིག་བླངས། ཤ་ཡི་བྲོ་བ་ཞིམ་པོ་ངའི་སྣ་ནང་དུ་མ་སླེབས་གོང་། གར་ཡོང་མི་ཤེས་པའི་ཁྱི་རྐུན་ཞིག་གིས་གློག་འཁྱུག་པ་ལྟར་ཨ་མའི་ལག་གི་ཤ་རྡོག་ཁུར་ནས་གར་སོང་ཆ་མེད་དུ་གྱུར། ཧ་ལས་པ་ཞིག་ནི་ཕྱི་ཉིན་ནས་བཟུང་མཚོ་སྐྱིད་ལ་གྲོད་པ་བཤལ་བའི་ནད་བྱུང་ལ། སྡེ་བའི་ལོ་ལོན་དང་བྱིས་པ་མང་པོར་ཡང་ནད་དེ་འགོས་འདུག་ཟེར། ཉིན་འགའ་ཡང་མ་འགོར་བར་སྡེ་མི་མང་པོ་དུར་ཁྲོད་དུ་བསྐྱལ་བར་མ་ཟད། ཨ་ཞང་བཟའ་ཟླ་གཉིས་ཀྱང་སྔ་གཞུག་བརྩད་དེ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པ་རེད།
མཚོ་སྐྱིད་ཀྱི་གྲོད་པ་བཤལ་ཏེ་ཀུ་ཤུ་རྙིད་པ་ལྟར་གྱུར་པའི་ཉིན་ཞིག་ལ། ངེད་ཚང་ལ་ལྭ་རིང་དང་ཞྭ་མོ། ཁ་ཐུམ་སོགས་དཀར་པོ་ཡིན་པའི་སྨན་པ་མང་པོ་སླེབས་ཏེ“ཁོ་མོའི་ནད་འདི་ནི་འགོས་ནད་ཅིག་རེད”ཟེར། སྡེ་མི་ཚོའི་ཁ་ནས་ཐོས་པ་ལྟར་ན། སྨན་པ་ཚོས་ནད་པ་སུ་ཞིག་ལ་གནམ་ཁབ་བརྒྱབ་ཚེ། དུག་བླུད་པ་ལྟར་འདར་བཞིན་ཤི་འགྲོ་ཟེར་བ་ཐོས་མྱོང་། ཡིན་ཡང་སྨན་པ་ཞིག་གིས“གནམ་ཁབ་ཀྱིས་དྲག་ཏུ་འཇུག་མ་ཐུབ་ཚེ། ཐབས་བཀོད་གཞན་མེད”ཟེར་གྱིན་དམ་བེ་ཞིག་གནམ་ལ་དཔྱངས་པ་དང་། འགྱིག་སྐུད་ཀྱི་སྣེ་གཅིག་དམ་བེའི་ཁར་འཛེར་ཞིང་སྣེ་གཅིག་མཚོ་སྐྱིད་ཀྱི་ལག་ངར་དུ་བཙུགས་བྱུང་།
མིག་གཉིས་ཆེ་ཞིང་མཁུར་མགོ་དམར་བའི་མཚོ་སྐྱིད་ཡུད་ཙམ་ལ་གཉིད་མ་སད་དུ་བསྡད་རྗེས“ཨ་ཕ། ཨ་མ”ཟེར་གྱིན་འགྲེ་ལྡོག་བརྒྱབ། ངས་ཁོ་མོའི་ལག་ངར་གྱི་གནམ་ཁབ་དེ་འབལ་དགོས་སྙམ་སྟེ་རྒྱུགས་པ་ན། སྨན་པས་བཀག་སྟེ་གོམ་གང་ཡང་འགྲོ་རུ་མ་བཅུག མཚོ་སྐྱིད་ཀྱིས་ལག་ཆུང་ངའི་ཕྱོགས་སུ་བསྲིངས་ནས“ཕུ་བོ”ཞེས་བོས་རྗེས་མིག་ཟུང་བགྲད་དེ་བསྡད། མཚོ་སྐྱིད་གྲག་འགུལ་མེད་པར་གྱུར་པ་དང་མཉམ་དུ། སྨན་པ་རྣམས་འཚུབ་མ་ལྟར་འཁོར་ཅིང་ཨ་མའི་ངུ་ངག་ཀྱང་འབྲུག་སྒྲ་ལྟར་གྲགས།
ང་རང་གཉིད་ལྟ་བུ་ཞིག་ལས་སད་དུས། ཨ་ཁུ་དོན་གྲུབ་ཀྱིས་ང་རང་བསྡམས་འདུག ཁོས“བུ་ཞིག་འདི་ལྟར་ངུ་སྲོལ་ག་ལ་ཡོད། འཆི་བའི་དུས་སུ་སླེབས་པ་ན་སུ་ལའང་ཐར་ས་མེད། མཚོ་སྐྱིད་ལ་མཚོན་ན། ཁྱོད་ཀྱི་མིག་ཆུ་ནི་མོའི་ལུས་སྟེང་དུ་ཁྲོ་ཆུ་ངར་མ་ལྡུག་པ་དང་འདྲ་ཞིང་། ཁྱོད་ཀྱི་ངུ་སྒྲ་ཡང་མོའི་རྣ་ལམ་དུ་འབྲུག་སྟོང་ལྡིར་བ་དང་འདྲ་བའི་ན་ཟུག་ཡོད། དེ་ལས་མ་ཎི་ཐོན་དང་། མོའི་འགྲོ་རོགས་དེ་ཡིན”ཟེར། བཤད་མི་ཤེས་པའི་སྡུག་བསྔལ་ཞིག་གིས་ང་རང་བཟོད་ཐབས་བྲལ་ནའང་། སྡེ་བའི་ཕོ་གསར་ཡོད་ཚད་ཀྱང་ཨ་ཁུ་དོན་གྲུབ་ཀྱིས་བཤད་པ་ལྟར་ངུ་བཞིན་མེད་པས། བུ་ཞིག་ཡིན་ན་ངུ་མི་ཆོག་པ་རེད་སྙམ་སྟེ་བསྲན་གང་ཐུབ་བྱས།
ཉིན་འགའི་རྗེས་སུ་ང་ཚོ་སྡེ་བའི་ནང་དུ་ལྭ་བ་དཀར་པོ་གྱོན་པའི་སྤྱི་བདེ་མི་སྣ་མང་པོ་སླེབས་པར་མ་ཟད། མེ་མདའ་དང་དཀྲུམ་མདའ་གཉིས་ཀྱིས་གཡང་ལུང་གོང་ཞོལ་བར་གསུམ་གྱི་ས་མཚམས་ནས་ང་ཚོ་སྡེ་བའི་མི་གཅིག་ཀྱང་ཕྱིར་འགྲོ་རུ་མ་བཅུག་ལ། གཡང་ལུང་གོང་ཞོལ་གཉིས་ཀྱི་སྡེ་མི་ཞིག་ཀྱང་ང་ཚོ་སྡེ་བར་འོང་དུ་མ་བཅུག ཡིན་ནའང་སྲིང་མོ་མཚོ་སྐྱིད་འདས་རྗེས་ཀྱི་མཚན་མོ་རེ་རེར་ཨ་ཁུ་དོན་གྲུབ་ཁོ་རང་གཡང་ལུང་གོང་མ་ནས་ངེད་ཚང་ལ་སླེབས་འོངས། ཁོ་མ་གཏོགས་མི་གཞན་ཞིག་ང་ཚོ་སྡེ་བའི་ནང་དུ་མི་ཆ་མེད་ཅིག་གང་འདོད་ལྟར་འོངས་ཡོད་པ་མཐོང་དཀའ།
ལྷ་མོ་ངེད་ཚང་ལ་འོངས་པའི་ཉིན་སྔོན་མ་དེའི་ས་རུབ་ཁར། ཨ་ཕས་ཚགས་ཤོག་ནར་མོ་ཞིག་གིས་དུ་རྩྭ་གཅུ་ཞོར་དུ“སྤྱི་བདེ་མི་སྣ་དེ་དག་གིས་ང་ཚོའི་འགོས་ནད་འདི་གནམ་ཁབ་ཀྱིས་དྲག་ཏུ་འཇུག་མ་ཐུབ་ཚེ། སྒྱོགས་མདེལ་འཕངས་ཏེ་ང་ཚོ་སྡེ་བ་ཤུལ་ཙམ་ཡང་མེད་པ་ཞིག་ཏུ་བཟོ་རྒྱུ་ཡིན་ལུགས་རྗོད་ཀྱིན་འདུག”ཟེར།“སྐད་དམའ་མོ་བྱོས། ཟླ་བས་ཐོས་ན་སྐྲག་རྒྱུ་རེད། དཀོན་མཆོག་གསུམ་པོ། དེ་འདྲའི་ཚད་ལ་མི་ལྷུང་བར་སྨོན།”ཨ་མས་ངག་འདར་བཞིན་བཤད་པའི་སྐད་ཆ་དེ་ངའི་རྣ་ནང་དུ་འཛུལ་བ་ན། རང་དབང་མེད་པར་གྲང་འདར་ཞིག་བརྒྱབ།
“སྙིང་རེ་རྗེ། ལྷ་མོས་ཅི་ཡང་ཤེས་ཀྱིན་མེད་པ་འདྲ། མོའི་ཨ་ཕ་རྒྱ་མཚོ་བཙོན་ཁང་དུ་འགྲོ་ཁར། ཁོ་མ་བུ་ཚོ་ང་ལ་བཅོལ་གདམས་བྱས་ཡོད་མོད། ངས་གོ་ཅི་ཡང་ཆོད་མེད། ད་ལྟ་ལྷ་མོའི་ཨ་མའང་འཆི་ལ་ཉེ་བས་ཇི་ལྟར་བྱ།”ཨ་ཕས་ངའི་མགོ་བོར་བྱིལ་བྱིལ་བྱེད་ཀྱིན་དེ་སྐད་སྨྲས། ཁོའི་ལག་པ་ནི་འཁྱག་རོམ་ཞིག་དང་འདྲ་བར་ངའི་མགོ་བོ་ནས་རྐང་མཐིལ་བར་དུ་རྒྱུགས་བྱུང་། ཨ་མས“ངོ་མ་རེད། ཁ་སང་ང་རང་བལྟ་རུ་སོང་དུས། མོའི་ཨ་མས་ཀྱང་ལྷ་མོ་འུ་གཉིས་ལ་བཅོལ་གདམས་བྱས་སོང”ཟེར། ངས་སྲིང་མོ་མཚོ་སྐྱིད་དང་ང་ཚོ་མཉམ་དུ་རྩེས་པའི་རྣམ་པ་དག་དྲན་ཏེ་མིག་ཆུ་བཞུར་གྱིན་གཉིད་དུ་ཡུར། གཉིད་མ་སད་ཀྱི་སྐབས་སུ། ཨ་མས་ལྷ་མོ་ངའི་རུམ་དུ་བཞག་སྟེ་འཚབ་འཚུབ་ངང་སྒོར་ཕྱིན་སོང་། ངས་སྲིང་མོ་མཚོ་སྐྱིད་རུམ་པ་ལྟར་ཁོ་མོ་རུམ་ནས་བསྡད། ལྷ་མོ་ངེད་ཚང་དུ་འོངས་ཏེ་ཟླ་ཕྱེད་ལྷག་མ་འགོར་བར། ངའི་ཕ་མ་གཉིས་ཀྱང་འགོས་ནད་ཀྱིས་མ་བཏང་བར་མཉམ་དུ་ཉལ་སར་ལྷུང་།
ཉིན་ཞིག་གི་སྔ་མོ། ཨ་མས་རླངས་པ་ཐུ་ལི་ལི་བྱེད་པའི་མག་མོག་སྡེར་མའི་ནང་དུ་བཞག་ཅིང་འོ་ཇ་དཀར་ཡོལ་གང་རེ་བླུགས། རྣམ་པ་དེ་ནི་ལོ་སར་ཚེས་གཅིག་གི་སྔ་མོའི་མཆོད་སྐལ་དང་འདྲ་བས་འགྲམ་ཆུ་དབང་མེད་དུ་འཁྱིལ་བྱུང་། ལྷ་མོས་ཀྱང་ལག་པ་གཉིས་འཕུར་འཕུར་བྱེད་ཀྱིན་མག་མོག་ལེན་ལ་ཁད་བྱས། གལ་ཏེ་མོ་རང་གཅེས་ལང་ལ་ཤོར་ཡོད་པའི་སྲིང་མོ་མཚོ་སྐྱིད་ཡིན་ཚེ། སྔ་མོ་ནས་མག་མོག་ཞིག་དུམ་བུར་འགར་བགོས་ཡོད། ཨ་ཕས་ཚ་ཐབ་ཀྱི་གྱང་ངོས་སུ་སྦྱར་ཡོད་པའི་ཚགས་ཤོག་ཅིག་བཀོག་པ་ན། ཤུལ་དུ་ནར་དབྱིབས་ཀྱི་གྱང་ཁུང་ཞིག་ཡོད་ལ། དེའི་ནང་ནས་ཐང་ག་ཆུང་ཆུང་ཞིག་ཀྱང་མིག་ལམ་དུ་མངོན་ཡོང་།
ཨ་ཕས་མཆོད་ཀོང་ཞིག་གི་ནང་དུ་འབྲུ་སྣུམ་བླུགས་ཏེ་མེ་བསྒྲོན་རྗེས“ཟླ་བ། ལྷ་མོ། ཁྱོད་གཉིས་ཀྱིས་ཐང་གར་ཕྱག་ཚོལ”ཟེར། སྲིང་མོ་མཚོ་སྐྱིད་འདས་རྗེས་ཀྱི་མཚན་མོ་འགར། ཁོས་ང་ལ་ཐང་ག་དེའི་ཕྱོགས་སུ་ཕྱག་འཚལ་དུ་བཅུག་མྱོང་བས། ངས་སྲིང་མོ་མཚོ་སྐྱིད་དྲན་ཏེ“ཨ་ཕ། ཕྱག་འཚལ་ན་མཚོ་སྐྱིད་དྲན་འོངས”ཞེས་སྨྲས། ལྷ་མོས“ངས་ཨ་མ་དང་ནུ་བོ། སྲིང་མོ་གསུམ་དྲན་འོངས”ཟེར་གྱིན་མིག་ཆུ་བཞུར།
ཨ་ཕས་ལག་ཟུང་ཐལ་མོ་སྦྱར་ཏེ“ལྷ་མོ། ཐང་ག་འདི་ནི་ཁྱོད་ཀྱི་ཨ་ཕ་རྒྱ་མཚོ་འགྲོ་ཁར་ང་ལ་བཅོལ་བ་ཡིན། ཁོས་བཤད་པ་ལྟར་ན། དགོན་པའི་ཨ་ལགས་སྐུ་ཕྲེང་སྔོན་མས་གནང་བ་ཡིན་ཟེར། ད་ལྟ་ཁོ་ཚོ་ཚང་མ་འོད་དཔག་མེད་ཀྱི་ཞིང་ཁམས་འདི་རུ་ཡོད། གནས་འདིར་ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་ལ། རྒ་བ་དང་ན་བའི་སྡུག་བསྔལ་ཡང་མེད། འདིར་ཕྱག་མང་པོ་འཚལ་ན། ང་ཚོའང་ཞིང་ཁམས་འདིར་འགྲོ་ཐུབ”ཟེར། ལྷ་མོས་མིག་ཆུ་འབྱིད་ཞོར་དུ“འོད་དཔག་མེད་ཀྱི་ཞིང་ཁམས་འདིར་ངེད་ཚང་གི་ཁྱིམ་མི་ཡོད་ཚད་བསྡད་ཡོད་དམ”ཟེར་བར། ཕ་མ་གཉིས་ཀྱིས་མགོ་བོ་གུག་གུག་བྱས།
ཐང་ག་དེའི་དཀྱིལ་དུ་སྐུ་ལུས་དུང་ལྟར་དཀར་ཞིང་སྤྱན་གྱིས་ཟིམ་མེར་གཟིགས་པའི་ལྷ་སྐུ་ཅུང་ཆེ་བ་ཞིག་འདུག བློ་ཡུལ་དུ་ཤོང་དཀའ་བ་ཞིག་ལ། ལྷ་སྐུ་དེར་ཕྱི་ནང་གཉིས་བྱས་ཏེ་ཕྱག་བཞི་ཡོད་པ་དང་། ནང་གི་ཕྱག་གཉིས་ཀྱིས་ཐལ་མོ་སྦྱར་ཞིང་ཕྱི་ཡི་ཕྱག་གཡས་པས་ཤེལ་གྱི་ཕྲེང་བ་དང་ཕྱག་གཡོན་པས་མེ་ཏོག་བཟུང་འདུག ཐང་ག་དེའི་གཡོན་འོག་ཏུ་སྐུ་མདོག་སྔོ་ནག་དང་མཐའ་སྐོར་ཡོངས་སུ་མེ་ལྕེ་མཆེད་པ་ཞིག་ཀྱང་འདུག དེ་ནི་གང་ཞིག་ལ་མཆོང་ཕོད་པ་ལྟར་འཇིགས་སུ་རུང་བ་ཞིག་རེད། དེ་ལས་ལྡོག་སྟེ་གཡས་ཕྱོགས་སུ་ཕྱག་ཏུ་རལ་གྲི་ཐོགས་པའི་ལྷ་སྐུ་སེར་པོ་ཞིག་ཀྱང་ཡོད། ལྷ་སྐུ་དེ་མཐོང་མ་ཐག ཅི་ཞིག་གསུང་རྒྱུ་རེད་སྙམ་སྟེ་ལྷོད་ཤིག་ཤིག་ཏུ་གྱུར་འགྲོ། དེ་ནི་རིགས་གསུམ་མགོན་པོའི་ཐང་ག་ཞིིག་ཡིན་ཡང་། འོད་དཔག་མེད་ཀྱི་ཞིང་ཁམས་ཀྱང་དེ་ལྟར་ཡིན་ཤས་ཆེ།
ཨ་ཕས་མཆོད་མེ་ཐང་གའི་ཉེ་སར་ཁྱེར་ཏེ“འདི་དག་ནི་རིགས་གསུམ་མགོན་པོ་རེད། གཙོ་སྐུ་འདི་ཐུགས་རྗེ་ཆེན་པོ་དང་གཡོན་གྱི་འདི་འཇམ་དབྱངས། གཡས་ཀྱི་འདི་གསང་བདག་རེད”ཟེར་བར། ངས་རྩེད་གྲོགས་མགོན་པོ་སྐྱབས་དང་འཇམ་དབྱངས། གསང་བདག་གསུམ་དྲན་འོངས། ཁོས་མུ་མཐུད་དུ“འདི་གསུམ་ནི་སྙིང་རྗེ་དང་ཤེས་རབ། མཐུ་སྟོབས་གསུམ་གྱི་བདག་པོ་རེད། འདི་དག་ལ་ཕྱག་འཚལ་ཏེ་མཆོད་པ་བྱས་ཚེ། མི་འགྲུབ་པའི་བྱ་བ་ཅི་ཡང་མེད”ཟེར། ངའི་ན་ཟླའི་ཁྲོད་དུ་སྙིང་རྗེ་སྐྱིད་ཟེར་བའི་བུ་མོ་ཞིག་ཡོད་པ་ལས། ཤེས་རབ་དང་མཐུ་སྟོབས་ཟེར་བ་གཉིས་མེད་པས། ཁོས་ཅི་ཞིག་རྗོད་ཀྱིན་ཡོད་པ་རྟོགས་མ་བྱུང་།
ལྷ་མོས“ཨ་ཕ། ངའི་ཨ་མ་དང་ནུ་བོ་སོགས་གང་དུ་ཡོད། ཁོ་ཚོ་ནི་ལྷ་ཁང་ནང་གི་ལྷ་འདི་དག་རེད་དམ། སྤྲིན་ནང་གི་འདི་དག་རེད”ཅེས་དྲིས། ངས་ཀྱང་ཞིབ་ཏུ་བལྟས་པར། སྨད་ཀྱི་བྲག་ཁུང་དང་བར་གྱི་ལྷ་ཁང་དུ་གཟན་ཤམ་ནབ་མཁན་མང་པོ་ཡོད་ཅིང་། སྟོད་ཀྱི་སྤྲིན་དཀར་སྟེང་དུ་ཅི་ཡང་མནབས་མེད་པ་ལྟ་བུའི་ལྷ་མོ་མང་པོ་འཕུར་བཞིན་འདུག ཨ་མས་ཀྱང་དེ་དག་མཐོང་བྱུང་བ་འདྲ་སྟེ“ངས་བལྟས་ན། སྤྲིན་དཀར་གྱི་སྟེང་གི་ལྷ་མོ་འདི་དག་ཡིན་པ་འདྲ”ཟེར། ཨ་ཕས་མགོ་བོ་འཕྲེད་དུ་གཡུག་བཞིན“མ་རེད། མ་རེད། ཁོ་ཚོ་ནི་ང་ཚོའི་སེམས་ཁོང་གི་ཐང་གའི་སྟེང་དུ་ཡོད”ཟེར།
“ཨ་ཕ། ཁྱོད་ཀྱི་སེམས་ཁོང་དུ་ཐང་ག་ཡོད་དམ། ཡོད་ན་ངའི་སེམས་ཁོང་ལའང་ཐང་ག་ཞིག་ཞོག་དང”ངས་འཚེར་སྣང་དང་བཅས་འདྲི་ཞོར་དང་འཆད་ཞོར་བྱས། ཨ་ཕ་འཛུམ་ཙམ་བྱས་ཏེ“ལོས་ཆོག ཁྱོད་གཉིས་ཀྱིས་ཐང་གར་ལྟ་ཡག་བྱོས”ཟེར། ངས་ལྷ་མོ་ཚུར་འཐེན་ཏེ་མིག་གཉིས་མཛོ་མིག་ལྟར་བགྲད། ཡུད་ཙམ་འགོར་རྗེས་ཨ་ཕས“ཡ། ད་མིག་གཉིས་ཚུམས་དང་། ཐང་ག་རིམ་བཞིན་སེམས་ཁོང་དུ་འཛུལ་འགྲོ”ཟེར། ཡིན་ཡང་ངས་མིག་གཉིས་བཙུམས་རྗེས་ཡང་བསྐྱར་ཕྱེས་པ་ན། ཐང་ག་དེ་སྔར་བཞིན་གྱང་ཁུང་དུ་ལུས་འདུག ངས་འཕྲལ་དུ“ཐང་ག་འགུལ་རྒྱུ་མེད་པ་ཅི་རེད”ཅེས་ཨ་ཕར་བསྟན།
ཨ་ཕས་ངའི་མགོར་འཕུར་འཕུར་བྱེད་ཀྱིན“སེམས་ལ་གཞན་མ་དྲན་པར་ལྟོས་དང་། ཐང་ག་འདི་ཁྱོད་ཀྱི་སེམས་ཁོང་དུ་འཛུལ་ཁོ་ཐག་ཡིན། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས”ཞེས་ཁ་ཏོན་ཟློ་འགོ་བརྩམས།
ངས་མག་མོག་དང་འོ་ཇ་སོགས་བརྗེད་ཐབས་བྱས་ཏེ་ཡུན་རིང་དུ་བལྟས་རྗེས་མིག་གཉིས་བཙུམས་པ་ན། མིག་ལམ་དུ་འཆར་བའི་ཐང་ག་དེ་རིམ་བཞིན་མགོ་བོའི་ནང་དུ་འཛུལ་བ་ལྟར་གྱུར།“ཨ་ཕ། ཐང་ག་ངའི་མགོ་ནང་དུ་འཇུག་ཐུབ་སོང་།”ང་རང་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་དགའ་འབོད་བྱས། ལྷ་མོས“ཕུ་བོ། ཁྱོད་ཀྱི་མགོ་ན་བ་ཡིན་ནམ”ཟེར་གྱིན་ངུས། ཨ་ཕས་ལྷ་མོའི་མིག་ཆུ་ཕྱིས་ཏེ“ཐང་གའི་སྟེང་དུ་ལྷ་ཡོད་པས། མགོ་ན་མི་སྲིད”ཅེས་བཤད་པ་དང་། ང་ལ་བལྟས་ཏེ“སེམས་ཁོང་གི་ཐང་ག་དེ་གཏན་ནས་བརྗེད་མི་རུང”ཞེས་སྨྲས།
ནངས་ཇ་འཐུང་བའི་སྐབས་སུ། ལྷབ་ལྷུབ་ཏུ་འབར་བའི་མཆོད་མེ་ཡིས་ཐང་གའི་སྟེང་གི་ལྷ་སྐུ་ཡོད་ཚད་འགུལ་དུ་བཅུག ཐུགས་རྗེ་ཆེན་པོས་མཚམས་རེར་ཕྱག་ཟུང་རྡེབ་ཙམ་བྱེད་ཅིང་། མཚམས་རེར་ཕྱག་གི་མེ་ཏོག་དང་ཕྲེང་བ་གཉིས་ཡང་ཡང་བསྒུལ། ཡིན་ཡང་གསང་བདག་ཕྱག་ན་རྡོ་རྗེ་ཞེས་པ་དེར་ངས་ཐེངས་གཅིག་ལའང་བལྟ་མ་ཕོད་པར་མིག་བཙུམས་ཏེ་བསྡད་པ་ན། མིག་ལམ་དུ་སྲིང་མོ་མཚོ་སྐྱིད་དང་ཨ་ཞང་། ལྷ་མོའི་ཨ་མ་དང་ནུ་བོ་སོགས་གཡུ་སྦྲང་ཁྱུ་ཞིག་དང་འདྲ་བར་འཕུར་ལྡིང་བྱེད་ཀྱིན་ངའི་སེམས་ཁོང་གི་ཐང་གའི་སྟེང་དུ་བབས་བྱུང་།
ནངས་ཇ་འཐུངས་ཏེ་ཚར་མ་ཐག ལྭ་བ་དཀར་པོ་གྱོན་པའི་སྨན་པ་འགའ་ངེད་ཚང་དུ་སླེབས། ཁོ་ཚོས་ཅི་ཞིག་སྨྲ་ཞོར་དུ་ངའི་ཕ་མ་གཉིས་ལ་གནམ་ཁབ་བརྒྱབ། ངས་སྲིང་མོ་མཚོ་སྐྱིད་འདས་ཁའི་རྣམ་པ་དག་དྲན་ཏེ་ཁོ་ཚོ་འགོག་འདོད་མོད། སྤྱི་བདེ་མི་སྣའི་མེ་མདའ་དང་དཀྲུམ་མདས་ཀྱང་འགོག་མ་ཐུབ་པའི་ཨ་ཁུ་དོན་གྲུབ་གར་ཡོང་མ་ཤེས་པར་ང་རང་ལུ་གུ་ཞིག་འཛིན་པ་ལྟར་བཟུང་སོང་། གནམ་ཁབ་དམ་བེ་གཅིག་རེ་ཚར་ལ་ཉེ་དུས། ཕ་མ་གཉིས་ཀྱི་གདོང་ནས་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར། ཨ་ཁུ་དོན་གྲུབ་ཀྱིས“ད་ནི་ཕ་མ་གཉིས་ཀྱི་ཤ་གསེང་གི་ནད་ཡོད་ཚད་ཕྱིར་དེད་བྱུང་། ལྷ་མོ་དང་ཁྱོད་གཉིས་ཆུ་ལམ་དེད་དེ་ངེད་ཚང་ལ་སོང”ཟེར། ཕ་མ་གཉིས་ཀྱིས་ཀྱང་ཐོས་ཏེ་ངེད་གཉིས་ལ་བལྟས་ནས་མགོ་བོ་གུག་གུག་བྱས། སྲིང་མོ་མཚོ་སྐྱིད་འདས་ཁར་རྔུལ་ཆུ་དེ་འདྲ་ཞིག་མ་བཞུར་བས། ཕ་མ་གཉིས་ལ་སྐྱོན་མི་འདུག་སྙམ་སྟེ་དགའ་དགའ་སྤྲོ་སྤྲོའི་ངང་ལྷ་མོ་ཁྲིད་དེ་སྤྱི་ལེ་གསུམ་ལྷག་གི་སར་ཆགས་པའི་གཡང་ལུང་གོང་མར་སོང་།
ཉིན་འགའི་རྗེས་སུ་ཕྱིར་ཁྱིམ་དུ་ལོག་པ་ན། གྱང་ཁུང་གི་ཐང་ག་དེ་མ་གཏོགས་ཕ་མ་གཉིས་གར་སོང་ཆ་མེད་རེད། ཨ་ཁུ་དོན་གྲུབ་ཀྱིས་བཤད་མི་ཚུགས་པའི་ཉམས་ཤིག་བསྟན་ནས“ཕ་མ་གཉིས་ཀྱང་བདེ་བ་ཅན་གྱི་ཞིང་ཁམས་འདིར་གཤེགས་སོང་། ཐང་ག་འདིའི་སྟེང་དུ་ཁོང་གཉིས་ཡོད་པས་རྒྱུན་དུ་མཆོད་པ་བྱོས”ཟེར་ཏེ་མཆོད་མེ་ཞིག་བཀར་ནས་ཐང་གའི་མདུན་དུ་བཞག ངས་ཁོང་གཉིས་ཀྱང་སྲིང་མོ་མཚོ་སྐྱིད་ལྟར་ཕྱིར་འོང་མེད་པ་ཤེས་ཏེ་སྡུག་བསྔལ་བཟོད་ཐབས་བྲལ། ཡིན་ནའང་ཨ་ཁུ་དོན་གྲུབ་ཀྱི་རྣམ་འགྱུར་ལ་ལུ་གུ་ཞིག་ཤི་བའི་སྐྱོ་སྣང་ཙམ་ཡང་མི་འདུག
སྲིང་མོ་མཚོ་སྐྱིད་འདས་དུས་ཀྱང་ཨ་ཁུ་དོན་གྲུབ་ཀྱིས“མིག་ཆུ་ནི་ལུས་སྟེང་དུ་ཁྲོ་ཆུ་ངར་མོ་ལྡུག་པ་དང་འདྲ་ཞིང་། ངུ་སྒྲ་ནི་རྣ་ལམ་དུ་འབྲུག་སྟོང་ལྡིར་བ་ལྟ་བུའི་ན་ཟུག་ཡོད”ཅེས་བཤད་མྱོང་བས། ལྐོག་ཏུ་མིག་ཆུ་བཞུར་བ་ལས་ངུ་སྐད་ཆུང་ངུ་ཞིག་ཀྱང་འདོན་མ་ཐུབ། ས་རུབ་མ་ཐག ངས་ཐང་གའི་སྟེང་དུ་ཕ་མ་གཉིས་ཡོད་མེད་ལ་ཞིབ་ལྟ་བྱས་མོད། ལྷ་གཅིག་ཇེ་མང་དུ་སོང་མེད་ལ། ཇེ་ཉུང་དུའང་སོང་མི་འདུག ངས་ཕ་མ་གཉིས་སེམས་ཁོང་གི་ཐང་གའི་སྟེང་དུ་བཞག་པ་ན། ཁོ་གཉིས་ངའི་སེམས་ཁོང་དུ་མ་ཤོང་བ་ལྟར་མིག་ནང་གི་མཆི་མ་ཡོད་ཚད་ཕྱི་རུ་དེད་འོངས།
དུས་དེ་ནས་བཟུང་། ཨ་ཁུ་དོན་གྲུབ་ཀྱིས་ལྷ་མོ་དང་ངེད་གཉིས་ལ་བདག་སྐྱོང་བྱས། ལྷ་མོ་ང་ལས་ལོ་གཉིས་ཀྱིས་ཆུང་ནའང་ཨ་ཁུ་དོན་གྲུབ་ཀྱི་བུ་མོ་ཆེ་བ་ཨ་ཅེ་ཉི་མ་མཚོ་དང་འགྲོགས་ཏེ་ཁྱིམ་ལས་ལས་འགོ་བརྩམས་པར་མ་ཟད། བ་མོ་ཁྲ་རིལ་མའང་བཞོ་ཤེས་པར་གྱུར། བ་མོ་འཚོ་ཞོར་དུ་ལྕི་བ་འཐུ་རྒྱུ་ནི་ང་དང་ལྷ་མོ། ཨ་ཁུ་དོན་གྲུབ་ཀྱི་བུ་མོ་འབྲིང་བ་ཟླ་བ་མཚོ་དང་བུ་མོ་ཆུང་བ་སྐར་མ་མཚོ་སོགས་ཀྱི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར། བ་མོ་འཚོ་བའི་སྐབས་སུ་ང་ཚོས་བེའུ་ལྟར་བ་མོ་ཁྲ་རིལ་མའི་འོག་ཏུ་མགོ་བོ་བསྲིངས་ཏེ་ནུ་མ་ནུས་པའང་བགྲང་གིས་མི་ལངས།
གསུམ།
ཟླ་བའི་ཁ་པར་སི་ལི་ལི་གྲག་བཞིན་ཡོད་ནའང་ཁོས་མ་ཐོས་པར་བསྡད། ཁོ་རང་ཧད་ཡོད་པ་ལྷ་མོས་མཐོང་སྟེ“ཟླ་བ། སྡུག་ལ་ཐུག་དུས། ཁ་པར་གྲགས་པའང་མི་ཐོས་སམ། ཧད་དེ་བསྡད་ནས་ཅི་བྱུང་བ་རེད། ཁྱོད་ལའང་ནད་འདྲ་བྱུང་བ་མིན་ནམ”ཟེར།“ག་ལ་ཡིན། མདང་དགོང་གཉིད་བཅགས་ཏེ་ད་ལྟ་གཉིད་འབེབ་ཀྱིན་འདུག”ཟླ་བས་མིག་ཆུ་ཕྱི་རུ་བཞུར་བར་སེམས་ཆུང་བྱེད་པ་ལྟར་དལ་ལྷོད་ངང་བཤད་རྗེས་ཁ་པར་བླངས་ཏེ“ཨ་རོག ཁྱོད་སུ་ཡིན”ཞེས་དྲིས། ཁ་པར་ལས“ང་ཚེ་རིང་ཡིན། ངའི་ཁ་པར་གྱི་ཨང་གྲངས་ཀྱང་བརྗེད་སོང་ངམ། སྒོར་མོ་སྟོང་གཉིས་བསྐུར་ཡོད། དགའ་འོས་པ་ཞིག་ལ། ཁྱོད་ཀྱི་སྙིང་གྲོགས་ཤིག་གིས་ང་ལ་ཁ་པར་བཏང་སྟེ་སྨན་རིན་ཡོད་ཚད་སྟེར་རྒྱུ་ཡིན་ཟེར”ཞེས་པའི་སྒྲ་གྲགས།
ཟླ་བར་དགའ་སྣང་ཅི་ཡང་མེད་པར་འཐད་མི་འཐད་ཀྱི་སྒོ་ནས“ཁྱི་ལབ་མ་རྒྱག མནའ་བཅད་ཁྱོད་ཀྱིས་ཀྱང་རོགས་མི་བྱ་བའི་ང་ལ་དོན་མེད་དུ་སྨན་རིན་སྟེར་བའི་སྙིང་གྲོགས་ཤིག་ཡོད་དམ། སྨན་བཅོས་ཀྱི་འགྲོ་ལུགས་བསྒྲུབ་པར་སྒོར་སྟོང་ལྔ་སྤྲོད་དགོས། ད་དུང་སྒོར་མོ་སྟོང་གསུམ་མ་བཙལ་ན། ལྷ་མོར་ན་ཟུག་ལངས་ཏེ”ཟེར་བའི་མཚམས་དེར་ལྷ་མོས་ཅེར་ཡོད་པ་མཐོང་སྟེ་ཁ་རོག་ཏུ་བསྡད། ཁ་པར་ལས“ངའི་སྒོར་མོའང་གཞན་ལ་བསྐྱིས་ཏེ་ཕྱིར་ལེན་མ་ཐུབ་པ་རེད། ཁྱོད་ལ་རོགས་བྱེད་འདོད་མེད་པ་གཏན་ནས་མིན། མཉམ་ལས་སྨན་བཅོས་སུ་ཞུགས་ཡོད་ནའང་། སྨན་བཅོས་ཀྱི་འགྲོ་ལུགས་སྒྲུབ་དཀའ་བ་འདི་ཡ་མཚན་རེད། ངས་ཐབས་བཀོད་གཞན་ཞིག་འཐེན་ཨེ་ཐུབ་ལ་བལྟ། ཁྱོད་གཉིས་བྲེལ་བ་མ་ལངས”ཞེས་སྨྲས་ཏེ་ཁ་པར་གྱི་ཁ་གཏན་སོང་།
ཟླ་བས་གདོང་ལ་བཙན་གྱིས་འཛུམ་ཞིག་བསྡུས་ཏེ“ལྷ་མོ། ཚེ་རིང་གིས་བཤད་པ་ལྟར་ན། ངའི་གྲོགས་པོ་ཞིག་གིས་སྨན་རིན་ཡོད་ཚད་སྟེར་རྒྱུ་རེད་ཟེར། ད་ལྟ་སྨན་རིན་གྱི་ཕྱོགས་ལ་སེམས་ཁྲལ་བྱ་མི་དགོས། ང་སོང་སྟེ་སྒོར་མོ་སྟོང་གཉིས་ཀྱིས་སྨན་བཅོས་ཀྱི་འགྲོ་ལུགས་སྒྲུབ་ཨེ་ཐུབ་ལ་བལྟ”ཞེས་སྨྲས་རྗེས། ཤོག་ཕོར་ཞིག་གི་ནང་དུ་ཆུ་ཁོལ་བཀང་བླུགས་ཏེ་ལྷ་མོའི་མདུན་དུ་བཞག“ཚོང་པ་ཞིག་གི་ཁ་ལ་ཉན་རྒྱུ་ཡོད་དམ། སྨན་ཁང་འདིར་བལྟས་ན། སྨན་བཅོས་ཀྱི་འགྲོ་ལུགས་བསྒྲུབས་ཀྱང་གནམ་ཁབ་འཛེར་བ་ལས་བཅོས་ཐབས་གཞན་མེད་པ་འདྲ། མདང་དགོང་ཡང་ངས་ཕ་མ་གཉིས་ལ་གནམ་ཁབ་བརྒྱབ་པའི་ཉིན་མོ་དེ་རྨི་ལམ་དུ་རྨིས་བྱུང་། གནམ་ཁབ་འཛེར་བར་ང་རང་ཧ་ཅང་སྐྲག དེ་ལས”ལྷ་མོས་ཚིག་རྔ་བསྐྱུར་ཏེ་འཚབ་འཚུབ་སྒོས་ཆུ་ཁོལ་འཐུང་ཁུལ་བྱས།
ཟླ་བས་གདོང་ལ་ཡང་བསྐྱར་འཛུམ་ཞིག་བསྡུས་ཏེ“ཁྱོད་ལ་དྲན་རྒྱུ་མ་མང་། ཕྱིར་ཡུལ་ལ་འགྲོ་བ་ནི་ཐབས་བཀོད་ལེགས་པོ་ཞིག་ག་ལ་ཡིན། ད་ཐེངས་ཡིན་གཅིག་མིན་གཅིག་ཁྱོད་ཀྱི་ནད་འདི་རྩ་མེད་དུ་གཏང་དགོས”ཞེས་སྨྲས་པ་དང་། ཐལ་མོ་གཉིས་ལྷ་མོའི་གསུས་པར་གཏད་དེ་སོར་མོ་ཡོད་ཚད་རྐྱོང་སྐུམ་ཡང་དང་ཡང་དུ་བྱས། དེ་ནི་སྒྱུ་མ་མཁན་ཞིག་གིས་རྫུ་འཕྲུལ་སྟོན་པ་དང་ཀུན་ནས་མཚུངས་པས། ལྷ་མོས་འཛུམ་གཉེར་ཞིག་སྟོན་བཞིན“ངའི་ནད་བཙོག་འདི་སངས་དྲག་ཏུ་གཏང་ཐུབ་ན་བཟང་མོད། འདིར་ཡོད་པའི་ནད་པ་ཚོར་ལྟོས་དང་། སྨན་ཁང་དུ་སླེབས་དུས་མགོ་བོ་དགྱེ་སྟེ་འགྲོ་ཐུབ་མོད། ད་ལྟ་ཡོད་ཚད་བསྒུར་འདུག ད་དུང་སྐྲ་ཡོད་ཚད་ཀྱང་བྱི་སྟེ་ཇོ་མོ་ཞིག་དང་འདྲ་བ་མི་མཐོང་ངམ”ཞེས་སྨྲས།
“གཙོ་བོ་ཁྱོད་ཀྱི་ནད་དྲག་དགོས། ནད་དྲག་ན་སྐྲ་ལོས་སྐྱེས། སྐྲ་མ་སྐྱེས་ཀྱང་ཁྱོད་ཀྱིས་རབ་བྱུང་བསྒྲུབ་རྒྱུ་ཡིན་ཟེར་བ་མིན་ནམ། སྐྲ་ལ་སེམས་ཁུར་བྱས་ཏེ་ཅི་བྱེད”ཟེར་བ་དང་། ཁ་གཉེར་སྣ་གཉེར་འགའ་བྱས་རྗེས“ཨ་ལ་ཀུ་རེ་ཡིན”ཞེས་སྨྲས་ཏེ་ཉེན་རྟོག་པར་གཞའ་བའི་རྐུན་མ་ཞིག་དང་མཚུངས་པར་བར་ཁྱམས་ཀྱི་ཉིས་སྒོའི་ཕྱོགས་སུ་གོམ་ཆེན་སྤོས། ལྷ་མོས་མགོ་བོ་བསྒུར་ཏེ“ཁྱོད་ལ་ཀུ་རེ་རྩེས་པའི་སེམས་ཤིག་ཡོད་དམ། ངའི་ནད་འདི་དང་ཁོ་ཚོའི་ནད་གཅིག་འདྲ་ཡིན་ནམ”ཞེས་དྲིས་མོད། ཟླ་བ་ཁྱམས་ཀྱི་ཉིས་སྒོ་ནས་ཡལ་བས།“དོན་དངོས་སུ་ངའི་ནད་གཙོག་འདི་ཅི་ཞིག་ཡིན་ནམ”ཞེས་ཁེར་བཤད་ཅིག་བརྒྱབ་རྗེས་མགོ་བོ་སྔས་མགོའི་སྟེང་དུ་ལྷུང་སོང་།
ང་རང་ལོ་བཅུ་དྲུག་དང་ཟླ་བ་ལོ་བཅོ་བརྒྱད་ཀྱི་དུས་སུ། ཨ་ཁུ་དོན་གྲུབ་ཀྱིས་ངེད་ཚང་གི་ཁང་པ་དང་ཟླ་བ་ཚང་གི་ཁང་པ་གཉིས་བཤིག་སྟེ་མཁར་གྱང་ཆེན་པོ་ཞིག་བརྡུངས་ཤིང་། ཤུལ་དུ་ཤིང་ཁང་གསར་པ་ཞིག་ཀྱང་ལས་ཏེ་སྣོད་ཀ་ཅ་དང་ཉལ་ཆས་སོགས་ཆ་ཚང་བསྒྲུགས། དབྱར་ཟླ་དྲུག་པའི་ཚེས་ཆེན་དྲུག་གི་སྔ་མོར། ཨ་ཁུ་དོན་གྲུབ་ཀྱིས་ཟླ་བར་ལུག་གཅིག་བཤའ་རུ་བཅུག་པ་དང་། སྐར་མ་མཚོ་སྡེ་བའི་ལོ་ལོན་རྣམས་འབོད་དུ་མངགས། ང་དང་ཨ་ཅེ་ཉི་མ་མཚོ། ཟླ་བ་མཚོ་གསུམ་གྱིས་ཤ་དང་རྒྱུ་མ་སོགས་བཙོས་ཏེ་གོ་རེ་དང་སིལ་ཏོག་སོགས་མདུན་ཅོག་སྟེང་དུ་སྒྲིག་གཤོམ་བྱས།
ལོ་ལོན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཚ་ཐབ་ཏུ་འཛོམས་པ་ན། ཨ་ཁུ་དོན་གྲུབ་ཡར་ལངས་ཏེ“ད་ལྟ་ཟླ་བ་དང་ལྷ་མོ་གཉིས་ཕོ་ལོ་བཅོ་ལྔར་བུད་ནས་གཏམ་ཕར་མི་འདྲི་བ་དང་། མོ་ལོ་བཅོ་ལྔར་བུད་ནས་ཟས་མར་མི་སློང་བའི་དུས་ལ་སླེབས་འདུག དེ་རིང་ངས་ཁྱེད་ཚོ་འབོད་དོན་ནི་ཁང་གསར་འདིའི་ནང་ནས་ཁོ་གཉིས་ལ་ཁྱིམ་ཐབ་འཛིན་དུ་འཇུག་འདོད་པ་ཡིན། སྤྱིར་ན་གཉེན་སྟོན་རྒྱ་ཆེན་པོ་ཞིག་བཤམ་དགོས་མོད། ངེད་ཚང་གི་ཆ་རྐྱེན་ཤེས་གསལ་ལྟར་རེད”ཅེས་བཤད་བྱུང་། སྐད་ཆ་དེ་ཐོས་པ་ན། ང་རང་ངོ་ཚ་སྟེ་མཚམས་ཐོ་ཞིག་དང་འདྲ་བར་གྲག་འགུལ་ཅི་ཡང་བྱེད་མ་ཐུབ།
“འདིར་ཚོགས་ཀྱི་ལོ་ལོན་ཚོས་ཁོ་གཉིས་བཟའ་ཡག་བཟའ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཏུ་བཅའ་རྒྱུ་ནི་རྒད་པོ་ངའི་རེ་བ་ཡིན།”
“ཁྱོད་ལ་ཁག་ཅི་ཞིག་ཡོད། ང་ཚོས་རང་གི་བྱིས་པ་ཚོའི་ཁ་མ་སོས་པར་ཡོད་དུས། ཁྱོད་གཅིག་པུས་བྱིས་པ་ལྔ་བསྐྱངས་པ་རེད།”
“ཟླ་བ། ལྷ་མོ། སྲིད་པ་རྒན་པོའི་ཁ་དཔེར། ཚ་བོ་གསོ་བ་ལས་བྱི་ལ་དང་། ཚ་མོ་གསོ་བ་ལས་རྩིད་མོ་གསོས་ཟེར་སྲོལ་ཡོད་མོད། ཨ་ཁུ་དོན་གྲུབ་ཁོ་ནི་ཁྱོད་གཉིས་ཀྱི་ཨ་ཕ་མིན་ཡང་ཁྱོད་གཉིས་རང་གི་བུ་ཕྲུག་བཞིན་དུ་གཉོར་སྐྱོང་བྱས་པ་རེད། ཁྱོད་གཉིས་ཀྱིས་ནམ་ཡང་ཨ་ཁུ་དོན་གྲུབ་ཁོའི་བཀའ་དྲིན་བརྗེད་མི་རུང་།”
“ཁོ་གཉིས་ལ་ཤ་ཁྲག་གི་འབྲེལ་བ་མེད་པས། ཁྱོད་ཀྱི་ཐབས་བཀོད་འདི་འགྲིག་འདུག”
“དེ་རིང་གི་སྟོན་མོ་འདི་ནི་ཁང་བཟང་འདི་ལེགས་འགྲུབ་བྱུང་བའི་ཁང་སྟོན་ཡིན་ལ། ཁོ་གཉིས་ཀྱི་གཉེན་སྟོན་ཡང་ཡིན།”
“མག་གསར་ཟླ་བ་དང་བག་གསར་ལྷ་མོ་ཁྱོད་གཉིས་ལ་རྟེན་འབྲེལ་ཞུ།”
ལོ་ལོན་ཚོས་གཅིག་ཁ་གཉིས་ཁ་བྱས་ཏེ་ཨ་ཁུ་དོན་གྲུབ་ཀྱི་བྱེད་ཐབས་དེར་རྒྱབ་སྐྱོར་བྱས། ང་ནི་ཆར་མ་བབས་པར་ཐོག་གིས་བརྒྱབ་པ་ལྟར་ཅི་བྱེད་མ་ཤེས་པར་ཡུད་ཙམ་དུ་ཧད་རྗེས་སྒོར་བྲོས་འོངས། ཤེད་ཤུགས་ཕོ་གསར་ཞིག་དང་འདྲ་བའི་ཨ་ཅེ་ཉི་མ་མཚོས“ཁྱོད་བག་གསར་ཞིག་འབྲོ་སྲོལ་ཡོད་དམ། བག་ལྭ་གྱོན་དུ་འགྲོ”ཟེར་བཞིན་ང་རང་འཐེན་པ་དང་། ཟླ་བ་མཚོ་དང་སྐར་མ་མཚོ་གཉིས་ཀྱིས་ཀྱང་ཨ་ཁུ་དོན་གྲུབ་ཀྱིས་བཟོས་པའི་ཕྲུག་ལྭ་དང་། རྫོང་མཁར་ནས་ཉོས་པའི་ཀོ་ལྷམ་སོགས་ང་ལ་བསྐོན་ཏེ་བཙན་གྱིས་ཕྱིར་ལོ་ལོན་ཚོའི་མདུན་དུ་ཁྲིད།
ཟླ་བས་ཕྲུག་ལྭ་གསར་པ་ཞིག་དང་འཇུར་རྟ་གསར་པ་ཞིག་གྱོན་ཏེ། སྐྱོན་ལས་པའི་བྱིས་པ་ཞིག་དང་འདྲ་བར་གོ་ཁར་ལངས་འདུག ཁོས་ང་རང་མཐོང་མ་ཐག ངོ་གདོང་ཡོད་ཚད་དམར་པོ་ཁྲག་ལྟར་གྱུར་ཅིང་། དོར་མའི་འདབས་ཁའང་རླུང་གིས་བསྐྱོད་པའི་ཀ་ཤུབས་ལྟར་འདར་ཡོམ་ཡོམ་བྱེད། ངས་ཆུང་དུས་སུ་ཁོའི་སྔོན་ནས་གཅེར་བུར་ཡར་རྒྱུག་མར་རྒྱུག་བྱས་པ་དང་བྱིས་པའི་དུས་ཀྱི་རྩེད་འཇོ་མང་པོ་དྲན་ཏེ། ཁོ་ཚོའི་སྔོན་ནས་གཅེར་བུར་ཕུད་པ་ལྟར་ཇི་ལྟར་ལངས་ཏེ་སྡོད་དགོས་པའང་མ་ཤེས།“ཡ། ཟླ་བ། ལྷ་མོ། འཇིག་རྟེན་གྱི་ཁ་དཔེར། ཕོ་རེ་རྩིབ་ན་མོ་རེ་དང་ཞིང་ཆུ་མའི་གཉའ་ན་རྐ་རེ་ཡོད་ཅེས་པ་ལྟར། ནར་སོན་ན་གཉེན་སྒྲིག་བྱེད་དགོས། ངོ་ཚ་དགོས་དོན་མེད། ང་ལ་མཚོན་ན། རང་ནུས་ཅི་ལྕོགས་སྒོས་ཁྱོད་གཉིས་ལ་རོགས་རམ་བྱ་སྲིད།”ཨ་ཁུ་དཀོན་མཆོག་གིས་དེ་ལྟར་སྨྲས་རྗེས་ངེད་གཉིས་ཀྱི་སྐེ་ལ་ཁ་བཏགས་རེ་འཕངས་བྱུང་།
ཨ་ཁུ་དོན་གྲུབ་ཀྱིས“རེད་ཡ། མི་ཡིས་མི་བཀུར་ན་བླ་མ་དང་དཔོན་པོ། ཤིང་གིས་ཤིང་བཀུར་ན་ལྷ་ཁང་དང་གསེར་ཁང་ཞེས་པ་ལྟར་ཁྱོད་གཉིས་ཀྱིས་ལོ་ལོན་འདི་དག་བཀུར་ཚེ། མི་འགྲུབ་པའི་དོན་དག་ཅི་ཡང་མེད། ད་ཁྱོད་གཉིས་ཀྱིས་ཁོ་ཚོར་ཆང་སྐལ་དྲོངས”ཟེར་ཞོར་དུ་ལག་བརྡ་བྱས། ངའི་ཡིད་ལ་ཨ་མས་ཁྱོད་རང་གཉེན་སྒྲིག་བྱ་དུས་ཨ་ཕ་ཞིག་ཀྱང་མེད་པ་འདི་ཇི་འདྲའི་སྐྱོ་ཨང་ཟེར་བཞིན་ངུས་པའི་རྣམ་པ་དེ་དྲན་པ་དང་མཉམ་དུ། ཨ་ཁུ་དོན་གྲུབ་ཁྱེད་ནི་ངའི་ཨ་ཕ་ཡིན་སྙམ་པ་དང་བསྟུན་ནས་ངོ་ཚ་ཡོད་ཚད་མིག་ཆུར་འདྲེས་ཏེ་བཞུར།
ཟླ་བས་ཆང་སྐལ་སྔོན་མ་ཨ་ཁུ་དོན་གྲུབ་ཀྱི་ལག་ཏུ་བཞག་པ་ན། ཁོང་གིས་རྒས་གཉེར་ཡོད་ཚད་འཛུམ་དུ་བསྡུས་ཏེ་ཆང་མཆོད་གསུམ་འཕངས་རྗེས། ཁ་ཤ་ལྷབ་ལྷབ་ཏུ་འདར་བཞིན་ཅི་ཞིག་འཆད་གྲབས་བྱས་མོད། ཅི་ཡང་བཤད་མ་ཐུབ། ཐ་ན་ཆང་ཧུབ་གང་ཡང་འཐུང་མ་ཐུབ་པར་མིག་ཟུང་ལས་མཆི་མ་འོད་ཀྲིག་ཀྲིག་གིས་བཞུར་ཏེ་རྒས་གཉེར་གྱི་བར་དུ་སིམ་སོང་། ཟླ་བས་འཕྲལ་དུ་ཨ་ཁུ་དོན་གྲུབ་ཀྱི་ལག་པར་འཇུས་ཏེ་ངུས་པ་དང་ངས་ཀྱང་སྡུག་བསྔལ་ཡོད་ཚད་སྐད་ལ་བརྒྱབ་སྟེ་ཕྱི་རུ་ཕྱུང་ལ། དེར་འདུས་པའི་རྒན་དར་གཞོན་གསུམ་གྱིས་ཀྱང་ལྐོག་ནས་མིག་ཆུ་བཞུར་བྱུང་།
ཨ་ཁུ་བསོད་ནམས་ཀྱིས“རེད་ཡ། དེ་རིང་ནས་བཟུང་། ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མས་མགོན་སྐྱབས་མཛད་དེ། ཁྱིམ་འདིའི་ལྷས་ར་གོང་མར་རྟ་ཡིས་བཀང་བར་ཤོག ལྷས་ར་བར་མར་ནོར་གྱིས་བཀང་བར་ཤོག ལྷས་ར་ཞོལ་མར་ལུག་གིས་བཀང་བར་ཤོག གོ་ཁ་གྲུ་བཞིར་བུ་ཡིས་བཀང་བར་ཤོག”ཅེས་བཀྲ་ཤིས་ཤིང་དོན་འགྲུབ་པའི་ཁ་གཡང་བོས། གོ་ཁ་གྲུ་བཞིར་བུ་ཡིས་བཀང་ཞེས་པ་དེ་ཐོས་རྗེས། ཆུང་དུས་སུ་ང་དང་ནུ་བོ། སྲིང་མོ་གསུམ་གྱིས་ང་རང་ཨ་ཕྱི་ཡིན་ཞེས་གོ་ཁའི་ཡར་སྒྱིད་དུ་བསྡད་ཅིང་། ནུ་བོ་དང་སྲིང་མོ་གཉིས་ཨ་ཕ་དང་ཨ་མ་ཡིན་ཁུལ་གྱིས་གོ་ཁའི་མར་སྒྱིད་དུ་བསྡད་དེ་རྩེས་པའི་རྣམ་པ་དག་དྲན་ནས་ངུ་མཚམས་འཇོག་མ་ཐུབ།
ངོ་གདོང་རྒས་གཉེར་གྱིས་གཡོགས་པའི་ལོ་ལོན་ཚོར་ཆང་སྐལ་བྱིན་ཏེ་མཇུག་རྫོགས་པ་ན། གླུ་བ་ཞིག་གིས་སྐད་ངག་སྙན་མོས་གླུ་སིང་སིང་ངག་ལ་བཀུག་པས། ཁང་གསར་ནང་གི་དུ་སྨུག་དང་སྐྱོ་གདུང་ཡོད་ཚད་རླུང་ཁའི་ན་བུན་ཇི་བཞིན་གར་སོང་ཆ་མེད་དུ་གྱུར། ཁོ་ཚོའི་སེམས་གཏམ་དང་དགོད་སྒྲས་ངེད་གཉིས་ཀྱི་མིང་སྲིང་གི་འབྲེལ་བ་དེ་བཟའ་ཚང་གི་འབྲེལ་བར་གྱུར་པའི་སྨོན་ལམ་ཡང་ནས་ཡང་དུ་བརྒྱབ་སོང་། ཉིན་དེར་བཟི་མ་མྱོང་བའི་ཨ་ཁུ་དོན་གྲུབ་ཆང་གིས་བཟི་སྟེ་བགད་མ་མྱོང་བའི་ཁོ་རང་ཡང་ཡང་བགད་ཅིང་། དགའ་མ་མྱོང་བའི་ང་ཚོའང་དགའ་སྟེ་གླུ་ལེན་གར་རྩེ་ཡང་དང་ཡང་དུ་བྱས།
ཡིན་ནའང་མཚན་མོ་སླེབས་པ་ན། ཨ་ཅེ་ཉི་མ་མཚོ་དང་ཟླ་བ་མཚོ། སྐར་མ་མཚོ་གསུམ་གྱིས་ངེད་གཉིས་ལ་ཉལ་ས་འཇམ་པོ་ཞིག་བཅས་ཏེ་སྒོར་བྲོས་སོང་། ང་རང་ཁེར་རྐྱང་དུ་ལུས་པའི་སྐྱོ་སྣང་དང་འཆི་བདག་ལ་སྒུག་བཞིན་པ་ལྟར་འཇིགས་སྣང་ཞིག་གིས་ཕྲུག་ལྭ་སོགས་མ་ཕུད་པར་བསྡད། ཟླ་བའང་ཉེས་ཅན་ཞིག་དང་འདྲ་བར་ཚ་ཐབ་ཀྱི་སྟེང་དུ་བཀབ་པའི་ཉལ་ཐུལ་གྱི་ཕར་སྣེ་ནས་ངའི་གདོང་ལའང་ལྟ་མི་ཐུབ། ངེད་གཉིས་ནི་བྱིས་པ་སྣབས་ལུག་གི་དུས་ནས་མཉམ་བཟའ་མཉམ་འཐུང་དང་། མཉམ་འདུག་མཉམ་ལངས་བྱས་ཏེ་ནར་སོན་པ་ཞིག་དང་གཏན་ནས་མི་འདྲ་བར། གྲག་འགུལ་ཅི་ཡང་མེད་པར་བསྡད། ཐ་ན་ང་ལ་གཅིན་གཏོང་རྒྱུ་བྱུང་སྟེ་ལྒང་བུ་འགད་ལ་ཁད་བྱས་ཀྱང་འགུལ་ཙམ་ཡང་བྱ་མ་ཐུབ།
དེ་ལྟར་ཟླ་ཕྱེད་ལྷག་གི་ཡུན་དུ། མཚན་མོར་གཉིད་བཅགས་པའི་རྐྱེན་གྱིས་ཉིན་དཀར་ལས་ཀ་ལས་པའི་སྐབས་སུ། ངའི་ལུས་པོས་མ་ལྕོགས་པར་མིག་རབ་རིབ་ཏུ་གྱུར་ཏེ་ཐང་ལ་འགྱེལ་འགྲོ། ཕོ་གསར་ཚོས་མཐོང་སྟེ“མཚན་མོར་མ་ཉལ་ན། ཉིན་མོར་ལོས་འགྱེལ”ཞེས་ངེད་གཉིས་ལ་འཕྱ་སྨོད་བྱས་པས། ངས་གྲོགས་མོ་ཞིག་ལ་རྫུན་སྣ་ཚོགས་བཤད་དེ་ཁོ་མོ་ཚང་ནས་མི་ཉལ་ཐབས་མེད་བྱུང་། དེའང་ཕོ་གསར་ཚོས་ཤེས་ཏེ“ས་ཡར་བལྟས་དགུང་སྔོན་གནམ་ན། །སྙིང་རྗེ་བའི་ཟླ་བ་ཁེར་འདུག །ལྷ་མོ་མོར་བརྩེ་འདང་མེད་ན། །ཁྱོད་ཟླ་བའི་སྐྱོ་རོགས་ང་ཡིན། །ས་མར་བལྟས་གཡང་ལུང་བར་ན། །སྙིང་རྗེ་བའི་ལྷ་མོ་ཁེར་འགྲོ། །ཟླ་བ་ཁོར་དྲོད་ཁོལ་མེད་ན། །ཁྱོད་ལྷ་མོའི་ཉལ་གྲོགས་ང་ཡིན”ཞེས་ཀུ་རེ་རྩེས།
ཉིན་ཞིག་གི་ས་སྲོས་ཀྱི་དུས་སུ། ཟླ་བས“དོ་དགོང་ཁྱོད་རང་ཡུལ་ནས་སྡོད་དང་། ང་རང་ཁྱིམ་ཚང་གཞན་དུ་འགྲོ”ཟེར་བཞིན་གང་ཞིག་ཏུ་ཕྱིན་སོང་། ང་རང་ཞེ་ལྷོད་ལ་བབས་ཏེ་གཉིད་པའི་སྐབས་སུ། གློ་བུར་ནང་སྒོ་ཁྲོག་སྒྲ་དང་བཅས་ཕྱེས། དེ་དང་མཉམ་དུ་སྣ་ལ་གཟན་པའི་ཆང་དྲི་ཞིག་གིས་ཟླ་བ་བསྐྱོར་ཏེ་ནང་དུ་སླེབས་བྱུང་། ང་རང་ཡར་ལངས་ཏེ་མར་འབབ་གྲབས་བྱེད་སྐབས། ཟླ་བ་ཁོ་རང་རྔ་གཟེང་བྱེད་པའི་གཡག་ཐུག་ཅིག་དང་འདྲ་བར་ངའི་སྟེང་དུ་མཆོངས། ངས་ཇི་ལྟར་འཕག་འཚག་དང་ངུ་འབོད་བྱས་ནའང་། ཁོ་རང་སྨྱོས་པ་ལྟར་ངའི་འོག་འཇམ་དང་དོར་ཐུང་གཉིས་གཤགས་པར་མ་ཟད། ངའི་ལུས་པོའང་ཚལ་པར་གཤགས་སོང་།
མཚན་མོ་དེ་ནས་བཟུང་། ངེད་གཉིས་དོན་དངོས་ཀྱི་བཟའ་ཚང་དུ་གྱུར་ནས་སྔར་ལས་ལྷག་པའི་ཕོ་མོའི་བརྩེ་འདང་ཞིག་གིས་ཁ་འབྲལ་མི་འདོད་པར་གྱུར། ལྷག་པར་དགུང་གི་ཉི་མ་སེར་པོ་ནུབ་རིའི་རྩེར་འགོས་ཏེ་ཕྱི་མིག་གིས་ཟིམ་ཟིམ་ལྟ་སྐབས། ངས་ཟླ་བའི་ཤ་དྲོད་ལྷག་ཏུ་དྲན་འོངས། འོན་ཀྱང་ངེད་གཉིས་ཉལ་ཐེངས་རེར་ངའི་རྨ་ཁར་ན་ཟུག་ལངས་ཏེ་བཟོད་ཐབས་བྲལ། ཚོར་བ་དེ་ནི་ན་ཟུག་ཁྲོད་ཀྱི་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་དང་། བདེ་བའི་ཁྲོད་ཀྱི་ན་ཟུག་བཟོད་ཐབས་བྲལ་བ་ཞིག་རེད། ངས“ཨ་ཕ”དང“ཨ་མ”ཞེས་འབོད་བཞིན་རྒྱུགས་པའི་བྱིས་པ་རྣམས་མཐོང་ཐེངས་རེར། རང་གི་ནུ་བོ་དང་སྲིང་མོ། མཚོ་སྐྱིད་གསུམ་དྲན་པ་དང་། སེམས་སུ་ཁོ་ཚོ་དང་ཧ་ཅང་འདྲ་བའི་བྱིས་པ་གསུམ་སྐྱེས་ཐུབ་ན་ཅི་མ་རུང་སྙམ་སྟེ་མཚན་མོ་རེ་རེར་ན་ཟུག་དེ་བསྲན་གང་ཐུབ་བྱས།
ཉིན་གྱི་སྟེང་ལ་ཟླ་དང་ཟླ་ཡི་སྟེང་ལ་ལོ་བརྩེགས་ཏེ་བསྲན་ནའང་ང་ལ་མངལ་སྦྲུམ་རྒྱུ་ཕར་ཞོག ཟླ་མཚན་ཇེ་མང་དུ་སོང་སྟེ་ཟླ་རེར་ཐེངས་གཉིས་ནས་གསུམ་ལ་ཟགས་བྱུང་། ཡིད་སྐྱོ་བའི་གནས་ཚུལ་དེ་ཨ་ཅེ་ཉི་མ་མཚོར་བཤད་ནའང་། མོས་གདོང་ལ་འཛུམ་ཞིག་བསྡུས་ཏེ“ཁྱོད་གཉིས་ནར་སོན་མེད་པའི་རྟགས་རེད། ནར་སོན་རྗེས་བྱིས་པ་སྐྱེས་མི་འདོད་ནའང་ཁྱོད་གཉིས་ཀྱིས་མཚམས་འཇོག་ག་ལ་ཐུབ”ཟེར་བཞིན་ཧབ་ཆ་རྒྱག
ང་ལ་བྱིས་པ་མ་སྦྲུམ་པའི་རྐྱེན་གྱིས་ཟླ་བས་ཚོང་ལས་གཉེར་བར་ཁ་གཡར་ཏེ་གནས་གཞན་དུ་ལྡོམ་འགོ་བརྩམས། ང་ཡང་རེ་ཐག་ཆད་དེ་ཟླ་བར“འུ་གཉིས་ཀྱིས་བུ་སྐལ་ཞིག་བཙལ་ཆོག ཁྱོད་རང་གཞན་ལ་མ་ལྡོམ”ཞེས་ཞུ་བ་བྱས། ཁོས“བྱིས་པ་མ་སྐྱེས་ཀྱང་སྐྱོན་མེད”ཟེར་ནའང་ང་དང་རིང་དུ་གྱེས་པའི་ཐེངས་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་གྱུར། ཡིན་ཡང་ཁོ་རང་ཕྱིར་ལོག་ཐེངས་རེར་གླ་རྩི་སོགས་ཁྱེར་འོངས་ཏེ་ང་ལ་འཐུང་དུ་འཇུག ཡིན་ཡང་མངལ་སྦྲུམ་རྒྱུ་ཕར་ཞོག ལུས་ཡོངས་ལ་ན་ཟུག་ལངས་ཏེ་བཟོད་ཐབས་བྲལ། ངས་ཀྱང་བཅའ་བ་རིམ་བྲོ་མང་པོ་བསྒྲུབས་པར་མ་ཟད། འགྱོད་དགོས་པའི་དོན་དག་ཀྱང་མང་པོ་བསྒྲུབས། དེ་དག་ནི་བྱིས་པ་ཞིག་སྦྲུམ་པའི་ཆེད་དུ་ཡིན་པ་ལས། གང་འདོད་ཅི་འདོད་ལྟར་བསྒྲུབས་པ་ཞིག་གཏན་ནས་མིན།
ཟླ་གཅིག་ལྷག་གི་ཡར་སྔོན་དེར། གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གཉིས་ལྷག་འགོར་བའི་ཟླ་བ་ཕྱིར་སླེབས་བྱུང་། མཚན་མོ་དེར་ངེད་གཉིས་ཀྱིས་ལུས་འབྲེལ་བྱས་པ་ནས་བཟུང་། ལུས་ཡོངས་ལ་སྔར་ལས་ལྷག་པའི་ཚ་བ་རྒྱས་ཏེ་འབར་ལ་ཁད་དང་སྐྱུག་མེར་ལངས་ཏེ་ཟས་ཀྱི་དང་གའང་འགགས། ང་རང་རྫོང་བོད་སྨན་ཁང་དུ་སོང་དུས། སྨན་པས་ངའི་ནད་འདི་ནི་མོ་ནད་ཀྱི་རིགས་ཤིག་ཡིན་པ་འདྲ། མགྱོགས་མྱུར་ངང་སྨན་ཁང་ཆེན་པོ་ཞིག་ཏུ་མ་བསྟན་ཚེ། བཅོས་ཐབས་མེད་པའི་ཨེ་ཛི་ནད་ཅེས་པ་ཞིག་ང་ཚོའི་ཡུལ་འདིར་ཐོན་ཡོད་ཟེར། དངོས་གནས་ཨེ་ཛི་ཞེས་པའི་ནད་དེ་འགོས་ཡོད་ཚེ། སྐབས་དེར་ཟླ་བས་ང་ལ་བསྒོས་པ་ཡིན་མོད། ངས་ཟླ་བར་ལེ་བདའ་གཏན་ནས་བྱ་མི་སྲིད། རྒྱུ་མཚན་ནི་ཁོ་དང་ཁོའི་ཕ་མ། ཨ་ཁུ་དོན་གྲུབ་སོགས་མེད་ཚེ། ང་རང་སྔ་མོ་ནས་མི་ཡུལ་འདི་དང་ཁ་བྲལ་ཡོད། ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི་ང་རང་འདས་རྗེས་ཟླ་བ་ཁོས་ཅི་ལྟར་བྱ། སུ་ཞིག་གིས་ཟླ་བར་སེམས་གསོ་བྱའམ།
བཞི།
ཟླ་བའི་གདོང་ལ་སྐྱིད་ཉི་མ་འདྲ་ཞིག་འཆར་བཞིན་སླེབས་རྗེས“ད་འགྲིག་འདུག སྨན་བཅོས་ཀྱི་འགྲོ་ལུགས་སྒྲུབ་ཐུབ་སོང”ཞེས་སྨྲས་ཏེ། ལག་ཟུང་གིས་ཅི་ཞིག་ལས་གྲབས་བྱེད་པ་ལྟར་འཕུར་འཕུར་བྱས། ཁོའི་ཐ་མག་གི་དྲི་མ་ཁ་ཞིང་སྙིང་རྗེ་བའི་ཚུགས་ཀ་དེ་ལྷ་མོས་མཐོང་བ་ན། གདོང་གི་སྐྱོ་སྣང་ཡོངས་སྐད་ཅིག་ལ་སྤྲོ་སྣང་དུ་གྱུར་ཏེ“དངོས་གནས་འགྲིག་འདུག ནད་ཁང་གང་རེད། ལྕགས་ཀྱི་ཉལ་ཁྲི་འདིའི་སྟེང་དུ་ཉལ་ཡུན་རིང་ན། ངའི་སྒལ་པ་ཆག་འགྲོ”ཟེར། ཟླ་བའི་གདོང་གི་འཛུམ་རིས་སྔར་བཞིན་མ་གྲོལ་བར“ནད་པ་མང་དྲགས་ཏེ་ནད་ཁང་ལ་ཉིན་འགར་སྒུག་དགོས་ཟེར། གང་ལྟར་སྨན་བཅོས་ཀྱི་འགྲོ་ལུགས་བསྒྲུབས་ཡོད”ཅེས་བཤད།
ལྷ་མོའི་གདོང་གི་འཛུམ་མདངས་ཅུང་ཙམ་ཉམས་ནའང“དེས་ན། སྨན་པ་སུ་རེད”ཅེས་དྲིས། ཟླ་བ་ཉལ་ཁྲིའི་སྟེང་ལ་སྡོད་ཞོར་དུ“སྨན་པ་སུ་ཡིན་ཡང་མ་བཤད་ཐལ། ནད་ཁང་མེད་ན། སྨན་པ་ཡོད་ཀྱང་སྨན་བཅོས་ཇི་ལྟར་བྱ”ཟེར་ཏེ་ལྷ་མོའི་ལག་པར་བྱིལ་བྱིལ་བྱས།“ང་ནི་ཇི་འདྲའི་ལས་ངན་ཞིག་རེད་ཨང་། སྨན་བཅོས་ཀྱི་འགྲོ་ལུགས་བསྒྲུབས་ཀྱང་སྨན་པ་ཕར་ཞོག ཉལ་ཁྲི་བདེ་མོ་ཞིག་ཀྱང་མི་འདུག ངས་བར་ཁྱམས་དོག་མོ་འདི་ནས་འཆི་བདག་ལ་བསྒུག་དགོས་རྒྱུ་རེད།”ལྷ་མོས་མིག་ཁར་རེག་རེག་བྱེད་ཀྱིན་དངན་པ་རིང་མོ་ཞིག་འཐེན་སོང་།
“འདི་འདྲའི་སྨན་ཁང་ཆེན་པོ་ཞིག་ཏུ་སླེབས་ཚེ། གསོ་མི་ཐུབ་པའི་ནད་ཅིག་ག་ལ་ཡོད། སྨན་ཁང་དང་སྨན་པ་བཀོད་སྒྲིག་བྱས་རྗེས་ཁྱོད་ཀྱི་ནད་གཙོག་དེ་ཚེར་མ་ལེན་པ་ལྟར་འདོན་ཐུབ། སེམས་སྡུག་བྱེད་དོན་ག་ལ་ཡོད། སྨན་ཁང་དུ་སྡོད་པའི་འགྲོ་ལུགས་ཀྱང་བསྒྲུབས་ཡོད་པ་མིན་ནམ།”ཟླ་བས་སྔར་བཞིན་ལྷ་མོའི་ལག་པར་བྱིལ་བྱིལ་བྱེད་ཞོར་དུ་སྨྲས།“དོན་དངོས་སུ་ངའི་ནད་གཙོག་འདི་ཅི་ཞིག་ཡིན་ནམ། རྫོང་བོད་སྨན་ཁང་གི་སྨན་པས་མོ་ནད་ཀྱི་རིགས་ཤིག་ཡིན་པ་འདྲ་ཟེར། ཁོས་ད་དུང་ད་ལྟ་བཅོས་ཐབས་མེད་པའི་ཨེ་ཛི་ཞེས་པ་ཞིག་ང་ཚོའི་ཡུལ་འདིར་སླེབས་འདུག་ཟེར། ངའི་ནད་འདི་ཁོས་བཤད་པའི་ནད་དེ་ཡིན་ཚེ། སྨན་པས་ཚེར་མ་ལེན་པ་ལྟར་འདོན་ཐུབ་བམ།”ལྷ་མོས་ངག་འཇམ་པོས་དྲིས་མོད། མོའི་སྐད་གདངས་ལས་ངག་འདར་བཞིན་ཡོད་པ་ཐོས་ཐུབ།
“ཁྱོད་ཀྱིས་སྨོན་ལམ་ངན་པ་མ་རྒྱག ཨེ་ཛི་ཞེས་པ་དེ་ནི་འཛམ་གླིང་གི་རྒྱལ་ཁབ་ཡོངས་ཀྱིས་གསོ་དཀའ་བའི་འགོས་ནད་ཅིག་རེད”ཟླ་བས་དེ་ལྟར་བཤད་རྗེས་གདོང་གི་འཛུམ་མདངས་ཡོད་ཚད་པར་དུ་བཀོད་པ་ལྟར་བསྡད། ལྷ་མོས་དབུགས་རིང་ནར་ནར་དུ་འབྱིན་གྱིན“ཨེ་ཛི་ཞེས་པའི་ནད་དེ་ནི་གཙོ་བོ་ཨེ་ཛི་ནད་ཡོད་པའི་ཨ་མའི་ནུ་མ་ནུས་པ་དང་། ཨེ་ཛི་ནད་ཡོད་པའི་མི་ཡི་ཁྲག་རང་ལུས་ལ་བརྒྱབ་སྟེ་འགོས་པ་རེད་ཟེར། ད་དུང་ཨེ་ཛི་ནད་ཡོད་པའི་མི་དང་ལུས་འབྲེལ་བྱས་ཏེ་འགོས་པའང་ཡོད་ཟེར། དེ་ལྟར་ཡིན་ཚེ། ངའི་ཨ་མར་ཨེ་ཛི་ནད་ཡོད་མི་སྲིད། བ་མོ་ཁྲ་རིལ་མའི་འོ་མ་འཐུངས་མྱོང་ལ། ནུས་ཀྱང་མྱོང་མོད། བ་མོ་ཁྲ་རིལ་མར་ཨེ་ཛི་ནད་ཅིག་ག་ལ་ཡོད། ཁྲག་གི་ཕྱོགས་ནས་བཤད་ནའང་། ད་རག་བར་དུ་གཙག་ཁབ་ཅིག་ཀྱང་བརྒྱབ་མ་མྱོང་བས། ནད་དེ་འདྲ་ཞིག་ང་ལ་ཇི་ལྟར་འགོས་པ་ཡིན་ནམ”ཞེས་སྨྲས་ཏེ་ཟླ་བར་ཅེར་ནས་བསྡད།
ཟླ་བས“ཧ་ཧ་ཧ། གྲོང་ཁྱེར་ཆེན་པོ་ཞིག་ལ་སོང་མ་མྱོང་བའི་ཁྱོད་ལ་ཨེ་ཛི་ནད་ཇི་ལྟར་འགོས། ཁྱོད་ལ་ཀླད་པ་མི་དྭངས་པའི་ནད་ཅིག་ཀྱང་ཡོད་པ་འདྲ། ཨ་ལ་ཀུ་རེ་ཡིན། ཁྱོད་ཁོང་ཁྲོ་མ་ལང”ཟེར་ཏེ་མགོ་བོར་འཕྲུག་འཕྲུག་འགའ་བྱས།“ངས་ཀྱང་དེ་ལྟར་འདོད་མོད། བཅའ་བ་རིམ་བྲོ་མང་པོ་བསྒྲུབས་ཀྱང་བྱིས་པ་མི་སྐྱེ་བར་མ་ཟད། ནད་འདི་འདྲ་ཞིག་བྱུང་བའི་དཔེ་ཡོད་དམ། ང་རང་སྡུག་ལ་ཐུག་དུས་སེམས་སུ་འདྲ་མིན་སྣ་ཚོགས་མི་དྲན་ཐབས་མེད་རེད། དཀོན་མཆོག་གསུམ་པོ། ཨེ་ཛི་ཞེས་པའི་ནད་དེ་མིན་པར་སྨོན”ལྷ་མོས་ལག་ཟུང་ཐལ་མོ་སྦྱར་ཏེ་མིག་ཆུ་འབྱིད་ཞོར་དུ་སྨྲས།
ལྷ་མོས་ཨེ་ཛི་ནད་འགོས་པར་དོགས་པ་ཟ་བ་ནི་ངས་ཁོ་མོར་བསྒོས་པ་རེད་ཟེར་བ་མིན་ནམ། ཨེ་ཛི་ཞེས་པའི་ནད་གཙོག་དེ་ད་ལྟ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་ངས་ཀྱང་ཐོས་མྱོང་། ང་ཚོའི་རྫོང་ཐོག་གི་བུ་མོ་ཞིག་ལའང་ཨེ་ཛི་ནད་བྱུང་སྟེ་ཟླ་གཅིག་གི་སྔོན་དུ་ཤི་སོང་། བུ་མོ་དེས་སློབ་གྲྭ་ཆེན་མོར་རྒྱུགས་མ་འཕྲོད་པར་ཕྱོགས་ཡར་མར་དུ་སོང་སྟེ་ཞབས་བྲོ་འཁྲབ་ཀྱིན་ཡོད་མོད། ཅི་ཡིན་འདི་ཡིན་མ་ཤེས་པར་ཨེ་ཛི་ནད་དེ་འགོས་པ་རེད། ལ་ལས་གཤག་བཅོས་བྱེད་སྐབས་འགོས་པ་རེད་ཟེར་ཞིང་། ལ་ལས་དགའ་རོགས་བསྒྲིགས་ཏེ་འགོས་པ་རེད་ཟེར། ཡང་ལ་ལས་མོས་སྨད་འཚོང་གི་ལས་ཀ་གཉེར་ཏེ་འགོས་པ་རེད་ཟེར། གང་ལྟར་རྫོང་སྨན་ཁང་གི་བརྡ་ཁྱབ་ཀྱི་སྟེང་དུ། ཁོ་མོ་དང་ལུས་འབྲེལ་བྱས་མྱོང་བའི་སྐྱེས་པ་རྣམས་འགོར་འགྱངས་མ་བྱེད་པར་རྫོང་སྨན་ཁང་དུ་ཤོག་ཅེས་བྲིས་འདུག
ལྷ་མོས་ང་ལ་དོགས་པ་ཟ་བར་ཁག་མེད་དེ། ངེད་གཉིས་ཨ་ཁུ་དོན་གྲུབ་ཚང་དུ་ཡོད་དུས། ཁྱིམ་ཚང་སྐྱོང་བ་ནི་ལས་དཀའ་མོ་ཞིག་ཡིན་པ་མ་ཤེས། ཁོང་གིས་ངེད་གཉིས་ལ་ཁྱིམ་ཐབ་འཛིན་དུ་བཅུག་སྟེ། ངེད་ཚང་གི་ར་མ་དེ་དག་ལས་འཕར་བའི་རེའུ་ཕྲུག་དང་རྩིད་བུ། རྩིད་མོ། བ་མོ་ཁྲ་རིལ་མའི་བེའུ་ཁྲ་རིལ་མ། ད་དུང་སྡེ་མི་གཞན་ལ་གཡར་ཡོད་པའི་ངེད་ཚང་གི་ས་ཞིང་ཡོད་ཚད་ཀྱང་ངེད་གཉིས་ལ་བྱིན། ལྷ་མོ་ནི་དགུན་ཁར་ནམ་གོང་གི་དུས་སུ་ཡར་ལངས་ནས་བོང་བུ་དེད་དེ་འབུད་ཤིང་འཐུ་རུ་ཆས་འགྲོ། ཉིན་གུང་གི་དུས་སུ་བོང་བུ་དང་ལྷ་མོ་གཉིས་ཀྱིས་ལྗིད་ཏིག་ཏིག་གི་འབུད་ཤིང་ཁུར་ཏེ་ཕྱིར་སླེབས་འོངས་ལ། དཔྱིད་ཀར་ཞིང་ལ་ལུད་བསྐྱལ་བ་དང་དབྱར་ཁར་ཡུར་མ་ཡུར་བ་སོགས་གཞན་ལས་ལྷག་པའི་བརྩོན་པ་བསྐྱེད།
ཨ་ཁུ་དོན་གྲུབ་དང་ཁོང་གི་བུ་མོ་གསུམ་གྱིས་ཀྱང་དཔྱིད་ཀར་ཞིང་འདེབས་རོགས་དང་སྟོན་ཁར་ཞིང་འབྲེག་རོགས་བྱས། ངས་ཀྱང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་སྒོས་ཞིང་རྨོད་ལོག་རྒྱག་དང་ནོར་ལུག་ལ་རྩྭ་ཁ་ཆུ་ཁ་བྱས་ནའང་། བེའུ་ཁྲ་རིལ་མ་གད་པར་ལྷུང་བ་དང་རེའུ་ཕྲུག་འགའ་ཡང་སྤྱང་ཀིས་བསད། དེ་ལྟར་ཞིང་ཕྱུགས་གཉིས་ཀ་མ་འཁྱོངས་པར་འཚོ་བ་ངན་ངོན་ཞིག་ལས་ཐར་མ་ཐུབ། ངེད་གཉིས་ལ་བྱིས་པ་མ་སྐྱེས་པར་ཡུན་རིང་འགོར་བ་ཨ་ཁུ་དོན་གྲུབ་ཀྱིས་མཐོང་སྟེ། ངེད་གཉིས་ཨ་མྱེས་ཤ་བོ་རི་དང་བྱ་ཁྱུང་རྡོ་རྗེ་ཕག་མོ་སོགས་ལ་མཇལ་སྐོར་དུ་ཁྲིད།
ངས་ཀྱང་ལྷ་མོར་མངལ་སྦྲུམ་པའི་ཆེད་དུ་བྱེད་ཐབས་ཀྱང་སྣ་ཚོགས་སྤྱད་མོད། ལས་དབང་གི་བྱིས་པ་ཞིག་སྐྱེས་མ་ཐུབ། ང་རང་ཡི་ཐང་ཆད་དེ་ལྷ་མོའི་རེ་བ་ལྟར་བུ་སྐལ་ཞིག་ལེན་དགོས་ཚུལ་ཨ་ཁུ་དོན་གྲུབ་ལ་སྨྲས། ཁོས“ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ལ་སྐྱབས་འཇུག་ཞུས་དང་། བྱིས་པ་ལོས་སྐྱེས། ཁྱོད་གཉིས་ཀྱི་སེམས་ཕམ་མི་རུང”ཟེར་ཏེ་བུ་སྐལ་བཙལ་བའི་རེ་བ་དང་ལེན་མ་བྱས།
ཉིན་ཞིག་གི་མཚན་མོ། སྐར་མ་མཚོ་འཚབ་འཚུབ་ངང་ངེད་ཚང་དུ་སླེབས་བྱུང་། མོས་ཚིག་གཞན་གཅིག་ཀྱང་མི་བཤད་པར“མྱུར་མོར་ཤོག་དང་། ངའི་ཨ་ཕ”ཞེས་མགོ་རྔ་མེད་པའི་སྐད་ཆ་ཞིག་བཤད་དེ་རླུང་འཚུབ་ཅིག་གཡུག་པ་ལྟར་ཕྱིར་རྒྱུགས་སོང་། ངེད་གཉིས་ཀྱང་རྗེས་སུ་རྒྱུགས་པ་ན། ཨ་ཁུ་དོན་གྲུབ་ཀྱི་ཐོད་པ་གཡས་པའི་རུས་པ་གས་ཆག་ཏུ་གྱུར་ཏེ་ཁྲག་གི་སྒྱུར་རྟགས་ཆེན་པོ་ཞིག་དང་འདྲ་ལ། རྐང་པ་གཡས་པའི་བརླ་རུས་ཀྱང་དུམ་བུར་བཅག་སྟེ་འཕྲེད་དུ་འཁོར་འདུག
ངས་མྱུར་མོར་ཨ་ཁུ་དོན་གྲུབ་ཀྱི་མགོ་བོ་བསྐྱོར་བ་ན། ཁོང་གི་མིག་གཉིས་ཁྲག་གི་སེར་ཀ་ཞིག་གས་པ་ལྟར་ཕྱེས། ངས་སུ་ཞིག་གིས་གཅར་རྡུང་བྱས་པ་རེད་སྙམ་སྟེ“ཨ་ཁུ། ཁྱེད་ལ་ཅི་ཞིག་བྱུང་བ་ཡིན་ནམ། སུས་འདི་ལྟར་བྱས་པ་རེད”ཅེས་དྲིས། ཁོང་གིས་ཁ་སྣ་གཉིས་ལས་ཁྲག་དམར་ལྷོག་ལྷོག་ཏུ་བཞུར་གྱིན“བྲག་དཀར་མཚམས་ཁང་དུ་ཁྱོད་གཉིས་ལ་བྱིས་པ་སློང་དུ་སོང་སྟེ”ཞེས་སྨྲས་རྗེས་དབུགས་གཅིག་ལེན་གཉིས་ལེན་བྱས། ང་རང་རྟབ་རྟབ་པོར་གྱུར་ཏེ་ཅི་ཞིག་བཤད་དགོས་པ་དང་ཅི་ཞིག་ལས་དགོས་པའང་མ་ཤེས་པར་ལུས།
“ཟླ་བ། འདི་ལྟར་སྡོད་པའི་དུས་མ་རེད། མགྱོགས་མྱུར་གྱིས་སྨན་ཁང་ལ་འཁྱེར་དགོས། སྐར་མ་མཚོ། ཁྱོད་ཕོ་གསར་རྣམས་འབོད་དུ་སོང”ཨ་ཅེ་ཉི་མ་མཚོས་བསམ་ཚུགས་པའི་སྐད་ཆ་འདི་འཚབ་འཚུབ་ཅི་ཡང་མེད་པར་བཤད། སྤྱིར་ཡིན་ན་སྐད་ཆ་འདི་ངའི་སེམས་ལ་དྲན་ཏེ་བཤད་དགོས་མོད། གནད་འགག་ལ་འཕྲད་ཚེ། ཨ་ཅེ་ཉི་མ་མཚོ་ནི་གསར་བུ་ཞིག་གི་ཡན་རེད། ངས“རེད”མ་གཏོགས་གནད་ལ་ཁེལ་བའི་ཐབས་བཀོད་གཞན་ཞིག་བཤད་མ་ཐུབ།
“ད་ཐེངས་ང་ལ་ཐར་ས་མེད། ཁྱོད་ཚོས་ཕོ་སར་རྣམས་སྡུག་ལ་མ་གཏོད། ད་ལྟ་ཉི་མ་མཚོ་དང་ཟླ་བ་མཚོ་གཉིས་ལ་བཟའ་ཚང་ཡོད་པས། ང་ལ་སེམས་ཁྲལ་ཅི་ཡང་མེད། ད་ལྟ་ངའི་ཞེ་ཐོགས་ས་ནི་སྐར་མ་མཚོ་རེད། ཁོ་མོ་སྐྱེས་མ་ཐག་ནས་ཨ་མ་འདས་སོང་། ད་ལྟ་ངས་ཀྱང་ཁོ་མོ་བསྐྱུར་ཏེ་འགྲོ་དགོས་བྱུང་། རྗེས་ནས་ཁྱོད་ཚོས་ཁོ་མོར་མག་པ་ཞིག་བླངས་ཏེ་ཁྱིམ་འདིར་ཁ་ལྟ་མིག་ལྟ་རེ་བྱ་རྒྱུ་མ་བརྗེད།”ཨ་ཁུ་དོན་གྲུབ་ཀྱིས་དེ་ལྟར་བཤད་རྗེས་སྐད་གདངས་ཇེ་དམའ་རུ་གྱུར་ཅིང་། མིག་ཟུང་གི་འོད་སྣང་ཡང་ཉམས་ཏེ་ལུས་ཡོངས་དར་གོས་གློད་པ་ལྟར་ངའི་པང་དུ་ལྷུང་སོང་།
བྲག་དཀར་མཚམས་ཁང་ཞེས་པ་དེ་ནི་ང་ཚོ་སྡེ་བའི་རྒྱབ་རིའི་ངོས་སུ་ཡོད། དེའི་ནང་དུ་ཡུལ་ཁམས་གཞན་ན་མེད་པའི་རྟེན་བྱིན་ཅན་འགའ་ཡོད་ལ། ནང་དུ་འགྲོ་ཐུབ་ཚེ་བསམ་དོན་ཡོད་ཚད་འགྲུབ་ཐུབ་ཅེས་བཤད་མོད། དེ་ནི་བྱ་རྒོད་པོ་ཡིན་ཡང་འཕུར་དཀའ་ཞིང་། མི་རྩལ་ཅན་ཡིན་ཡང་འགོ་དཀའ་བ་ཞིག་ཡིན། ཨ་ཁུ་དོན་གྲུབ་ལྟ་བུ་ཞིག་འགོ་ག་ལ་ཐུབ། ཡིན་ཡང་ཁོས་ངེད་གཉིས་ལ་བྱིས་པ་སྐྱེ་བའི་ཆེད་དུ་རང་གི་ཚེ་སྲོག་སྟིམས་སོང་།
ཤི་ཆོས་ཕུན་སུམ་ཚོགས་པ་ཞིག་བསྒྲུབས་ཚེ། ཨ་ཁུ་ཁོང་གི་རྣམ་ཤེས་ལ་གར་འགྲོ་འདིར་འགྲོ་ཡི་རང་དབང་ཡོད་ཅིང་། མཐོ་རིས་ཀྱི་གནས་ནས་སྐྱེས་ཐུབ་ཟེར་བས། ཉིན་བདུན་གྱི་རིང་དུ། ང་ཚོས་གཡང་ལུང་གོང་ཞོལ་བར་གསུམ་གྱི་སྡེ་མི་ཚོར་ཟས་ཀྱི་མཆོད་པ་བཤམས་ཤིང་། སྡེ་མི་ལྔ་བཅུ་ལྷག་ལ་སྨྱུང་གནས་སྲུང་དུ་བཅུག་པར་མ་ཟད། དགོན་པ་ཆེ་ཆུང་གསུམ་དང་ཇོ་མོའི་དགོན་པ་གཅིག་བཅས་ཀྱི་དགེ་འདུན་པ་དང་དགེ་བསྙེན་མ་གདན་དྲངས་ཤིང་། བླ་མ་ཆེ་ཆུང་སུམ་ཅུ་ལྷག་ལ་བསྔོ་རྟེན་ཕུལ་ཏེ་དགེ་རྩ་རྒྱ་ཆེན་པོ་བསྒྲུབས། ད་དུང་ཁོང་གི་བེམ་པོའང་མིང་དུ་གྲགས་པའི་དུར་ཁྲོད་བདེ་འགྲོའི་ཚལ་དུ་བསྐྱལ་ཏེ། རྣམ་ཤེས་ངེད་གཉིས་ཀྱི་བུ་ཕྲུག་ཏུ་སྐྱེས་པའི་སྨོན་ལམ་ཡང་དང་ཡང་དུ་བརྒྱབ།
ངོ་མཚར་བ་ཞིག་ལ། ལོ་གཅིག་ཙམ་མ་འགོར་བར་ཟླ་བ་མཚོར་བུ་ཆུང་ཞིག་སྐྱེས། བུ་ཆུང་དེའི་ཐོད་པ་གཡས་པའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་གསལ་ལ་མི་གསལ་བ་ཞིག་ཡོད་པ་དང་། རྐང་པ་གཡས་པའི་བརླ་ངོས་སུའང་བཤད་མི་ཚུགས་པའི་རི་མོ་ཞིག་འདུག ཁོས་ཨ་ཕ་དང་ཨ་མ་ཞེས་འབོད་ཤེས་དུས། ཐད་ཀར་ཕ་མ་གཉིས་ཀྱི་མིང་གིས་འབོད་ལ། ང་དང་ལྷ་མོ་གཉིས་མཐོང་མ་ཐག“ཨ་བ། ཨ་མོ”ཟེར་གྱིན་ངེད་གཉིས་ལ་འཐམས་འགྲོ། ལོ་ལོན་ཞིག་དང་འཕྲད་ནའང་ངོ་ཤེས་རྙིང་བ་ཞིག་ལ་འཕྲད་པ་ལྟར་འཛེམ་དོགས་ཅི་ཡང་མེད་པས། ལོ་ལོན་ཚོས“རྣམ་ཤེས་ཞེས་པ་ནི་འདི་འདྲའི་ཡ་མཚན་རེད། ཁོའི་ཐོད་པའི་རྡོ་རྗེ་ལ་ལྟོས་དང་། ཁོའི་མིང་ལ་རྡོ་རྗེ་ཟེར་ན་འགྲིག”ཟེར་ཏེ་མིང་ཡང་དེ་ལྟར་བཏགས་བྱུང་།
ཨ་ཅེ་ཉི་མ་མཚོ་སོགས་ཁོར་འདང་ཆེ་བ་ནི་སྨྲས་མ་དགོས་ལ། ང་དང་ལྷ་མོ་གཉིས་ཀྱིས་ཀྱང་ཨ་ཁུ་ཁོང་གི་རྣམ་ཤེས་ཕྱིར་རང་ཡུལ་བསྙེགས་ཏེ་སླེབས་པར་དགའ་བ་འབུམ་གྱིས་མྱོས་ཏེ་ཀ་ར་དང་སིལ་ཏོག་སོགས་ཉོས། ངས་དེ་ལྟར་བྱེད་པའི་དམིགས་ཡུལ་གཞན་ཞིག་ནི་ཁོ་རང་བུ་སྐལ་དུ་ལེན་འདོད་པ་དེ་ཡིན། འོན་ཀྱང་ངའི་བསམ་ཚུལ་འདི་ཟླ་བ་མཚོ་བཟའ་ཟླ་གཉིས་ལ་བཤད་མ་ཐུབ། ལྷ་མོར་ཡང་བུ་ཆུང་རྡོ་རྗེ་བུ་སྐལ་དུ་ལེན་པའི་རེ་འདོད་ཡོད་མོད། ངས“ཟླ་བ་མཚོ་བཟའ་ཟླ་གཉིས་ལ་གཏན་ནས་འཐད་མི་སྲིད”ཅེས་བཤད་དེ་དང་ལེན་མ་བྱས།
ཨ་ཁུ་དོན་གྲུབ་ཀྱི་བཀའ་དྲིན་གཞན་ཞིག་ནི་ང་ལ་ཚོང་རྫས་གྱ་ནོམ་པ་ཞིག་རྙེད་དུ་བཅུག ཚོང་རྫས་དེ་ནི་བོད་ཁུལ་དུ་མ་གཏོགས་མེད་ཅིང་ཡུལ་ཕྱོགས་གཞན་པར་ཤིན་ཏུ་མཁོ་བ་ཞིག་རེད། འོན་ཀྱང་ཡུལ་མི་ཚོས་ཤེས་པའི་དབང་དུ་བཏང་ན། ང་རང་མིའི་ཚོགས་ནས་ཕྱིར་ཕུད་པར་མ་ཟད། ཁྱིའི་ཚོགས་སུའང་མི་ཆུད་པ་ཞིག་ཏུ་བྱས་འགྲོ་བ་གདོན་མི་ཟ་བ། དེའི་ཕྱིར་ངས་ལྷ་མོར་ཡང་བཤད་མ་ཕོད། ཚོང་རྫས་དེའི་བཀའ་དྲིན་གྱིས་ང་རང་གྲོང་ཁྱེར་ཆེ་ཆུང་ཀུན་ཏུ་འགྲིམས་ནས་གྲོགས་པོ་ཇེ་མང་དུ་ཕྱིན་ལ། ལྷ་མོ་དང་ངེད་གཉིས་ཀྱི་ཆ་རྐྱེན་ཡང་ཡར་ངོས་ཟླ་ལྟར་འཕེལ་བྱུང་།
སྐབས་དེ་དག་ལ། མནའ་བཅད་ཚེ་རིང་དང་ངེད་གཉིས་ཀྱིས་མི་ལས་དགུ་ལས་བྱས་པའང་བགྲང་ལས་འདས། ངའི་སྤྱོད་ངན་དེ་དག་ལྷ་མོ་དང་ཨ་ཅེ་ཉི་མ་མཚོ། ད་དུང་ཟླ་བ་མཚོ་དང་སྐར་མ་མཚོ་སོགས་ཀྱིས་ཤེས་མི་སྲིད་མོད། ང་རང་ཡུལ་དུ་ལོག་ཐེངས་རེར། ཁོ་ཚོས་གོ་རྒྱུ་ཅན་གྱི་སྐད་ཆ་མང་པོ་བཤད། ཁ་དཔེར། སྤྲང་པོ་ཟས་ཀྱིས་རྒྱགས་ན་ཨ་ལན་མེད་ཅེས་པ་ལྟར་ངས་ཁ་ཡ་མ་བྱས། ལོ་འགའི་ཡར་སྔོན་དེར། ངའི་བརླ་ངོས་སུ་རྨ་འབྲུམ་བུད་དེ་ཕྱ་བྱས་པའི་གླང་ཕྲུག་ཅིག་དང་འདྲ་བར་འགྲོ་དགོས་བྱུང་ལ། ལུས་ཡོངས་སུའང་ཟ་འཕྲུག་ལངས་ཏེ་ཤིག་དམག་གིས་དམག་རྩལ་སྦྱོང་བ་དང་འདྲ། ཡིན་ཡང་ཟླ་ངོ་གཅིག་ལྷག་ལ་གནམ་ཁབ་བརྒྱབ་པ་ན། རྨ་འབྲུམ་དང་ཟ་འཕྲུག་ཡོད་ཚད་གར་སོང་ཆ་མེད་དུ་གྱུར། དེ་ནི་ཨེ་ཛི་ནད་ཅིག་ག་ལ་ཡིན།
ལྔ།
ཟླ་བ་ལྷ་མོའི་ཉེ་སར་བསྣུར་ཏེ“དོན་དངོས་སུ་ཁྱོད་ལ་ཅི་ཞིག་ན་བ་རེད། ང་ལ་བཤད་མི་ཆོག་པའི་ནད་ཅིག་ཡིན་ནམ”ཟེར། ལྷ་མོས་ལག་གིས་ཕྲེང་བ་མྱུར་འདྲེན་བྱེད་ཀྱིན“ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག”ཅེས《སྒྲོལ་མ》ཚར་གཅིག་རྫོགས་པའི་བརྡ་བསྟན་རྗེས།“ཁྱོད་རང་སྨན་པ་ཡིན་ནམ། བཤད་ཀྱང་སྨན་བཅོས་བྱེད་ཤེས་སམ”ཞེས་ལྡོག་འདྲི་བྱས། ཟླ་བས་སེམས་ཀྱི་དོགས་གཞི་དེ་ཡག་ལ་བསྒྱུར་ནས“ང་སྨན་པ་མིན་མོད། སྨན་པས་ཁྱོད་ལ་ནད་རྟགས་དྲིས་ཚེ། ཁྱོད་ཀྱིས་རྒྱ་སྐད་བཤད་ཤེས་སམ། ངས་དེར་སེམས་ཁྲལ་བྱེད་པ་ཡིན”ཟེར། ལྷ་མོས་ཀྱང་གཉོམ་མི་འཁུར་བར“རྒྱ་སྐད་བཤད་མི་ཤེས་ཀྱང་ངས་སྨན་པར་བསྟན་ཆོག ཁྱོད་ཀྱིས་སེམས་ཁྲལ་བྱ་མི་དགོས”ཞེས་སྨྲས་ནས་ངོ་གདོང་དམར་པོར་གྱུར།
“ཡ་ཡ། ཁྱོད་ལ་དེ་འདྲའི་སྤོབས་པ་ཞིག་ཡོད་ན། ངའི་སེམས་བདེ་ལ་བབས་ཆོག ཡིན་ཡང་སྟོན་སྲོལ་ཞིག་ཡོད་དམ།”ཟླ་བས་ཀུ་རེ་རྩེ་ཞོར་དུ་ལག་པས་མར་དེད་ཡོད་པའི་ཉལ་ཐུལ་ལྷ་མོའི་ལུས་སྟེང་དུ་བཀབ།“ང་རྨ་ཆུར་རྐྱལ་མཁན་མ་སྐྲག་པར་རབ་ཁར་སྡོད་མཁན་སྐྲག་དོན་ཅི་ཡོད། སྟོན་སྲོལ་མེད་ཟེར་ཚུལ་ལ་བརྟགས་ན། ང་ལ་གཞན་དང་མི་འདྲ་བ་ཞིག་ཡོད་པ་ཁྱོད་ཀྱིས་མཐོང་བྱུང་ངམ།”ལྷ་མོས་དེ་ལྟར་བཤད་རྗེས་འཕྲལ་དུ་མགོ་བོ་བསྒུར།“ཁྱོད་ཀྱི་རྣམ་འགྱུར་ལ་བལྟས་ན། ནད་པ་ཞིག་དང་མི་འདྲ། ནད་བདག་གིས་སྨན་བཅོས་ཀྱི་འགྲོ་ལུགས་བསྒྲུབས་པ་ཤེས་ཏེ་བྲོས་སོང་བ་མིན་ནམ།”ཟླ་བའི་མིག་ཟུང་ལས་མཆི་མ་འཁྲུག་བཞིན་སྨྲས་ནས་ལྷ་མོའི་མགོ་སྐྲར་བྱིལ་བྱིལ་བྱས།
ལྷ་མོས“ངའི་ནད་བཙོག་འདི་དེ་འདྲ་ཞིག་ཡིན་ན། ཇི་འདྲའི་དགའ་བ་ལ་ཨང”ཞེས་སྨྲས་པ་དང་། ལག་གཡས་པས་སྒལ་གཞུང་འཕྲུག་ཞོར་དུ“ན་ཟུག་བབས་རྗེས་ལུས་ཡོངས་ལ་ཟ་འཕྲུག་ལངས་ཏེ་བཟོད་དཀའ་བ་ཞིག་རེད། སྔ་མ་ཅི་བྱས་ད་ལྟའི་ལུས་ལ་ལྟོས། ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས་ཞེས་པ་ལྟར་སྐྱེ་བ་སྔོན་མར་ངས་སྡིག་སྒྲིབ་མང་པོ་བསོགས་ཡོད་པ་འདྲ”ཟེར་ཏེ་མཆུ་ཏོ་གསེག་ཙམ་གསེག་ཙམ་བྱས། ལྷ་མོས་ཟ་འཕྲུག་ལང་ས་དེར་འཕྲུག་ཐུབ་ཀྱིན་མེད་པ་ཟླ་བས་མཐོང་སྟེ“ངས་མ་ཤེས་པ་མ་གཏོགས་ཁྱོད་ནི་བཤད་ཁ་མ་ཞིག་རེད། གཏམ་དཔེ་དེ་འདྲ་ཞིག་ངས་ཀྱང་ཐོས་མ་མྱོང”ཟེར་བཞིན་ལྷ་མོར་འཕྲུག་རོགས་བྱས།
ལྷ་མོས་ལུས་པོ་གཡས་གཅུ་གཡོན་གཅུ་དང་མགོ་བོ་གཡས་འཁྱོག་གཡོན་འཁྱོག་འགའ་བྱས་ཏེ“ཨ་ལགས་ཚང་གི་གསུང་ལ་འཁྲུལ་བ་ཞིག་ག་ལ་ཡོད། དེ་ནི་གཏམ་དཔེ་ཞིག་མ་རེད”ཟེར། ཟླ་བས་ལག་པ་ལྷ་མོའི་སྒལ་གཞུང་དུ་བསྲིངས་པ་ན། ལྷ་མོའི་སྒལ་རྩ་ཞིག་འཐེན་པ་ལྟར་འགྲམ་ཤ་གཉིས་རྐྱོང་སྐུམ་ཡང་ཡང་བྱས། ལྷ་མོས་བདེ་བ་བསམ་གྱིས་མི་ཁྱབ་པ་ཞིག་མྱངས་པའི་རྣམ་འགྱུར་གདོང་ལས་མངོན་བཞིན“ད་ནི་ངའི་ཟ་འཕྲུག་ཡོད་ཚད་རྩ་རྫོགས་བྱས་ཟིན། ཁྱོད་རང་ང་ལ་ཤ་ཚ་བ་དེ་དངོས་གནས་བདེན་པ་འདྲ”ཞེས་སྨྲས།
ངས་དེ་རིང་གི་ཀུ་རེ་དམར་རྗེན་འདི་འདྲ་ཞིག་ད་ལྟའི་བར་དུ་ཟླ་བར་བཤད་མ་མྱོང་། ཨ་ཁུ་དོན་གྲུབ་ཚེ་ལས་འདས་ཏེ་དགུང་ཞག་ཞེ་དགུ་མ་ལོངས་པའི་མཚན་མོ་དེར། ཟླ་བས“ས་ཕྱོགས་ཀུན་ཏུ་ཚོང་ལས་དར་སྤེལ་བྱེད་པའི་སྒང་རེད། ཁྱོད་ཀྱིས་ཡུལ་ནས་ལས་ཀ་ལོས་དང་། ངས་ཚོང་ཙག་ཙིག་རེ་བརྒྱབ་ན་ཇི་འདྲ་རེད”ཟེར།“སྔོན་ཆད་ངའི་ཨ་ཕས་ཐང་ག་ཞིག་བཙོངས་རྗེས་བཙོན་ཁང་དུ་ཁྲིད་པ་རེད་ཟེར། ཁྱོད་ཀྱང་ཁོ་ལྟར་བཙོན་དུ་འཁྲིད་ན་ཇི་ལྟར་བྱ།”ངས་མྱུར་མོར་དེ་ལྟར་བཤད། ཡིན་ཡང་ཟླ་བ་ཁོང་དགོད་ཅིག་བྱས་ཏེ“ད་ལྟ་སྔོན་ཆད་དང་ག་ལ་འདྲ། གོང་རིམ་གྱིས་ཀྱང་ཚོང་ལས་ལ་རྒྱབ་སྐྱོར་བྱེད་པ་རེད། སྒོར་མོ་མེད་ན་ནད་བྱུང་ཡང་སྨན་ཅི་ཞིག་གིས་ཉོ། སྒོར་མོ་ཡོད་ན་བྱིས་པ་མི་སྐྱེ་བ་འདིའང་སྨན་ཁང་དུ་བསྟན་ཆོག”ཟེར་ཏེ་གདེང་ཚོད་ཡོད་པའི་འོད་སྣང་ཞིག་མིག་ཟུང་ལས་འཁྱུག་འཁྱུག་བྱས།
བྱིས་པ་མི་སྐྱེ་བ་འདིའང་སྨན་ཁང་དུ་བསྟན་ཆོག་ཅེས་པའི་ཚིག་དེས། ང་རང་ཉིད་ཀྱི་ན་ཟུག་དང་ཟླ་མཚན་ཇེ་མང་དུ་གྱུར་པ་དེར་དོགས་པ་ཟ་འགོ་བརྩམས། ཡུད་ཙམ་བསྡད་རྗེས“འུ་གཉིས་ལ་བྱིས་པ་མ་སྐྱེས་པ་ནི་རྣམ་ཤེས་མ་འཁོར་བ་ལས་ནད་ཅིག་ག་ལ་ཡིན། ཨ་ཁུ་དྲིན་ཆེན་པོས་ཀྱང་རྒྱུན་དུ་བཅའ་བ་རིམ་བྲོ་བསྒྲུབས་ཚེ། བྱིས་པ་སྐྱེས་ཐུབ་ཟེར་བ་དེ་ཁྱོད་ཀྱིས་བརྗེད་སོང་ངམ”ཞེས་སྨྲས། ཟླ་བའི་ངོ་གདོང་དམར་པོར་འགྱུར་བཞིན“སྔོན་ཆད་རིག་གནས་གསར་བརྗེ་ཡི་སྐབས་སུ། ལྷ་སྐུ་དག་གི་སྐེ་ལ་ཞོན་མཁན་རྣམས་ཀྱིས་བཅའ་བ་རིམ་བྲོ་མ་བསྒྲུབས་ཀྱང་། ཁོ་ཚོའི་ཚ་བོ་ཚ་མོར་རྣམ་ཤེས་འཁོར་ཡོད་པ་མིན་ནམ། འུ་གཉིས་ལ་བྱིས་པ་མ་སྐྱེས་པ་འདི་སུ་ཞིག་ལ་ནད་ཡོད་པའི་རྟགས་རེད”ཟེར་ཏེ་ངའི་རེ་སྒུག་ཡོད་ཚད་རྨེག་མེད་དུ་བཅོམ་སོང་།
ཉིན་ཞིག་ཟླ་བ་རྫོང་ཐོག་ཏུ་སོང་སྟེ་མིང་ལ་ཚེ་རིང་ཟེར་བ་ཞིག་ཁྲིད་འོངས། ཁོས་རིགས་གསུམ་མགོན་པོའི་ཐང་ག་དེ་ཚེ་རིང་ལ་བསྟན་ནས“ཐང་ག་འདི་ནི་ཁྱིམ་བརྒྱུད་ཀྱི་ནོར་བུ་ཡིན། ཉོ་འདོད་ཡོད་ན་བཙོང་ཆོག”ཟེར། ངས“ཐང་ག་འདི་ནི་ངའི་ཨ་ཕས་ཁྱོད་ཀྱི་ཨ་ཕར་བཅོལ་བ་རེད། གཏན་ནས་བཙོང་མི་རུང”ཞེས་སྨྲས་ནའང་། ཟླ་བས་ཁ་ཡ་མ་བྱས་པར་བཙོངས་སོང་། ཐང་ག་དེ་བཙོངས་པ་ནས་བཟུང་ངའི་ཁྱིམ་མི་ཡོད་ཚད་བཙོངས་པ་ལྟར་ཡིད་སེམས་སྟོང་སེང་ངེར་གྱུར་ཏེ་ནད་ཀྱིས་བཟུང་། ན་ཟུག་ལངས་ཐེངས་རེར་ཁོག་གི་སྙིང་འབལ་བཞིན་པ་དང་འདྲ་ཞིང་གཅིན་གྱི་ནང་དུའང་ཁྲག་ཤ་མང་པོ་འདྲེས་འདུག
ངས་ན་ཟུག་དང་ཁེར་རྐྱང་གི་སྡུག་བསྔལ་མྱོང་བཞིན་ཁྱིམ་ཚང་གཞན་གྱི་དགའ་བའི་དགོད་སྒྲ་དང་འཁོན་པའི་ངུ་སྒྲ། ད་དུང་དགའ་མགུར་སྤྱོད་པའི་འཁུན་སྒྲ་སོགས་ཐོས་དུས་ཁོ་ཚོར་ཡིད་སྨོན་སྐྱེས། ཐ་ན་ནོར་ལུག་གི་ངུར་སྒྲར་ཉན་བཞིན་ཁོ་ཚོ་དུད་འགྲོ་ཡིན་ཡང་འགྲོ་རོགས་དང་ཉལ་རོགས་ཡོད་ལ། བྱེའུ་ཞིག་ཡིན་ནའང་ཁོ་ཚོར་ཀྱུར་ཀྱུར་གྱི་སྐད་སྙན་སྒྲོག་རོགས་ཡོད་པས་ཇི་འདྲའི་སྐྱིད་པ་ལ་ཨང་སྙམ། ཟླ་བ་ཁོས་ཚོང་ལས་ཅི་ཞིག་བྱེད་པ་མི་ཤེས་མོད། ཁོ་རང་ཕྱིར་ཡུལ་ལ་ལོག་ཐེངས་རེར། ཡོང་སྒོ་སྒོར་བརྒྱ་ནས་སྟོང་དང་སྟོང་ནས་ཁྲི་ལ་འཕེལ་འདུག
ངས་ཚོང་ལོག་རྒྱག་བཞིན་འདུག་སྙམ་སྟེ“ཟླ་བ། རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ་ཟེར་སྲོལ་ཡོད། ད་རག་བར་དུ་ཚོང་ལས་མ་བྱས་ཀྱང་རང་ཁ་སོས་ཏེ་འོངས་པ་རེད། དོན་དངོས་སུ་ཁྱོད་ཀྱིས་ཚོང་ལས་ཅི་ཞིག་བྱེད་ཀྱིན་ཡོད”ཅེས་དྲིས། ཁོས“སེམས་ཁྲལ་བྱ་མི་དགོས། ངའི་ཚོང་ལས་ནི་སུས་ཀྱང་མི་ཤེས་པའི་ཚོང་ཞིག་ཡིན། གང་ལྟར་ཁྲིམས་འགལ་གྱི་རིགས་ཤིག་གཏན་ནས་མིན། ཁྱོད་ཀྱི་སེམས་བདེ་མོ་བྱོས”ཟེར་བས། ཁོའི་སྐད་ཆར་ཡིད་ཆེས་མི་བྱ་ཐབས་མེད་བྱུང་།
སྡེ་མི་ཚོས་ང་རང་ཤ་ཟད་རུས་ཟད་དུ་གྱུར་པ་མཐོང་སྟེ“ལྷ་མོ་ཁྱོད་རང་སྨན་ཁང་དུ་འགྲོ་མི་ཐུབ་ན། མཇལ་སྐོར་དུ་སོང་དང་། ཕན་ཐོགས་ཡོད”ཟེར་མོད། ངས་ཟླ་བས་ང་རང་སྨན་ཁང་དུ་འཁྲིད་སྲིད་སྙམ་སྟེ། ཁོ་རང་ཡོང་ཐེངས་རེར“སྨན་ཁང་དུ་འགྲོ”ཞེས་བཤད་པར་རེ་སྒུག་བྱས། ཟླ་བ་ཕྱིར་ལོག་ཐེངས་རེར་ཁོས་ང་རང་སྨན་ཁང་དུ་མ་ཁྲིད་པར་མ་ཟད། ངའི་ནད་གཞི་ཇེ་ཡང་དུ་སོང་ཡོད་མེད་ཀྱི་ཁམས་འདྲི་ཞིག་ཀྱང་མ་བྱས། དེ་ལྟར་ཟླ་བར་རེ་སྒུག་བྱེད་པ་ནི་དགུན་གྱི་ཁུ་བྱུག་ལ་རེ་བ་དང་འདྲ་བས། སྡེ་མི་ཚོས་བཤད་པ་ལྟར་དགོན་པ་དང་དབང་ལུང་གནང་སར་མཆོད་མཇལ་དུ་སོང་། མཆོད་མཇལ་སོང་རྗེས་ངའི་རྡོག་ཁྲེས་ལྕི་མོ་ཞིག་སར་ཕོག་པ་ལྟར་ཟླ་བ་གཅིག་ལྷག་གི་ཡུན་ལ་བདེ་ལྷོད་ལྷོད་དུ་གྱུར་འགྲོ།
དགའ་འོས་པ་ཞིག་ལ། ཟླ་བ་མཚོ་གནས་ལ་འགྲོ་སའི་གཡང་ལུང་ཞོལ་མར་སློབ་གྲྭ་མེད་པར་ཚ་བོ་རྡོ་རྗེ་ང་ལ་བཅོལ་བྱུང་། སྐབས་དེ་ནས་བཟུང་ང་ལ་ཁ་བརྡ་བྱེད་གྲོགས་དང་བཟའ་གྲོགས་འཐུང་གྲོགས་ཡོད་པར་གྱུར། ངས་ཟླ་བ་དྲན་ཏེ“ཁྱི་ལྡོམ་དེ་ཕྱིར་ཡུལ་དུ་འོང་རྒྱུ་མ་རེད”ཅེས་སྡིགས་མོ་བྱས་ཚེ། ཚ་བོ་རྡོ་རྗེས་ཀྱང“ཨ་ཁུ་ཟླ་བ་ནི་རྫུན་རྐྱལ་ཞིག་རེད། ཁོས་རྩེད་ཆས་མང་པོ་ཉོས་ཏེ་ཕྱིར་འོང་ཟེར་མོད། ད་དུང་ཕྱིར་མི་འོང་བ་ཅི་རེད”སོགས་ངའི་སྐབས་ཐོག་གི་ཁོང་ཁྲོ་སེལ་ཐུབ་པའི་སྐད་ཆ་རྐྱང་རྐྱང་བཤད།
ངས་ཚ་བོ་རྡོ་རྗེ་སློབ་གྲྭར་སྐྱེལ་དུས་དགེ་རྒན་ཚེ་བྷར་གོ་རེ་དང་འོ་མ་དཀར་ཡོལ་གང་རེ་ཁྱེར་བ་ཡིན། དགེ་རྒན་ཚེ་བྷས་རྒྱུན་དུ“ལྷ་མོ། ཁྱོད་ཀྱི་ནད་འདི་སྨན་ཁང་དུ་སྟོན་དགོས། སེམས་སྡུག་བྱས་པ་མང་ན། སྙིང་ནད་དུ་འགྱུར་བའི་ཉེན་ཁ་ཡོད”ཟེར། ཁོའི་ཤ་ཚ་བའི་སེམས་གཏམ་ལ་ཉན་པ་ནས་བཟུང་། ངའི་ལུས་ནད་དང་སེམས་ནད་ཡོངས་ཇེ་བདེར་སོང་སྟེ་ཟླ་བའང་དྲན་རྒྱུ་མེད་པར་གྱུར། དོན་དག་འདི་ནི་ང་ལ་མཚོན་ན། དགའ་འོས་པའི་དོན་བཟང་ཞིག་ཡིན་མོད། གཡང་ལུང་གོང་ཞོལ་བར་གསུམ་དུ་ང་དང་དགེ་རྒན་ཚེ་བྷ་གཉིས་མཉམ་འདུག་མཉམ་ལངས་བྱེད་ཀྱིན་འདུག་ཅེས་པའི་སྐད་ངན་ཞིག་ཁྱབ་སོང་།
ཟླ་བས་ཀྱང་སྐད་ངན་དེ་ཐོས་པ་ཇི་བཞིན་གང་ཞིག་ནས་སླེབས། ཁོས་ངའི་ནད་གཞིའི་ཡང་ལྕི་སོགས་གཅིག་ཀྱང་མི་འདྲི་བར“ད་ལྟ་ཁྱོད་རང་ནད་མེད་དུག་མེད་དུ་གྱུར་པ་འདི་ཡ་མཚན་རེད”ཅེས་ཚིག་མཚོན་བཏབ་བྱུང་། ངས་ངག་འཇམ་པོས“ངས་དགེ་རྒན་ཚེ་བྷར་གོ་རེ་བསྐྱལ་མྱོང་ལ། ཁོས་ང་ལ་སྨན་ཡང་ཉོས་མྱོང་། ད་དུང་ཐེངས་འགར་ཁ་བརྡའང་བྱས་མོད། སྡེ་མི་ཚོས་བཤད་པ་ལྟར་ཡིན་ན། དཀོན་མཆོག་གསུམ”ཞེས་མནའ་བསྐྱལ། ཁོས་སྣ་ནས་ཧིན་སྒྲ་སྒྲོག་བཞིན“ད་མནའ་བསྐྱལ་ཏེ་ཉེས་པ་མ་བསགས”ཟེར།
ངས་རང་ཉིད་ལ་ན་ཟུག་ལངས་ཏེ་ཐེངས་འགར་འཆི་ལ་ཁད་བྱས་པའི་མཚན་མོ་དེ་དག་དྲན་པ་དང་མཉམ་དུ། དབུགས་ཀྱི་རྒྱུ་བའང་འགག་ལ་ཁད་ཅིག་བྱས། མ་བསམས་ནས་ཟླ་བ་ཁོང་དགོད་ཅིག་བྱས་ཏེ“ཁྱོད་ཀྱིས་རྫུ་འཕྲུལ་མ་སྟོན”ཟེར། ངའི་སྡུག་བསྔལ་ཡོད་ཚད་མེ་རི་ལྟར་འཕྱུར་ཏེ“ཁྱོད་རང་གང་ཞིག་ནས་ཤི་ཚེ། ངས་ཀྱང་སེམས་ཁྲལ་བྱ་མ་དགོས་པ་རེད”ཅེས་ཤོར་བ་ན། ཁོའི་ངོ་གདོང་དམར་ནག་ཏུ་འགྱུར་བཞིན“འུ་གཉིས་ཀྱི་འདོད་པ་གཅིག་རེད། ཁྱོད་ལ་དེ་འདྲའི་སྡུག་བསྔལ་ཞིག་ཡོད་ན། ད་ནས་བཟུང་ང་རང་ཁྱིམ་འདིར་མི་འོང་། ཁྱོད་ཀྱིས་ཅི་ཞིག་བྱེད་འདོད་ན་དེ་ལྟར་བྱོས”ཟེར་ཏེ་མུན་ནག་གི་ཀློང་དུ་ཕྱིན་སོང་།
ང་རང་ཁོང་ཁྲོས་འདར་བཞིན“ཁྱིམ་འདི་ངས་ཅི་ཞིག་བྱས་ཀྱང་གཞུག་ཕྱོགས་བཤད་རྒྱུ་མེད་པར་གྱིས”ཞེས་སྨྲས་ཏེ་སྒོ་ཁྲོག་སེ་བསྟན། ཡིན་ནའང་གཡང་ལུང་གོང་ཞོལ་བར་གསུམ་དུ་བཟའ་ཚང་མ་འགྲིག་པར་ཆུང་མས་ལྡུམ་སྨན་འཐུངས་པ་དང་། སྐྱེས་པས་རང་སྲོག་བཅད་པའི་གནས་ཚུལ་མང་པོ་ཐོས་བྱུང་བས། དགེ་རྒན་ཚེ་བྷ་བོས་ཏེ་ཟླ་བ་འབོད་དུ་མངགས། ཡུད་ཙམ་འགོར་རྗེས་དགེ་རྒན་ཚེ་བྷ་ཕྱིར་སླེབས་ཏེ་སྐད་གདངས་དམའ་མོས“ངས་འུ་གཉིས་ཀྱི་འབྲེལ་བ་མཐའ་དག་ཁོར་གསལ་པོར་བཤད་ཡོད་པས་སེམས་ཁྲལ་བྱ་མི་དགོས། ཁོས་གཞན་ལ་བསྐྱིས་ཡོད་པའི་སྒོར་མོ་དག་བླངས་རྗེས་ཕྱིར་འོང་རྒྱུ་རེད། ཁོར་ཡང་ཁག་མི་འདུག འུ་གཉིས་ཀྱིས་སེམས་ཆུང་མ་བྱས་ཚེ། སྡེ་མི་ཚོའི་ཁ་ཡན་ནི་བཟའ་ཚང་གཏོར་བྱེད་ཀྱི་འགད་རྫས་དང་འདྲ། ད་ནས་བཟུང་རང་རང་ས་ནས་བསྡད་ན་འགྲིག”ཅེས་བཤད་དེ་མུན་ནག་ཏུ་འཐིམ་སོང་།
ཟླ་བ་གཅིག་ལྷག་གི་ཡུན་ལ།“ཁྱོད་རང་གང་ཞིག་ནས་ཤི་ཚེ། ངས་ཀྱང་སེམས་ཁྲལ་བྱ་མ་དགོས་པ་རེད”ཅེས་བཤད་པ་དེར་འགྱོད་དེ། ཉིན་མོར་དགོང་གི་ཉི་མ་དང་མཚན་མོར་ནམ་མཁའི་ཟླ་བར་ཅེར་ནས་ཁོ་རང་ཕྱིར་སླེབས་པར་རེ་སྒུག་བྱས། ཡིན་ཡང་ཟླ་བ་ཕྱིར་མ་ལོག་པར་མ་ཟད། གར་ཡོད་ཀྱི་སྐད་ཆ་ཙམ་ཡང་ཐོས་མ་ཐུབ། དུས་དེ་ནས་བཟུང་ངའི་རེ་བ་ཡོད་ཚད་ཆུ་ཁའི་ལྦུ་བ་ལྟར་གྱུར་ཅིང་མི་ཚེའང་སྡུག་བསྔལ་གྱིས་བསྲིངས་པའི་ལོ་ཟླ་རེ་རེ་ལས་མ་འདས་ལ། ངའི་ལུས་པོའང་ཚ་རླབས་འཕྱུར་བའི་མེ་ཕུང་ལྟར་ཚ་ལམ་ལམ་དུ་གྱུར་སོང་།
སྡེ་མི་ཚོས་ང་ལ་སྙིང་རྗེ་རྒྱུ་ཕར་ཞོག ཕོ་གསར་ཚོས“ས་ཡར་བལྟས་དགུང་སྔོན་གནམ་གྱི། །ཕར་འཁོར་བའི་ཟླ་བ་དཀར་པོ། །གནས་འདི་ལ་འཁོར་འདོད་མེད་ན། །ཟུར་མིག་གིས་ཡང་ཡང་མ་བལྟ། །ས་མར་བལྟས་གཡང་ལུང་བར་མའི། །སྙིང་རྗེ་བའི་ལྷ་མོ་ལོ་ལོ། །ཁོ་ཡུལ་ལ་ལོག་འདོད་མེད་ཀྱང་། །སྡུག་མི་དགོས་ཕོ་གསར་ང་ཡོད། །”ཟེར་ཏེ་ཀུ་རེ་སྣ་ཚོགས་རྩེས། ང་རང་ཁོང་ཁྲོ་ལངས་ཏེ“ཟླ་བ་ཁོ་ནི་ངའི་སྙིང་ཁོང་གི་ཟླ་བ་ཡིན་ལ། ཁྱོད་ཚོ་ཟླ་བའི་མཐའ་སྐོར་གྱི་སྐར་མ་ལྟ་བུ་རེད”ཅེས་ཚིག་ལན་སྤྲད།
ཉིན་ཞིག་གི་མཚན་མོར། སྡེ་དཔོན་གྱིས“ཁྱིམ་ཚང་རེ་ནས་མི་གཅིག་རེ་ཚོགས་འདུར་ཤོག”ཅེས་བརྡ་བརྒྱབ། ང་ཡང་མ་ཎི་ཁང་དུ་ཕྱིན་པ་ན། དགེ་རྒན་ཚེ་བྷས་གོང་རིམ་གྱི་རེ་བ་ལྟར་སློབ་གྲྭ་རྒྱ་བསྐྱེད་དེ་བཅའ་སྡོད་སློབ་གྲྭ་ཞིག་ཏུ་བསྒྱུར་དགོས་ཚུལ་གླེང་བཞིན་འདུག ཏག་ཏག་ལ་ངེད་ཚང་གི་མཁར་གྱང་ནི་སློབ་གྲྭའི་ལྟག་རྒྱབ་ཏུ་ཡོད་ཅིང་། ངེད་ཚང་གི་རྒྱབ་ཕྱོགས་སུ་གཡང་ལུང་དཔོན་ཚང་གི་གཞིས་ཀ་ཡིན་ཟེར་བའི་མཁར་སྟོང་ཆེན་པོ་ཞིག་ཡོད། རྒྱ་ཁྱོན་དང་འཁོར་ཕྱོགས་སོགས་གང་ཐད་ནས་བལྟས་ཀྱང་། ངེད་ཚང་གི་མཁར་གྱང་དང་དཔོན་ཚང་གི་གཞིས་ཀ་གཉིས་སློབ་གྲྭའི་ནང་དུ་བླངས་ཚེ། གོང་རིམ་གྱི་རེ་འདོད་དང་ཡོངས་སུ་མཐུན།
ཨ་ཁུ་བསོད་ནམས་ཀྱིས“ལྷ་མོ། ཁྱོད་ཚང་གི་ཁང་པ་ཡོད་ས་འདི་ནི་སྔོན་ཆད་ཀྱི་གཡང་ལུང་ཚོ་པ་གསུམ་གྱི་སྔགས་ཁང་ཡིན། འདི་རུ་སྔགས་པ་མཐུ་ནུས་ཅན་མང་པོས་སྒྲུབ་སྦྱོང་བྱས་མྱོང་བས། སློབ་གྲྭའི་ནང་དུ་བླངས་པ་ཡིན་ན། མ་འོངས་པར་ཡོན་ཏན་ཅན་གྱི་བྱིས་པ་མང་པོ་སྐྱེས་ཐུབ། ད་དུང་དཔོན་ཚང་གི་གཞིས་ཀ་དེ་ནས་དགྲ་ལ་སྡང་ཞིང་དམངས་ལ་བྱམས་པའི་དཔོན་པོ་མང་པོ་སྐྱེས་མྱོང་། དེ་ཡང་སློབ་གྲྭའི་ནང་དུ་བླངས་ཚེ། སྡེ་བར་ཤ་ཚ་བའི་སྡེ་དཔོན་མང་པོ་སྐྱེས་ཐུབ་པ་གདོན་མི་ཟ”ཟེར། ཨ་ཁུ་དཀོན་མཆོག་གིས་ཀྱང“ལྷ་མོ། ཁྱོད་ལ་ན་རྒྱུ་མང་བའི་རྒྱུ་རྐྱེན་ཡང་གནས་འདི་བཙན་ས་ཡིན་པའི་རྐྱེན་རེད”ཅེས་གཅིག་རྟིང་གཅིག་གིས་མནན། ཨ་ཁུ་བསོད་ནམས་ཀྱིས་ཡང་བསྐྱར“ཟླ་བའང་ཁྱིམ་དུ་མེད་པས། ཁྱོད་ལ་བཤད་མ་ཕོད་པར་བསྡད་ཡོད”ཟེར།
ད་དུང་ཧ་ལས་པ་ཞིག་ལ། ང་ཚོ་སྡེ་བའི་སློབ་གྲྭ་ཆེན་མོ་བ་ཞིག་གིས“ཨ་ཅེ་ལྷ་མོ། ཁྱོད་ཀྱིས་ཨ་ཁུ་ཟླ་བར་མ་སྒུགས། ཁོ་རང་ང་ཚོ་སློབ་གྲྭའི་སྒྲོལ་མར་ཁ་ཐུག་འདུག”ཟེར། སྐད་ཆ་དེས་ང་རང་མུན་ནག་གི་གཏིང་རིམ་དུ་འཕངས་པ་ལྟར་བྱས་ཏེ། ཟླ་བས“ད་ནས་བཟུང་ང་རང་ཁྱིམ་འདིར་མི་འོང”ཟེར་བ་དེ་བདེན་པར་འདུག ད་ནི་ནད་བདག་གིས་ང་རང་གཤིན་རྗེ་ལས་མཁན་ལ་སྤྲད་ན་ཅི་མ་རུང་སྙམ་སྟེ་རང་སྲོག་གཅོད་དགོས་སྙམ། ཡིན་ཡང་ངའི་རྣ་ལམ་དུ་ཨ་ལགས་ཚང་གི“རང་སྲོག་གཅོད་པ་ནི་གཞན་སྲོག་བཅད་པ་ལས་ཀྱང་སྡིག་སྒྲིབ་ཆེ”ཞེས་པའི་གསུང་དེ་དྲིལ་སྒྲ་ལྟར་གྲགས། དེ་དང་མཉམ་དུ་འཇིག་རྟེན་འཁོར་བ་བློས་བཏང་སྟེ་རབ་བྱུང་བསྒྲུབས་ཚེ། ཟླ་བ་དྲན་མི་དགོས་ཤིང་བྱིས་པ་མ་སྐྱེས་པར་ཡང་སེམས་ཁྲལ་བྱ་མི་དགོས་སྙམ་ནས“ངེད་ཚང་གི་མཁར་དང་ཁང་པ་གཉིས་སློབ་གྲྭ་ལས་བྱེད་དུ་བྱིན་པ་ཡིན”ཞེས་སྨྲས།
དགེ་རྒན་ཚེ་བྷ་ཡར་ལངས་ཏེ“འདི་ནི་ཁོ་མོ་འུ་ཐུག་སྟེ་བཤད་པ་རེད། མོར་ནད་ཀྱིས་བཟུང་སྟེ་རང་སྲོག་གཅོད་གྲབས་ཀྱང་ཐེངས་འགར་བྱས་མྱོང་མོད། ཁྱོད་ཚོས་སེམས་གསོ་བྱ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་ངེད་གཉིས་མཉམ་འདུག་མཉམ་ལངས་བྱེད་པ་རེད་ཟེར། ད་ལྟ་མོར་དགའ་དུས་དགོད་གཏམ་བཤད་གྲོགས་དང་། སྡུག་དུས་སྡུག་གཏམ་བཤད་གྲོགས་མེད་པར་སྐྱོ་གདུང་གིས་མནར་ཏེ། མགོ་ཁང་པ་དང་ནང་བཟའ་ཚང་བློས་གཏོང་འདོད་པའི་བསམ་ཚུལ་འདི་སྐྱེས་པ་རེད”ཅེས་སྐད་གདངས་མཐོན་པོས་བཤད་བྱུང་།
ཁོའི་སྐད་ཆ་འདི་དག་ནི་ངས་སྔོན་ནས་སྡེ་མི་ཚོར་བརྗོད་འདོད་པའི་སྡུག་བསྔལ་ཡིན། ངས་མིག་ཟུང་མཆི་མས་བསྒྲིབས་ཤིང་ངུ་ངག་རིང་མོ་ཞིག་ཀྱང་མིད་ཐག་ཁར་འཚངས་བྱུང་། ཡིན་ཡང་ངའི་སྡུག་བསྔལ་འདི་རྟོགས་དགོས་པའི་ཟླ་བ་ཁོ་མེད་པས། བཙན་གྱིས་མིག་ཆུ་དང་ངུ་ངག་གཉིས་འགོག་ཐབས་བྱས། ཨ་ཁུ་དཀོན་མཆོག་ཡར་ལངས་ཏེ“འདི་འདྲའི་དཔེ་ཞིག་གང་དུ་ཡོད། མི་རྒས་ན་ཡུལ་དང་བྱ་རྒས་ན་ཚང་ཟེར་བ་ལྟར་ལོ་འགའ་འགོར་ཚེ། ཟླ་བ་ཕྱིར་འོང་སྲིད། ལྷ་མོ། ཁྱོད་ཀྱིས་འདང་བཟང་པོ་རྒྱག་རོགས”ཟེར་ཏེ་བཀག་བྱུང་།
མཚན་མོ་དེར་དགེ་རྒན་ཚེ་བྷ་ཡོང་སྟེ“སློབ་གསོའི་ཕྱོགས་ལ་རོགས་སྐྱོར་བྱེད་པ་ནི་ལྷ་ཁང་གསེར་ཁང་བཞེངས་འདྲའི་ཕན་ཡོན་ཆེ་མོད། གཞལ་ཡས་ཁང་འདི་འདྲ་ཞིག་ཁྱོད་ཀྱིས་སྟེར་ཐུབ་བམ། ཟླ་བ་ཕྱིར་སླེབས་ཚེ་ཇི་ལྟར་བྱ། ཁང་པ་གཏན་ནས་སྟེར་མི་རུང”ཟེར། ངས“ཇོ་མོ་བྱས་ཚེ། སེམས་ཁོང་གི་སྡུག་བསྔལ་ཡོད་ཚད་སེལ་ཐུབ་ཅིང་། སྐྱེ་བ་གཞུག་མར་ཕ་མ་བུ་ཕྲུག་འཛོམས་པའི་མི་བསོད་ནམས་ཅན་ཞིག་ཏུའང་སྐྱེ་ཐུབ”ཅེས་བཤད། དེ་ལྟར་ཞག་གང་པོར་ངེད་གཉིས་ཀྱིས་སྙིང་གཏམ་གླེང་རེས་བྱས་ཏེ་ནམ་ཇི་ལྟར་ལངས་པའང་མ་ཤེས།
ཕྱི་ཉིན་མ་ཎི་ཁང་དུ་སོང་བ་ན། སྡེ་མི་ཚོས་མིག་རིག་རིག་གིས་ངས་ཅི་ཞིག་བཤད་པར་ཅེར་ནས་བསྡད་བྱུང་། ངས་སྐད་གདངས་མཐོན་པོས“མཁར་དང་ཁང་པ་གཉིས་སློབ་གྲྭ་ལས་བྱེད་དུ་སྟེར་བའི་སེམས་ཐག་བཅད་པ་ཡིན”ཞེས་སྨྲས། ཨ་ཁུ་བསོད་ནམས་ཡར་ལངས་ཏེ“ངས་ཀྱང་མདང་ཞག་གང་བོར་འདང་བརྒྱབ་པ་ཡིན། ལྷ་མོས་བཤད་པ་ལྟར་བྱས་ཀྱང་ཆོག ང་ཚོས་གནས་གཞན་ཞིག་ནས་ཁོ་གཉིས་ལ་མཁར་གྱང་འདི་ལས་ལྷག་པ་ཞིག་བརྡུངས་རྗེས། དེའི་ནང་དུ་ཁོ་གཉིས་ཀྱི་ཤིང་ཁང་དེ་ཕྱིར་ལས་ཆོག”ཟེར་བར། སྡེ་མི་ཡོད་ཚད་ཀྱིས་མགོ་བོ་ནང་དུ་གུག་གུག་བྱས།
དགེ་རྒན་ཚེ་བྷས་བཤད་པ་ལྟར། ངེད་ཚང་གི་ཁང་པ་ནི་གཞལ་ཡས་ཁང་ཞིག་དང་འདྲ་སྟེ། ཁ་ལྷོ་འཁོར་གྱི་ཤིང་ཁང་གི་ནང་ངོས་ཡོངས་སུ་ཉལ་ཆས་དང་ལྭ་བ་བཀལ་ཆོག་པའི་ལྭ་སྒྲོམ། ཐབ་ཆས་དང་ཅ་ལག་སོགས་བཞག་ཆོག་པའི་ཆ་སྒམ་ལས་ཡོད་པ་དང་། མདུན་གཅོད་དུའང་ཤེལ་གྱི་དྲ་སྒོ་དང་མཐིལ་ཤིང་དུ་ཤུག་པའི་ཤིང་ལེབ་རྐྱང་རྐྱང་ཡིན། ད་དུང་ལྷས་རར་བཙུགས་པའི་སིལ་སྡོང་དང་མེ་ཏོག་སོགས་ལ་བལྟས་ནའང་ལྷ་ཁང་ཆུང་ཆུང་ཞིག་དང་མཚུངས།
སྡེ་མི་ཚོས་ངེད་ཚང་གི་མཁར་དང་ཁང་པ་རྡུལ་འཚུབ་འཚུབ་ཀྱིས་བཤིག་པའི་སྐབས་སུ། ངའི་ལུས་སྟེང་གི་ཡན་ལག་དང་ཉིང་ལག་ཕྲལ་བ་ལྟར་ཟུག་གཟེར་ལངས་འོངས། ཟླ་བར་མཚོན་ནའང་སྒོར་འབུམ་གཅིག་ལྷག་གི་འགྲོ་གྲོན་བཏང་སྟེ་ལས་པའི་མཁར་དང་ཁང་པ་སྡེ་བར་བྱིན་པ་ནི་གྱོང་གུད་ཆེན་པོ་ཞིག་དང་སེམས་ཀྱི་རྨ་ཁ་ཆེན་པོ་ཞིག་ཡིན་པ་སྨྲས་མ་དགོས། དངོས་གནས་ངས་བསྒྲུབས་པའི་དོན་དག་འདི་ནི་ཇི་འདྲའི་གླེན་རྟགས་ཚ་པོ་ཞིག་རེད་ཨང་།
དྲུག
“ལྷ་མོ། ཁྱོད་ཀྱི་ནད་སངས་དྲག་ཏུ་སོང་ཚེ། ང་ཡང་ཚོང་རྒྱག་ཏུ་མི་འགྲོ། རྗེས་ནས་འུ་གཉིས་ལ་བྱིས་པ་མ་སྐྱེས་ཀྱང་དགའ་དགའ་སྐྱིད་སྐྱིད་ཀྱིས་འཚོ་བ་རོལ་ཆོག”ཟླ་བས་ལྷ་མོའི་ལག་པར་བྱིལ་བྱིལ་བྱེད་ཀྱིན་སྨྲས་མོད། ལྷ་མོའི་གདོང་ལ་དམར་མདངས་རྒྱས་ཏེ་ཅུང་ཙམ་བསྡད་རྗེས“དེ་རིང་ཁྱོད་ལ་ཅི་ཞིག་བྱུང་སོང་། སྔོན་ནས་དེ་ལྟར་བསམས་ཡོད་ན་ཇི་འདྲའི་དགའ་བ་ལ་ཨང”ཟེར་བཞིན་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར། ཟླ་བས་མུ་མཐུད་དེ“ཅི་རེད། ཁྱོད་རང་ཡིད་མི་ཆེས་སམ”ཟེར། ལྷ་མོས་ཁ་མ་གྲགས་པར་ཨམ་གཙིགས་བསྡམས་ནས་ཡུན་རིང་དུ་བསྡད་པས། བར་ཁྱམས་དེའི་ནང་དུ་ནད་པས་ཟུག་རྔུ་འབྱིན་པའི་སྒྲ་དང་ནད་པ་སྲུང་མཁན་གྱིས་དངན་པ་ཤོར་བའི་སྒྲ། ནད་གཡོག་མར་འཕྲིན་ཕྲན་སླེབས་པའི་སྒྲ་སོགས་སྨན་དྲི་སྟུག་པོ་ཞིག་དང་བསྡེབས་ནས་ཁྱབ་བཞིན་པ་ཚོར་ཐུབ།
“སྨན་ཁང་འདི་ནི་གནམ་ཁབ་ཁོ་ན་རྒྱག་སའི་སྨན་ཁང་ཨེ་རེད། ལག་པའི་རྩ་ཡོད་ཚད་བསྐམས་རག་ཏུ་གནམ་ཁབ་བརྒྱབ་ཀྱང་དྲག་སྐྱེད་མེད་པ་ཅི་རེད། སྨན་པ་མཁོ་དུས་སྨན་པ་མེད། ནད་གཡོག་མ་མཁོ་དུས་ནད་གཡོག་མའང་མེད། ད་དུང་སྨན་ཚར་ན་སྨན་ཡང་མེད་པའི་སྨན་ཁང་ཞིག་ཡོད་དམ། ང་ཚོས་སྒོར་ཁྲི་འགའ་བྱིན་ཏེ་འདིར་སྡུག་མྱང་དུ་ཡོང་བ་མ་རེད།”ནད་པ་སྲུང་མཁན་ཞིག་གིས་ནད་གཡོག་མ་ཆུང་ཆུང་ཞིག་གི་གདོང་ལ་མཛུབ་མོ་སྐོར་བཞིན་སྨྲས། ནད་གཡོག་མ་དེས་ཀྱང་གཉོམ་མི་འཁུར་བར་སྡང་མིག་བགྲད་དེན“འུར་མ་རྒྱག སྨན་སྟེར་ས་ནས་སྨན་མ་བྱིན་ན། ང་ལ་ཐབས་བཀོད་ཅི་ཞིག་ཡོད། སྒོར་མོར་སེར་སྣ་སྐྱེས་ན་ཡུལ་ནས་སྡོད་དང་ཆོག ང་ཚོས་ཁྱོད་རང་གདན་འདྲེན་ཞུས་པ་མིན། ད་རུང་ཤེས་རྒྱུ་ཞིག་ལ། ཁྱོད་རང་སྨན་ཁང་གཞན་དུ་སོང་ཡང་ཆོག ང་ཚོར་ནད་པ་མང་འདུག”ཅེས་སྡིགས་ཞོར་དུ་མཛུབ་མོ་ལྷ་མོའི་ཕྱོགས་སུ་བསྐོར་བྱུང་།
ཁོང་ཁྲོས་འགད་ལ་ཉེ་བའི་ནད་པ་སྲུང་མཁན་དེས་འུ་ཐུག་པའི་མིག་ཟུང་གིས་ལྷ་མོར་ཐེངས་གཅིག་བལྟས་རྗེས། མགོ་བོ་གཡུག་གཡུག་བྱས་ཏེ་ཕྱིར་ནད་ཁང་དུ་འཛུལ། ཁོ་རང་སོང་ཤུལ་དུ་ནད་གཡོག་མ་ཚོས་ཁོའི་རྒྱབ་ལ་མཛུབ་སྟོན་བྱེད་ཀྱིན“ནད་ཁྲི་བདུན་པའི་ནད་པ་རེད”ཟེར་ཏེ་ཅི་ཞིག་ཧ་གོ་སོང་བ་ལྟར་གཡོ་འཛུམ་མངོན་ཡོང་།
“ཁོ་ཚོས་འུ་གཉིས་ལ་སྡིགས་མོ་བྱེད་པ་ཨེ་རེད། ཨ་ཡོ་ཤུ།”
“མ་རེད། ཁྱོད་ལ་མྱུར་དུ་ནད་ཁང་བཀོད་སྒྲིག་བྱ་དགོས་ཟེར་བ་རེད།”
“དེས་ན། འགྲིག་འདུག སྔོན་ཏག་ཏག་འདིར་ང་ལ་ན་ཟུག་ལངས་བྱུང་། ཁོ་ཚོས་འདི་ལྟར་འུར་བརྒྱབ་ཚེ། ངའི་སྒལ་གཞུང་རིང་མོ་ལྷག་ཏུ་ན་འོངས་པས། དགེ་རྒན་ཚེ་བྷས་ངའི་ནད་འདི་སྙིང་དང་འབྲེལ་བ་ཡོད་ཟེར་བ་བདེན་པ་འདྲ།”
“ཕལ་ཆེར་ཁྱོད་ཀྱིས་དགེ་རྒན་ཚེ་བྷ་དྲན་ཏེ་སྙིང་ན་བ་ཡིན་རྒྱུ་རེད། ཁོར་ཐུག་འདོད་ཡོད་ཚེ། ངས་ཁ་པར་བཏང་ཆོག”ཟླ་བས་ལྷ་མོར་སྙིང་ནད་ཡོད་མེད་ལ་བརྟག་པ་ཇི་བཞིན་བཤད། ལྷ་མོའི་ངོ་མདོག་ཀྱང་མི་འགྱུར་བར“བདེན་པ་འདྲ། ཁོ་རང་ངའི་མདུན་དུ་སླེབས་ཚེ། ནད་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་འགྲོ། ཁོའི་ཁ་པར་ཨང་གྲངས་ངས་ཀྱང་ཤེས”ཞེས་སྨྲས་རྗེས་ངུ་མ་དགོད་ཀྱི་འཛུམ་ཞིག་གདོང་ལས་མངོན་བྱུང་།
བཅའ་བ་རིམ་བྲོ་བསྒྲུབས་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་ཀྱང་ལྷ་མོར་བྱིས་པ་མ་སྐྱེས་པ་ནས་བཟུང་། ངའི་རེ་ཐག་ཡོད་ཚད་ཆད་སོང་། ངོ་ཤེས་པའི་སྨན་པ་ཞིག་ལ་རྒྱུ་མཚན་དྲིས་པ་ན། ཁོས“འདི་ནི་ཁྱོད་གཉིས་ཀྱི་ལུས་ཁམས་ལ་སྐྱོན་ཡོད་པའི་རྟགས་རེད། སྨན་ཁང་ཆེན་པོ་ཞིག་ལ་བསྟན་ཏེ་སྨན་བཅོས་བྱ་དགོས། ཡིན་ཡང་སྨན་རིན་ལ་ཆེས་ཉུང་ནའང་སྒོར་ཁྲི་འགའ་དགོས”ཟེར། སྐབས་དེར་ངེད་གཉིས་ཀྱི་ཁང་པ་དང་ར་ལུག་ཡོད་ཚད་བཙོངས་ཀྱང་ཁྲི་འགའ་ཡང་མེད་པས། ངའི་སེམས་ཤུགས་ཡོད་ཚད་སྒོར་མོ་འཚོལ་བའི་ཕྱོགས་སུ་འཁོར་འགོ་བརྩམས།
སྟབས་ལེགས་པ་ཞིག་ལ། ཉིན་ཞིག་རྫོང་མཁར་ནས་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ། ལམ་འགྲོ་བ་ཞིག་གིས་ངས་བཏགས་ཡོད་པའི་གློ་གྲི་སྙིང་རྗེ་བོ་དེ་མཐོང་ནས“ང་ནི་ཚོང་པ་ཞིག་ཡིན། མིང་ལ་ཚེ་རིང་ཟེར། ཁྱོད་ཀྱི་གློ་གྲི་དེ་བཙོང་རྒྱུ་ཡིན་ནམ”ཟེར། གློ་གྲི་དེ་ནི་ངས་ཨ་ཁུ་དོན་གྲུབ་ཀྱི་བེམ་པོ་དུར་ཁྲོད་བདེ་འགྲོའི་ཚལ་དུ་སྐྱེལ་སྐབས། བྲག་ཁུང་ཞིག་ནས་ཁྱེར་འོངས་པ་ཡིན། བྲག་ཁུང་དེ་རུ་གློ་གྲི་དང་རལ་གྲི་ཆེ་ཆུང་མང་པོ་སྤུངས་ཡོད་པར་མ་ཟད། སློག་ཧྲུལ་མང་པོའང་གཡེངས་འདུག
“ཁྱིམ་བརྒྱུད་ཀྱི་ནོར་བུ་ཞིག་བཙོང་ག་ལ་རུང་།”
“ཁྱིམ་བརྒྱུད་ཀྱི་ནོར་བུ་ཡིན་ཡང་། སྒོར་བརྒྱ་མ་གཏོགས་སྟེར་མི་ཐུབ།”
“ཞོན་རྟ་དང་གློ་གྲི་བཙོང་བའི་དཔེ་ཞིག་ག་ལ་ཡོད། ངས་ཀྱང་ཚོང་ལས་གཉེར་འདོད་མོད། ཉམས་མྱོང་དང་ཚོང་རྫས་གཅིག་ཀྱང་མེད།”
“ཚོང་རྒྱག་ཤེས་ན། ཆུང་བ་ར་ལྤགས་ནས་ཆེ་བ་གནའ་རྫས་ཀྱིས་ཚོང་བརྒྱབ་ཆོག གློ་གྲི་དེ་འདྲ་ཞིག་རྒྱ་ནང་དུ་འཁྱེར་ཐུབ་ཚེ། རིན་གོང་མཐོན་པོར་བཙོང་ཐུབ།”
ངས་ཀུ་རེ་རྩེས་པ་རེད་སྙམ་སྟེ“རྒྱ་ནང་དུ་སྐམ་ཤ་དང་ལུག་ཤ་བཟའ་རྒྱུ་མེད་པས། གློ་གྲི་ཞིག་གིས་ཅི་བྱ”ཞེས་སྨྲས། ཚེ་རིང་ཧབ་དགོད་ཅིག་བྱས་ཏེ“གྲི་ནི་ཤ་ཟ་སྤྱད་ཁོ་ན་ག་ལ་ཡིན། གྲི་ཡ་མེད་ཅིག་ཡིན་ན་རིག་རྫས་ཉར་ཚགས་བྱེད་མཁན་ཚོར་མཁོ་བ་རེད། གྲི་ཕལ་བ་ཞིག་ཡིན་ནའང་ཁང་པའི་ནང་དུ་བཤམ་དགོས། ལྷག་པར་གཡང་ལུང་ས་ཆའི་རྣོ་ལྕགས་ནི་གནམ་ལྕགས་ཐོག་གི་དོ་ཟླ་ཡིན་ཟེར་སྲོལ་ཡོད”ཟེར། ང་རང་ཡ་མཚན་ཏེ“གློ་གྲི་འདི་གཡང་ལུང་ས་ཆའི་རྣོ་ལྕགས་ཀྱིས་བརྡུངས་པ་ཅི་ལྟར་ཤེས”ཞེས་དྲིས།
ཁོའི་མིག་ལས་འོད་ཟེར་འཁྱུག་ཞོར་དུ“གྲི་ཤུབས་འདིའི་སྟེང་དུ་བྱ་རྒྱལ་ཁྱུང་ཆེན་གྱི་རི་མོ་ཡོད་པ་དང་ཡུ་བའི་རྭ་ཅོ་དཀར་པོ་ཡིན་པ། ད་དུང་གྲི་ལྕག་གི་ངོས་སུ་ཉི་ཟླ་ཁ་སྤྲོད་ཡོད་པ་བཅས་ལ་བརྟགས་ན། གཡང་ལུང་ས་ཆའི་རྣོ་ལྕགས་ཀྱིས་བརྡུངས་པའི་སྔོན་ཆད་ཀྱི་གྲི་ཤ་སྟག་རེད། ད་ལྟ་གློ་གྲི་འདི་འདྲ་རྡུང་གིན་མེད། གྲི་འདི་འདྲ་མང་པོ་ཡོད་ན། རིན་གོང་ཅུང་མཐོན་པོར་བཙོང་ཐུབ”ཅེས་རི་མོ་རེ་རེ་སྟོན་ཞོར་དུ་སྨྲས། ངས་ཅི་མི་སྙམ་པའི་ཉམས་ཤིག་བསྟན་ནས“མང་པོ་ཡོད་མོད། སྡེ་མི་ཚོས་ང་མ་གཏོགས་གཞན་ལ་བཙོང་མི་སྲིད། ངས་ཉོས་ཀྱང་གློ་གྲི་དེ་འདྲ་མང་པོ་ཞིག་གིས་ཅི་བྱེད”ཅེས་དྲིས།“དེར་ང་ལ་ཐབས་བཀོད་ཡོད། ཁྱོད་རང་འཐད་ན་འུ་གཉིས་ཀྱིས་མཉམ་དུ་ཚོང་བརྒྱབ་ཆོག”ཚེ་རིང་ཁོའི་མིག་ནང་གི་འོད་ཟེར་དེ་སྐད་ཅིག་ལ་འོད་ཞགས་སུ་གྱུར་ཏེ་ང་རང་སྲེག་ལ་ཁད་བྱས།
ངས་རང་གི་སློག་ཧྲུལ་བསྟན་ནས“དེས་ན། ར་ལྤགས་ཀྱིས་ཅི་ཞིག་བཟོ་དགོས་པ་རེད། ང་ཚོ་སྡེ་བར་ར་ལྤགས་དང་རེའུ་ལྤགས་ཀྱང་མང་པོ་ཡོད”ཅེས་ཉམས་ཚོད་ལེན་པའི་མིག་ཟུང་བགྲད་དེ་དྲིས།“ལས་སྣོན་བྱས་རྗེས་ངས་གྱོན་པའི་ཀོ་ལྭ་དང་ཀོ་ལྷམ་འདི་འདྲ་བཟོ་བ་རེད། དེ་བཞིན་དུ་ལྷམ་གོག་དང་སློག་ཧྲུལ་གྱིས་ཀྱང་ཀོ་ལྷམ་དང་ཀོ་ཁུག་སོགས་བཟོ་བ་རེད།”ཚེ་རིང་གིས་ཀྱང་རང་གི་ཀོ་ལྭ་དང་ཀོ་ལྷམ། ཕྲག་ཏུ་གཟར་བའི་ཀོ་ཁུག་སོགས་སྟོན་བཞིན་སྨྲས། ཁ་བརྡ་ཡུན་རིང་བྱས་པ་བརྒྱུད་དེ་ང་དང་ཚེ་རིང་གཉིས་ཀྱིས་ཚེ་འདིར་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་པའི་མནའ་བཅད། ཡུལ་དུ་སླེབས་རྗེས་ལྷ་མོའི་ཁ་ལ་མ་མཉན་པར་རིགས་གསུམ་མགོན་པོའི་ཐང་ག་དང་། གློ་གྲི་གཉིས་ལེགས་སྐྱེས་ཤིག་གི་ཚུལ་དུ་གོང་སླ་མོ་བྱས་ཏེ་བཙོངས།
དེ་ནས་བཟུང་ང་རང་དུར་ཁྲོད་རེ་རེར་སོང་སྟེ་གྲི་དང་སློག་ཧྲུལ་སོགས་ཚེ་རིང་གི་སར་བསྐྱལ་ལ། ཚེ་རིང་གིས་དེ་དག་ཤོག་སྒམ་དུ་བཅུག་སྟེ་སྨད་དུ་ཆས། ལོ་འགའི་རིང་དུ་ངའི་ཡོང་སྒོ་སྒོར་བརྒྱ་ནས་སྟོང་དང་སྟོང་ནས་ཁྲི་ལ་འཕར། ང་རང་ཕྱུག་ཐོག་ལ་བུད་རྗེས་སྒོར་མོ་ཁོ་ནས་བློ་ཡིད་མ་ཚིམ་པར་བུ་མོའང་མང་པོར་འགྲོགས་མྱོང་བས། ང་རང་ཡུལ་ལ་ལོག་ཐེངས་རེར། ལྷ་མོས་རྒྱུན་དུ“སྒོར་མོ་ཡི་ཆེད་དུ། ཨ་ཕས་འཆི་ཁར་གནང་བའི་ཐང་ག་དེའང་མི་དགོས་པ་ཡ་མཚན་རེད”ཅེས་སྒོར་དང་མོ་གཉིས་ཀྱི་བར་ཕྱེས་ཏེ་བཤད་མོད། རྒྱང་རིང་གི་གྲོང་ཁྱེར་ནས་ངས་ཅི་ཞིག་ལས་པ་ཁོ་མོས་ག་ལ་ཤེས་སྙམ་སྟེ། མ་ཉེས་ཁག་གཡོགས་བྱས་ཚུལ་གྱི་ཉམས་བསྟན་ནས་བསྡད།
ཐེངས་ཤིག་ང་རང་ཡུལ་ལ་ལོག་དུས། སྡེ་བའི་སྲང་ལམ་ཀུན་ཏུ“ཁྱོད་རང་ཡུལ་ལ་འོངས་འཕྱིས་སོང་། ད་ལྟ་ལྷ་མོ་དང་དགེ་རྒན་ཚེ་བྷ་གཉིས་མཉམ་འདུག་མཉམ་ལངས་བྱེད་ཀྱིན་ཡོད”ཅེས་པའི་སྐད་ཆ་ཞིག་རླུང་འཚུབ་ལྟར་གཡུགས་ཏེ་ང་རང་སྒྱེལ་ལ་ཁད་ཅིག་བྱས། སྐད་ཆ་དེ་ནི་འབྲུག་མ་གྲགས་པར་ཐོག་གིས་བརྒྱབ་པ་ལྟར་གྱུར་མོད། ལྷ་མོ་ནི་དེ་འདྲའི་བུད་མེད་ཐ་ཤལ་ཞིག་ག་ལ་ཡིན་སྙམ་སྟེ་ཡིད་མ་ཆེས་པར་ཁྱིམ་དུ་ལོག ངས་ཉམས་ཚོད་ལེན་པའི་ཆེད་དུ“ད་ལྟ་ཁྱོད་རང་ནད་མེད་དུག་མེད་དུ་གྱུར་པ་འདི་ཡ་མཚན་རེད”ཅེས་སྨྲས། ཡུད་ཙམ་བསྡད་རྗེས་ལྷ་མོས“ངས་དགེ་རྒན་ཚེ་བྷར་གོ་རེ་བསྐྱལ་མྱོང་ལ། ཁོས་ང་ལ་སྨན་ཡང་ཉོས་མྱོང་། ད་དུང་ཐེངས་འགར་ཁ་བརྡའང་བྱས་མྱོང་མོད། སྡེ་མི་ཚོས་བཤད་པ་ལྟར་ཡིན་ན། དཀོན་མཆོག་གསུམ”ཞེས་ཚིག་སྟེང་མནའ་ཡིས་མནན།
ངས་དགེ་རྒན་ཚེ་བྷ་ནི་ཁྱོད་ཀྱི་ཨ་ཕ་ཡིན་ནམ་ཨ་མ་ཡིན། ཁྱོད་གཉིས་ལ་ཁ་བརྡ་ཅི་ཞིག་བྱ་རྒྱུ་ཡོད་སྙམ་པ་དང་། བློ་ངོས་སུ་ཁོ་གཉིས་བཟའ་ཚང་ལྟར་བསྡད་ཡོད་པའི་རྣམ་པ་མང་པོ་ཤར་ཏེ“ད་མནའ་བསྐྱལ་ནས་ཉེས་པ་མ་བསགས”ཞེས་སྨྲས། སྐད་ཆ་དེ་ལྷ་མོའི་གནོང་ཐོག་ལ་ཁེལ་བ་ལྟར་དབུགས་ཀྱང་མ་བླངས་པར་བསྡད། ངའི་ཁ་ནས“ཁྱོད་ཀྱིས་རྫུ་འཕྲུལ་མ་སྟོན”ཞེས་ཤོར། མ་བསམས་ས་ནས་ལྷ་མོའི་ངོ་མདོག་དམར་པོར་འགྱུར་བཞིན“ཁྱོད་རང་གང་ཞིག་ནས་ཤི་ཚེ། ངས་ཀྱང་སེམས་ཁྲལ་བྱ་མ་དགོས་པ་རེད”ཅེས་བཤད་བྱུང་།
ང་ལ་མཚོན་ན། ཁྱིམ་ཚང་གི་དོན་དུ་སྟོད་ཀྱི་རྫ་རི་དང་བྲག་རིར་འགོས་ཏེ་དུར་ཁྲོད་རེ་རེའི་རོ་ཤུན་དང་། བར་གྱི་སྡེ་བ་རེ་རེར་སོང་སྟེ་ལྷམ་གོག་ཀྱང་བཏུས་མྱོང་མོད། ཁོ་མོ་སྐྱེས་པ་གཞན་ཞིག་ལ་ཁ་ཐུག་སྟེ་རང་ཁྱིམ་དྲོན་མོ་ནས་མཉམ་འདུག་མཉམ་ལངས་བྱེད་སྲོལ་ཡོད་དམ། ལྷག་པར་ངས་ཕྱི་རོལ་གྱི་གཡོ་ཟོལ་དང་ཇག་ཚོགས་ལྟ་བུའི་ཁོར་ཡུག་ནས་ཉོ་ཚོང་བྱེད་པར། མོས་སེམས་ཁྲལ་གཅིག་ཀྱང་མི་བྱ་བར་མ་ཟད། དུག་མདའ་དང་འདྲ་བའི་དམོད་ཚིག་དེ་འདྲ་བོར་དོན་ཅི་ཡིན་ནམ་སྙམ་སྟེ“འུ་གཉིས་ཀྱི་འདོད་པ་གཅིག་རེད། ཁྱོད་ལ་དེ་འདྲའི་སྡུག་བསྔལ་ཞིག་ཡོད་ན། ད་ནས་བཟུང་ང་རང་ཁྱིམ་འདིར་མི་འོང་། ཁྱོད་ཀྱིས་ཅི་ཞིག་བྱེད་འདོད་ན་དེ་ལྟར་བྱོས”ཞེས་སྨྲས་ཏེ་སྒོར་བུད།
མུན་ནག་གི་ཀློང་དུ་ལྷ་མོས“ཁྱིམ་འདི་ངས་ཅི་ཞིག་བྱས་ཀྱང་གཞུག་ཕྱོགས་བཤད་རྒྱུ་མེད་པར་གྱིས”ཟེར་བའི་སྒྲ་དེ་བྲག་ཅ་ལྟར་འཁོར་འོངས། ངས་ཡོད་ཚད་བསྐྱུར་ཏེ་སྡེ་བའི་སྲང་ལམ་བརྒྱུད་དུས། ཡིད་སེམས་སྟོང་སང་སང་དུ་གྱུར་ཏེ་བསེར་བུ་ཞིག་གིས་ཀྱང་ང་རང་བསྒྱེལ་འགྲོ་བ་ལྟར་སྣང་། སྐབས་དེར་ཁྱིམ་ཚང་གཞན་གྱི་དཀར་ཁུང་ནས་མཆེད་འོངས་པའི་ལྷང་ལྷང་གི་དགོད་སྒྲ་དང་བྱིས་པའི་ངུ་སྒྲ། ནོར་ལུག་གིས་སྐྱུག་ལྡད་བྱེད་པའི་སྒྲ་སོགས་ཀྱང་ངའི་ཡིད་དབང་འགུག་བྱེད་ཀྱི་རོལ་དབྱངས་སྙན་མོ་ཞིག་ལས་མ་འདས།
སྐྱོ་གདུང་གིས་མནར་བཞིན་པའི་སྐབས་དེར། ནག་ལིང་ལིང་གིས་མི་ཞིག་མིག་མདུན་དུ་མངོན། དེ་ནི་གཞན་ཞིག་མ་ཡིན་པར་དགེ་རྒན་ཚེ་བྷ་རེད། ཁོ་རང་མཐོང་མ་ཐག ངའི་ཀླད་པས་ལྷ་མོ་དང་ཁོ་གཉིས་མཉམ་འདུག་མཉམ་ལངས་བྱེད་པའི་རྣམ་པ་གསལ་པོ་ཞིག་རྟོག་བཟོ་བྱས་བྱུང་བས། ཁ་ནས“ཁྱི་ལྡོམ་ཁྱོད། སྲང་བར་ཉུལ་ཏེ་ཅི་ཞིག་བྱེད་འདོད་པ་ཡིན”ཞེས་སྨྲས། ཁོས་ང་ལ་ཐ་མག་རྐང་གཅིག་བསྲིངས་ནས“ལྷ་མོས་མངགས་ཏེ་འོངས་པ་ཡིན”ཟེར། ང་རང་ལྷག་ཏུ་ཁོང་ཁྲོ་ལངས་ཏེ“ཁྱོད་ནི་ལྷ་མོའི་རྒྱུག་ཁྱི་ཡིན་ནམ”ཞེས་སྨྲས་པར། ཁོས་ལྷོད་འཇམ་གྱིས“ལྷ་མོས་བཤད་ན། ཁྱོད་ཀྱིས་ངེད་གཉིས་ལ་དོགས་ཚོམ་བྱེད་ཀྱིན་འདུག་ཟེར། ང་རང་ཆེད་དུ་བྱ་རུ་འོངས་པ་ལས། ཁྱི་ལྡོམ་དང་རྒྱུག་ཁྱི་ཞིག་གཏན་ནས་མིན”ཟེར་བཞིན་ཐ་མག་ལ་མེ་བསྒོས་བྱུང་།
ཁོས་ཐ་མག་རྔམ་འཐེན་འགའ་བྱས་རྗེས“ལྷ་མོས་རྡོ་རྗེ་སློབ་གྲྭར་བསྐྱལ་འོངས་དུས། གོ་རེ་དང་འོ་མ་དཀར་ཡོལ་གང་རེ་ཁྱེར་ཡོང་བ་ནི་དོན་དངོས་ཡིན། ད་དུང་ཉིན་ཞིག་སློབ་མ་ཚོས་ནངས་ཀློག་བྱེད་སྐབས། རྡོ་རྗེར་གཉིད་བརྒྱབ་སྟེ་དཔེ་ཀློག་གཏན་ནས་མ་བྱས། ངས་རྒྱུ་མཚན་དྲིས་པ་ན། ལྷ་མོར་ན་ཟུག་ལངས་ཏེ་ཞག་གང་བོར་གཉིད་མ་ཐུབ་ཟེར། ངེད་གཉིས་འགྲོགས་ཏེ་བལྟ་རུ་ཕྱིན་པ་ན། ལྷ་མོའི་ངོ་མདངས་སྐྱ་བོར་གྱུར་ཅིང་ཁ་ཤའང་སྔོ་ནག་ཏུ་གྱུར་འདུག ནད་དེ་ཅི་ཞིག་ཡིན་པ་ཁྱོད་ཀྱིས་ཀྱང་ཤེས་ན་འགྲིག ང་རང་རྫོང་མཁར་དུ་འགྲོ་ཐེངས་རེར་བོད་སྨན་དང་རྩྭ་སྨན་གྱི་རིགས་ཉོས་མྱོང་། འདི་དག་ནི་སྡེ་མི་ཚོས་བཤད་པའི་སྐད་ཆའི་འབྱུང་ཁུངས་རེད”ཟེར།
ཁོའི་སྐད་ཆ་དེ་ནི་ཁུ་བྱུག་གི་གསུང་སྐད་ཇི་བཞིན་ཉན་སྤྲོ་བ་ཞིག་ཡིན་མོད། ང་རང་ངོ་ཚ་དང་འགྱོད་གདུང་གིས་མནན་ཏེ་དབུགས་ཀྱང་འབྱིན་རྔུབ་བྱ་དཀའ་བར་གྱུར།“ངས་ཀྱང་གཡང་ལུང་གོལ་ཞོལ་བར་གསུམ་གྱི་སྡེ་མི་ཚོས་བཤད་རྒྱུ་ཞིག་མ་རྙེད་པར་ཡོད་པ་ཐོས་མྱོང་། ངས་ཚོང་ལས་ཤིག་གཉེར་ཁུལ་བྱས་ཏེ་མོར་བདག་སྐྱོང་ལེགས་པོ་བྱ་མ་ཐུབ། ཁྱོད་ཀྱིས་ལྷ་མོར་རོགས་རམ་བྱས་པར་སྐུ་དྲིན་ཆེ། ད་ལྟ་ང་རང་གཞན་ལ་བསྐྱིས་ཡོད་པའི་སྒོར་མོ་ལེན་དུ་འགྲོ་དགོས། ཉིན་འགའི་རྗེས་ནས་མ་གཏོགས་ཕྱིར་ཡུལ་དུ་ལོག་མི་ཐུབ”ངས་དེ་ལྟར་བཤད་ནས་མྱུར་སྟབས་ཀྱིས་ཁོ་དང་གཡོལ་ཐབས་བྱས།
ང་རང་སྒོར་མོའི་འོབས་སུ་ལྷུང་བ་ནས་བཟུང་། མིག་གིས་མཐོང་བ་དང་རྣ་ཡིས་ཐོས་པ་ཡོད་ཚད་སྒོར་མོར་འགུགས་པར་ལོབས་ཏེ་ཕ་ཡུལ་གྱི་མཛེས་སྡུག་དང་དྲོད་ཁོལ་སོགས་ག་ལ་ཚོར་ཐུབ། ལྷག་པར་ཁང་སྟོང་ནང་དུ་ཁེར་རྐྱང་དུ་ལུས་པའི་ལྷ་མོའི་སྡུག་བསྔལ་ཚོར་ག་ལ་ཐུབ། ཨ་ཁུ་དྲིན་ཆེན་པོ་གསོན་ཐོག་ཏུ་ཡོད་དུས་ཀྱང“བཟའ་ཚང་ཟེར་བ་ནི་སྐྱིད་དུས་དགོད་གཏམ་འཆད་གྲོགས་དང་སྡུག་དུས་སེམས་གཏམ་འཆད་གྲོགས་ཡིན”ཟེར་བ་ཅིས་མ་བདེན། ཕྱུག་ཐོག་ཏུ་བུད་པ་ནས་ངས་མོར་སྨན་ཉོས་པ་ལས་ཅི་ཡང་བྱས་མ་མྱོང་།
སྨན་དེ་དག་ཉོས་པའི་དམིགས་ཡུལ་གཙོ་བོ་ནི་བྱིས་པ་སྐྱེ་བའི་ཆེད་དུ་ཡིན་པ་ལས། མོའི་ནད་ལ་དམིགས་ཏེ་ཉོས་པ་གཏན་ནས་མིན། ང་རང་མི་ལས་དགུ་ལས་བྱས་ཏེ་ཕྱིར་ལོག་པ་ཞིག་དང་མི་འདྲ་བར། ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་ཏེ་མོར་ཉེས་འགེལ་བྱས་པ་ནི་ཇི་འདྲའི་གླེན་རྟགས་ཚ་བ་ཞིག་རེད་ཨང་། ང་རང་དངོས་གནས་སྔར་བྱས་ཀྱི་ལས་མཐའ་དག་ལ་འགྱོད་དེ་ལྷ་མོར་སྨན་བཅོས་བྱ་དགོས་པའི་དམ་བཅའ་སྙིང་ལ་བཀོད།
མཚན་མོ་དེར་ང་རང་རྐང་ཐང་གིས་རྫོང་མཁར་དུ་སོང་སྟེ་ཕྱི་ཉིན་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཟི་ལིང་དུ་ཆས། ཐང་ཆད་པ་དང་འགྱོད་གདུང་གིས་ང་རང་ཉལ་སར་ལྷུང་སྟེ་ཡར་ལངས་མ་ཐུབ། ངས་ཚེ་རིང་ལ་ལྷ་མོར་ཉེས་འགལ་བྱས་པའི་རྒྱུ་མཚན་མཐའ་དག་བཤད་པ་ན། ཁོས“གློ་གྲི་ཤོག་སྒམ་གཉིས་ལུས་འདུག དེ་གཉིས་བཙོངས་རྗེས་འུ་གཉིས་ཀྱིས་མཚམས་བཞག་ཆོག ད་ནི་ངས་ཀྱང་ཆུང་མ་ཞིག་བཙལ་རན་རེད”ཟེར་བས་ཁོའི་ངོ་ལྡོག་མ་ཐུབ། ཚེ་རིང་གིས་མུ་མཐུད་དུ“འདི་ལྟར་སེམས་སྡུག་བྱེད་པ་ལས་སེམས་གཡེང་དུ་འགྲོ”ཟེར་ཏེ་བཙན་གྱིས་ང་རང་ནང་མ་ཁང་ཞིག་ཏུ་ཁྲིད། ལས་བསམས་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར། ནང་མ་ཁང་ནས་སྒྲོལ་མ་དང་འཕྲད་དེ་ལྷ་མོར་ནག་མེད་ཉེས་འགེལ་བྱས་པའི་འགྱོད་གདུང་ཡོད་ཚད་ཀྱང་གཏིང་བརྗེད་དུ་གྱུར། སྒྲོལ་མར་འགྲོགས་ཏེ་ཟླ་འགའ་འགོར་རྗེས། ཚེ་རིང་དང་ངེད་གཉིས་ཀྱིས་གློ་གྲི་ཤོག་སྒམ་གཉིས་པོ་ཁྱེར་ཏེ་མེ་འཁོར་ས་ཚིགས་སུ་སོང་།
བསམ་ཡུལ་ལས་འདས་པ་ཞིག་ལ། མེ་འཁོར་ས་ཚིགས་སུ་འགྲོ་སྐབས། ཉེན་རྟོག་པ་སྐོར་ཞིག་སླེབས་ཏེ་ངེད་གཉིས་ཀྱིས་ཕྲག་ཏུ་ཁུར་བའི་ཤོག་སྒམ་གཉིས་འཕྲོག་པར་མ་ཟད།“མཚོན་ཆ་འདི་འདྲ་མང་པོ་ཞིག་གིས་ཅི་ཞིག་བྱེད་འདོད་པ་ཡིན”ཞེས་ཉེས་སྐྱོན་རི་འདྲ་བ་ཞིག་བཀབ། ཚེ་རིང་གིས“གྲི་བཙོང་དུ་འགྲོ་བ་ལས་བྱ་བ་ངན་པ་ཞིག་བསྒྲུབ་ཏུ་འགྲོ་བ་མིན”ཞེས་དག་འབུད་བྱས། ཡིན་ནའང་ཐ་མག་མཛུབ་མོ་དང་མི་འབྲལ་ཞིང་ཨོང་ཤ་རྐུབ་སྟེགས་དང་མི་འབྲལ་བའི་ཉེན་རྟོག་པ་ཞིག་གིས“གྲི་བཙོང་བ་ནི་བྱ་བ་ངན་པ་ཞིག་མིན་ནམ། གྲི་འདི་དག་མི་ངན་ཚོའི་ལག་ཏུ་ཤོར་ཏེ་མི་གསོད་ཀྱི་དོན་རྐྱེན་ཞིག་བྱུང་ཚེ། ཉེས་སྐྱོན་ཚབས་ཆེན་བྱུང་བ་མིན་ནམ”ཟེར་གྱིན་སྡང་མིག་བགྲད།
ངས“མི་ཞིག་གསོད་འདོད་ཚེ། གྲི་འཛིན་དགོས་དོན་ག་ལ་ཡོད”ཅེས་མི་འདོད་པའི་རྣམ་འགྱུར་བསྟན། ཉེན་རྟོག་པ་དེས་ངའི་རྒྱ་སྐད་མ་གོ་བ་འདྲ་སྟེ“གྲི་ཆས་ཀྱི་རིགས་ཉོ་ཚོང་བྱེད་པ་དེ་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས་ཏེ་ལོ་མང་པོ་འགོར་ཡོད། ཁྱོད་གཉིས་ཀྱིས་གྲི་འདི་འདྲ་མང་པོ་ཞིག་བཙོང་འདོད་པ་ནི་ཉེས་པ་གནམ་གྱིས་མི་ཁེབས་པ་ཞིག་རེད”ཟེར། ངས་ཕྱིར“གྲི་མེད་ཚེ། ང་ཚོས་ལུག་ཇི་ལྟར་བཤའ་འམ། ཤ་ཇི་ལྟར་བཟའ་འམ”ཞེས་ལྡོག་འདྲི་བྱས་མོད། ཁོས་སྔར་བཞིན་ཁ་ཡ་མ་བྱས་པར་གྲི་ཡོད་ཚད་འཕྲོག་སྟེ། ངེད་གཉིས་ལོ་གཉིས་ལྷག་ལ་བཙོན་ཁང་དུ་བཅུག་པ་རེད། དེའི་ཕྱིར་ངས་ལྷ་མོ་སྨན་ཁང་དུ་སྟོན་མ་ཐུབ་པར་ཡུན་རིང་འགོར་ཡོད།
བདུན།
ཟླ་བས་ལྷ་མོའི་སྒལ་བར་འཕུར་མཉེད་བྱེད་སྐབས། ལྷ་མོས་སྐབས་རེར་སྣ་གཉེར་གཉེར་དང་ཁ་གསེག་གསེག་བྱེད་ཅིང་། སྐབས་རེར་ཨམ་གཙིགས་བསྡམས་ཏེ་ཡུན་རིང་དུ་འདུག རིམ་བཞིན་མོའི་ནད་དང་ན་ཟུག་ཡོད་ཚད་ཟླ་བའི་ལག་མཐིལ་གྱིས་བཅིར་ཏེ་ཚར་བ་ལྟར་སྐྱ་མདོག་གི་ངོ་གདོང་ལ་སླར་ཡང་དམར་མདངས་རྒྱས། མོས་དབུགས་རིང་ཞིག་ཕྱུངས་པ་དང་ཆབས་ཅིག“ཟླ་བ། ད་ངའི་ན་ཟུག་བབས་བྱུང་། ཁྱོད་རང་ངལ་གསོས་དང་ཆོག”ཅེས་བཤད། ཟླ་བས་གདོང་གི་རྔུལ་ཆུ་ཕྱིས་རྗེས“ད་ལྟ་དགེ་རྒན་ཚེ་བྷ་མེད་ཀྱང་། ན་ཟུག་འབབ་ཐུབ་བམ”ཟེར།“ཁྱོད་ཀྱིས་དེ་ལྟར་ཀུ་རེ་རྩེས་ན། ངའི་སྙིང་ལངས་ཏེ་མིད་ཐག་ཁར་ཐོན་ཡོང་། སྔོན་ཆད་ང་རང་འཆི་ལ་ཁད་བྱེད་པའི་དུས་དེ་དག་ལ། ཁྱོད་རང་གང་དུ་ཡོད།”ལྷ་མོས་བཞུར་ལ་ཉེ་བའི་མིག་ཆུ་འབྱིད་ཞོར་དུ་སྨྲས།
“ལྷ་མོ། ད་ནས་བཟུང་ང་རང་ཁྱོད་དང་ཁ་མི་འབྲལ། རྗེས་ནས་ཁྱོད་ལ་ན་ཟུག་ལངས་ཚེ། དེ་རིང་ལྟར་ཁྱོད་ཀྱི་ན་ཟུག་ཡོད་ཚད་ངས་གཅིར་ཆོག ད་དུང་ཁྱོད་ལ་ཟ་འཕྲུག་ལངས་ནའང”ཟླ་བས་བཤད་མཚམས་བཞག་སྟེ་ལག་པ་གཉིས་ཀྱིས་ལྷ་མོའི་བརླ་ཐོག་ཏུ་འཕྲུག་འཕྲུག་བྱས།“ཁྱོད་ཀྱིས་སྔོན་ཆད་ནས་འདི་ལྟར་བསམས་ཡོད་ཚེ། ངས་ན་ཟུག་དེ་འདྲ་ཞིག་མྱོང་ག་ལ་དགོས། ད་ཐེངས་ནད་དྲག་ཐུབ་མིན་སུས་ཀྱང་བཤད་དཀའ། དྲག་ཐུབ་ནའང་ང་རང་དགོན་པར་སོང་སྟེ་རབ་བྱུང་བསྒྲུབ་རྒྱུ་ཡིན།”ལྷ་མོས་མགོ་བོ་གཡུག་གཡུག་བྱེད་ཀྱིན་སྨྲས་པར་བལྟས་ན། ཟླ་བའི་འཕུར་མཉེད་དང་སྙིང་གཏམ་སོགས་ཀྱིས་གོ་ཅི་ཡང་ཆོད་མེད་པ་འདྲ།
“འཕུར་མཉེད་བྱས་པ་ཙམ་གྱིས་ཀྱང་ན་ཟུག་འབབ་ཐུབ་པའི་ནད་ཅིག་ལ་སྐྲག་དགོས་དོན་ག་ལ་ཡོད། ཁྱོད་རང་དགོན་པར་སོང་ཚེ། ང་གཅིག་པུས་ཇི་ལྟར་བྱ།”ཟླ་བའི་ངོ་གདོང་དམར་པོར་འགྱུར་བཞིན་ཡོད་ནའང་སྐད་ངག་འཇམ་པོར་འགྱུར་བ་ཅི་ཡང་མེད་པར་སྨྲས།“སྔོན་ཆད་ཁྱོད་རང་སོང་ཤུལ་དུ་ང་གཅིག་པུ་བསྡད་པ་རེད། ཁྱོད་ཀྱང་དེ་བཞིན་དུ་སྡོད་དང་། ཁེར་རྐྱང་གི་སྡུག་བསྔལ་ཅི་འདྲ་ཞིག་ཡིན་པ་ཁྱོད་ཀྱིས་ཤེས་ཐུབ། དེ་ལྟར་སྡོད་འདོད་མེད་ཚེ། ཁྱོད་རང་ཁ་ཐུག་ཡོད་པའི་བུ་མོ་དེའི་བཙལ་དུ་སོང་ཆོག”ལྷ་མོས་དེ་ལྟར་བཤད་དེ་གདོང་ལས་འཛུམ་གཉེར་དང་ཁྲོ་གཉེར་གང་ཡིན་མི་ཤེས་པ་ཞིག་མངོན་བྱུང་།
“ང་ལ་བུ་མོ་བཙལ་བའི་ཁོམ་པ་ཞིག་ག་ལ་ཡོད། ངའི་ཚོང་ལས་ནི་ཁྲོམ་སྲང་གི་ཚོང་པ་ལྟར་གནས་གཅིག་ནས་བསྡད་ན་ག་ལ་ཆོག ཉིན་འགར་ཟས་ཁམ་གང་དང་ཆུ་ཧུབ་གང་འཐུང་མ་ཐུབ་པའི་དུས་ཀྱང་ཡོད་ཅེ་ན། ཁྱོད་ཀྱིས་ཡིད་ཆེས་སམ།”ཟླ་བའི་སྐད་གདངས་ཀྱང་ངོ་མདངས་ལྟར་འགྱུར་བཞིན་སྨྲས།“ཁྱོད་ལ་ཁོམ་པ་མེད་ཅེ་ན། སུ་ཞིག་གིས་ཡིད་ཆེས་སམ། སྐབས་དེར་དགེ་རྒན་ཚེ་བྷས་ཉིན་འགའི་རྗེས་ནས་ཁྱོད་རང་ཕྱིར་འོང་ཐུབ་ཟེར་མོད། ལོ་གཉིས་ལྷག་ལ་ཁྱོད་རང་གང་དུ་སོང་བ་ཡིན། ཁྱི་མོ་དེར་འགྲོགས་ཏེ་བསྡད་པ་མིན་ན། ཁྱོད་རང་ནམ་མཁར་འཕུར་བ་ཡིན་ནམ། ཡང་ན་ས་འོག་ཏུ་འཛུལ་བ་ཡིན། སྡེ་མི་ཚོས་ད་དུང”ལྷ་མོས་རྗོད་འདོད་ཡོད་པའི་སྐད་ཆ་འདི་དག་ཁ་ཏོན་འདོན་པ་ལྟར་བཤད་མོད། ཟླ་བར་ཁ་ཐུག་ཡོད་པའི་བུ་མོ་དེའི་མིང་ལ་སྒྲོལ་མ་ཟེར་བ་བརྗེད་འདུག་པ་འདྲ།
“སྡེ་མི་ཚོ་ཁོམ་སོང་ན། མི་བཤད་དགུ་བཤད་བྱས་ཏེ་འུ་གཉིས་ཀྱི་ཁང་པ་བླངས་པས་མི་ཆོག ད་དུང་ཅི་ཞིག་བཤད་བྱུང་།”ཟླ་བའི་རྩ་ལམ་གྱི་ཟུངས་ཁྲག་ཡོད་ཚད་མིག་ནང་དུ་འདུས་ཤིང་ངག་ནས་འབྲུག་སྒྲ་ལྡིར་བ་ལྟར་བཤད། ཁོའི་སྐད་འགྲགས་དེས་ལག་འཁྱེར་ཁ་པར་ལ་ཅེར་ཡོད་པའི་ནག་གཡོག་མ་རྣམས་ཧད་དུ་བཅུག་ལ། ནད་པ་སྲུང་མཁན་རྣམས་ཀྱང་སྒོར་འབུད་དུ་བཅུག ད་དུང་བར་ཁྱམས་ཉ་ར་བྱེད་པའི་རྒན་མོ་མགོ་དཀར་མ་དེའང་འབྲོ་རུ་བཅུག་སོང་། ཟླ་བས་ཐ་མག་རྐང་གཅིག་བླངས་ཏེ་རྔམ་འཐེན་བྱེད་འགོ་བརྩམས། ལྷ་མོས་འཕྲལ་དུ་ཉལ་ཐུལ་གྱིས་རང་གི་ངོ་གདོང་བཀབ་ནའང་། མོའི་མིག་ལམ་དུ་དམར་ནག་ཏུ་གྱུར་པའི་ཟླ་བའི་ངོ་གདོང་ཤར་ཞིང་། རྣ་ལམ་དུ་གཡག་ཐུག་ཅིག་ངུར་འདྲའི་ཟླ་བའི་སྐད་འགྲགས་གྲགས་ཏེ་སྐྲག་སྣང་དང་འགྱོད་གདུང་མཉམ་དུ་སྐྱེས་བྱུང་།
ད་རག་བར་དུ་ཟླ་བར་ཁོང་ཁྲོ་འདི་འདྲ་ཞིག་ལངས་མ་མྱོང་། དངོས་གནས་ཁོས་བཤད་པ་ལྟར་སྡེ་མི་ཚོ་ཁོམ་སོང་ན། མི་བཤད་དགུ་བཤད་བྱས་ཏེ་བཟའ་ཚང་འགའ་འཐོར་དུ་བཅུག་པར་མ་ཟད། བུད་མེད་ཅིག་གིས་ལྡུམ་སྨན་འཐུངས་ཏེ་ཚེ་ལས་འདས་ཤིང་སྐྱེས་པ་ཞིག་འཕྲུལ་རྟར་ཞོན་ཏེ་བྲག་ལ་ལྡིང་། ད་ལྟ་ང་དང་ཟླ་བ་གཉིས་ཀྱང་ཚད་འདི་འདྲ་ཞིག་ཏུ་འཕངས་སོང་། དེ་རིང་ཟླ་བར་ཁོང་ཁྲོ་འདི་འདྲ་ཞིག་ལངས་དོན་གཙོ་བོ་ནི་ཁོ་ཚོས་ངེད་གཉིས་ཀྱི་མཁར་དང་ཁང་པ་བླངས་པའི་རྐྱེན་ཡིན་སྲིད།
ཟླ་བ་གཅིག་ལྷག་གི་ཡར་སྔོན་དེར། ངས་ནོར་ལུག་དང་རྒྱུ་ནོར་དག་སྐར་མ་མཚོར་བཅོལ་ཞིང་། མཁར་དང་ཁང་པ་གཉིས་སྡེ་བར་བྱིན་ཏེ་ཨ་ལགས་ཚང་གི་སྐུ་མདུན་དུ་སོང་། ངས་ཨ་ལགས་ཚང་ལ་ཕྱག་གསུམ་འཚལ་རྗེས“ང་ནི་རབ་བྱུང་བསྒྲུབ་ཏུ་འོངས་པ་ཡིན”ཞེས་ཞུས། ཨ་ལགས་ཁོང་བཞད་ཙམ་བྱས་ཏེ“ད་ལྟའི་དུས་འདིར་རབ་བྱུང་སྒྲུབ་མཁན་ཇེ་ཉུང་དང་མར་ལོག་བྱེད་མཁན་ཇེ་མང་ཡིན་མོད། ཁྱོད་ལ་རབ་བྱུང་སྒྲུབ་འདོད་ཅིག་ཅི་ལྟར་བྱུང་བ་ཡིན”ཞེས་བཀའ་འདྲི་གནང་བྱུང་།
ངའི་མིག་ལམ་དུ་འདས་པོ་ཡོད་ཚད་གློག་བརྙན་ལྟར་ཤར་བ་དང་མཉམ་དུ། ངག་ལས་ཚིག་གཅིག་ཀྱང་མ་འཁྱོལ་བར་ངུས་ཏེ་བསྡད། ཨ་ལགས་ཁོང་ཡང་བསྐྱར་འཛུམ་བཞིན“སྤྱིར་ཡར་ལོག་བསྟན་པའི་སྲོག་ཤིང་ཞེས་པ་ལྟར་རབ་བྱུང་བསྒྲུབས་ཚེ། ཚེ་འདི་ཕྱི་གཉིས་ལ་ཕན་པའི་དགེ་བ་བསམ་གྱིས་མི་ཁྱབ་པ་བསྒྲུབ་ཐུབ་མོད། ཁྱོད་ནི་ཁྱོད་གཅིག་པུ་མ་ཡིན་པར་ཞེ་ཐོགས་པའི་སྐྱེས་པ་ཞིག་ཡོད་སྲིད། ཡུན་ཐུང་གི་ཁོང་ཁྲོའི་དབང་དུ་བཏང་སྟེ་བྱ་བ་གཏན་ནས་བསྒྲུབ་མི་རུང”ཞེས་གསུངས།
ངས་མིག་ཆུ་འབྱིད་ཞོར་དུ“ང་རང་ལོ་བརྒྱད་ཡས་མས་ཀྱི་དུས་སུ། ནུ་བོ་དང་སྲིང་མོ། ཨ་མ་གསུམ་གཅིག་རྗེས་གཉིས་མཐུད་ཀྱིས་འདས་པས། ངའི་སྐྱེས་པ་ཟླ་བའི་ཕ་མ་གཉིས་ཀྱིས་ང་རང་བུ་སྐལ་མར་བླངས། འོན་ཀྱང་ཟླ་ངོ་གཅིག་ཀྱང་མ་འགོར་བར་ཁོང་གཉིས་ཀྱང་ཚེ་ལས་འདས། དེ་ནས་བཟུང་ང་དང་ཟླ་བ་གཉིས་ཁོའི་ཨ་ཁུ་དོན་གྲུབ་ཀྱིས་གཉོར་སྐྱོང་བྱས་ཏེ་ཁྱིམ་ཐབ་འཛིན་དུ་བཅུག ཡིན་ཡང་ད་རག་བར་དུ་བྱིས་པ་ཞིག་ཀྱང་སྐྱེས་མ་ཐུབ་ལ། ཟླ་བ་ཁོ་ཡང་ཚོང་རྒྱག་ཏུ་སོང་སྟེ་ང་གཅིག་པུ་བསྐྱུར་འགྲོ། ད་ཐེངས་ཁོ་རང་སོང་སྟེ་ལོ་གཉིས་ལྷག་འགོར་སོང་། དྲང་མོར་བཤད་ན། ཁོ་རང་གསོན་ཡོད་མེད་ཀྱང་ཤེས་དཀའ”ཞེས་ཞུས།
ཨ་ལགས་ཚང་གི་སྤྱན་ཟུང་བཙུམས་ནས“ཁྱོད་རང་གཡང་ལུང་བར་མའི་ཡིན་ནམ། གྲྭ་བ་རྒན་པ་ཚོའི་ཁ་ནས། སྔོན་ཆད་ཁྱོད་ཚོ་སྡེ་བར་ཚད་ནད་བྱུང་སྟེ་མི་མང་པོ་རྐྱེན་འདས་སུ་གྱུར་པའི་གནས་ཚུལ་ཐོས་མྱོང་། སྐྱབས་བསླུ་མེད་དཀོན་མཆོག་གསུམ་པོ། ཚེ་འདས་དེ་དག་ཐུགས་རྗེ་ཆེན་པོའི་ཞིང་ཁམས་ནས་སྐྱེས་པར་ཤོག ཚེ་འདིའི་མ་གྱུར་སེམས་ཅན་ཐམས་ཅད་ནད་རིགས་བཞི་བརྒྱ་རྩ་བཞིའི་ནད་ལས་གྲོལ་བར་ཤོག”ཅེས་གསུང་བཞིན་ཕྱག་ཟུང་ཐལ་མོ་སྦྱར་ཏེ་བསྡད། ཨ་ལགས་ཚང་གི་གསུང་དེ་ཐོས་པ་ན། ངའི་དྲན་ངོས་སུ་དཀག་ཡོད་པའི་འདས་པོ་ཡོད་ཚད་ཁ་དོག་མི་འདྲ་བའི་སྦྲང་ཆུང་རེ་རེར་གྱུར་ཏེ། ངའི་སེམས་ཁོང་གི་ཐང་གའི་སྟེང་ནས་ཁོང་ཚང་གི་ཀུན་དགའ་ར་བའི་ཕྱོགས་སུ་འཕུར་བ་ལྟར་སྣང་ལ། སེམས་ཁོང་དུ་འཐིམ་ཡོད་པའི་སྐྱོ་གདུང་ཡོད་ཚད་ཀྱང་མིག་ཆུར་གྱུར་ཏེ་ཕྱི་རུ་བཞུར།
“འཁོར་བ་ཁབ་ཀྱི་རྩེ་མོ་ན། བདེ་བ་ནམ་ཡང་ཡོད་མ་ཡིན། ཁྱོད་ཀྱིས་ཟླ་བ་ཁོ་མི་ཐ་ཤལ་བ་ཞིག་རེད་འདོད་མོད། འདི་ནི་ཁྱོད་ཀྱིས་རང་ཉིད་ཁོ་ན་བསམ་པའི་བདག་འཛིན་གྱི་བློ་ཞིག་ཡིན། ཟླ་བ་ཁོ་ཡུལ་ནས་ཀྱང་སྡོད་མ་ཐུབ་པར་ཁ་རྒྱབ་ཀྱི་དོན་དུ་གཞན་ཡུལ་འགྲིམ་པའི་སྡུག་བསྔལ་དེ་ཁྱོད་ཀྱིས་རྟོགས་མི་སྲིད། གཉེན་བསྒྲིགས་པ་ཉུང་ལ་ཐོར་བ་མང་བའི་དུས་འདིར། བཤད་ཤེས་ཉན་ཤེས་བྱས་ན་རང་སེམས་བདེ།། འགྲོ་ཤེས་འདུག་ཤེས་བྱས་ན་རང་ལུས་སྐྱིད།། འདོད་ཆུང་ཆོག་ཤེས་བྱས་ན་བཟའ་ཚང་སྐྱིད།། བཟའ་འཁོན་བཟའ་ཐོར་མེད་ན་བདེ་སྐྱིད་ཡིན།།”ཨ་ལགས་ཚང་གིས་དེ་ལྟར་གསུངས་རྗེས་ང་ལ་བལྟས་ཏེ་འཛུམ་པ་ན། ཟླ་བའི་ངོ་གདོང་དེས་སེམས་ཁོང་གི་སྤྲིན་ནག་བརྟོལ་ནས་མིག་ལམ་དུ་ཤར་བྱུང་།
ཨ་ལགས་ཚང་གིས་གསུངས་པ་ལྟར། ངས་རང་ཉིད་ཁོ་ན་བསམས་ཏེ་ཟླ་བ་ཁོས་གཞན་ཡུལ་དུ་སྡུག་བསྔལ་མྱོང་གིན་ཡོད་མེད་དེ་ཡིད་ལའང་དྲན་མ་མྱོང་བར་མ་ཟད། ཁོ་རང་བུ་མོ་ཞིག་དང་འགྲོགས་ཡོད་པར་ཡིད་ཆེས་བྱས་ཏེ་ཁྱིམ་ཡང་མེད་པར་བཏང་། ཞིབ་འདང་ཞིག་བརྒྱབ་ན། ཟླ་བ་ཁོ་རང་ཡུལ་ལ་ལོག་ཐེངས་རེར་ངས་མཐོང་མ་མྱོང་བའི་སྨན་དང་ཟས་རིགས་ཉོས་འོངས་ལ། གྱོན་ཆས་ཀྱི་རིགས་ཀྱང་ཡུལ་འདིར་མེད་པའི་དབྱར་ལྭ་དང་དགུན་ལྭ་སོགས་ཁྱེར་ཡོང་། ད་དུང་ལྭ་བ་རེ་རེ་ང་ལ་གྱོན་དུ་བཅུག་སྟེ་ཡིད་ཚིམ་པའི་མིག་མདངས་ཀྱིས་ང་རང་སྐྱེལ་བསུ་བྱེད་སྲིད། འདི་དག་ལས་ཀྱང་ཁོ་རང་གིས་ང་རང་བརྗེད་མེད་པ་རྟོགས་ཐུབ། སྡེ་མི་ཚོས“ཟླ་བ་སྤྲང་པོར་གྱུར་ཏེ་ད་ལྟ་གད་སྙིགས་འཐུ་བཞིན་འདུག”ཅེས་སྒྲོག་བཞིན་ཡོད་པ་དེ་ཡང་མི་བདེན་པའི་ངེས་པ་ག་ལ་ཡོད།
ཨ་ལགས་ཚང་ཡང་བསྐྱར་འཛུམ་བཞིན“ཟླ་བའི་སྙིང་གི་ཕྱེད་ཀ་ཁྱོད་རང་ཡིན། །ཁྱོད་ཀྱི་ལུས་སེམས་རྟེན་ས་ཟླ་བ་ཡིན། །རང་གཞན་གཉིས་ལ་བསམ་བློ་གཏོང་ཤེས་ཚེ། །ཁྱིམ་ཚང་བདེ་སྐྱིད་མི་ཚེ་དོན་ཡོད་ཡིན། །ཁྱོད་ལ་ཁ་ཞེ་གཉིས་མེད་ཀྱིས་རབ་བྱུང་སྒྲུབ་འདོད་ཡོད་ན། ལོ་གཅིག་གི་རྗེས་ནས་ཕྱིར་ཤོག་དང་། རབ་བྱུང་འདི་ནས་བསྒྲུབས་རྗེས་ཇོ་མོ་དགོན་པར་སོང་ཆོག ད་ཁྱོད་རང་ཕྱིར་སོང་དང་། ཁྲིགས་ཁྲིགས་མེད་ན་ཟླ་བ་སླེབས་ཡོད་ཀྱང་སྲིད”ཅེས་གསུངས་ཏེ་ང་ལ་སྐྱེལ་མ་བྱས།
ཨ་ལགས་ཚང་གི་མངོན་མཁྱེན་ལྟར་ང་རང་དགོན་པའི་གླིང་བར་དུ་སླེབས་པ་ན། ལོ་གཉིས་ལྷག་ལ་གར་སོང་ཆ་མེད་དུ་གྱུར་པའི་ཟླ་བའང་སླེབས་འདུག ང་རང་རྒྱུག་ཐེངས་གཅིག་གིས་ཁོར་འཐམས་ཏེ་ངུ་འདོད་ཅིག་སྐྱེས་མོད། ཁོས་ཚིག་གཅིག་ཀྱང་མི་བཤད་པར་ངོ་གནག་སྟེ་བསྡད་པས། ངའི་དགའ་སྣང་ཡོད་ཚད་འགྱོད་སྣང་དུ་གྱུར་ཏེ་མིག་ཆུ་བཞུར་གྱིན་བསྡད། ཉིན་དེར་དགོན་པར་མཆོད་མཇལ་བྱེད་པའི་མི་ཧ་ཅང་མང་། དེའི་ཁྲོད་དུ་ང་ཚོ་སྡེ་བའི་ཨ་ཁུ་བསོད་ནམས་ཀྱང་ཡོད། ཁོང་གིས་ཟླ་བ་མཐོང་མ་ཐག སྐོར་ལམ་གྱི་མ་ཎི་སྐོར་མཚམས་བཞག་སྟེ་འཁྱར་འཁྱོར་ངང་ངེད་གཉིས་ཀྱི་སར་སླེབས་རྗེས། ལག་པ་ཀྲབ་ཀྲབ་སྒོས་ཟླ་བར་ཐེངས་འགར་བརྒྱབ་སྟེ“ཟླ་བ། ཁྱོད་ད་རག་བར་དུ་གང་ནས་བསྡད་པ་ཡིན། ངས་ཁྱོད་ལ་དོན་དག་ཅིག་བྱུང་བ་རེད་འདོད་དེ་མཚན་མོ་གཉིད་ཀྱང་མི་ཁུག”ཅེས་སྨྲས་ནས་གཉེར་མདུད་བརྒྱབ་པའི་མིག་ཟུང་ལས་འོད་ཀྲིག་ཀྲིག་བྱས།
ཨ་ཁུ་བསོད་ནམས་ཀྱིས་མུ་མཐུད་དུ“ཁྱོད་རང་དབང་པོ་སྣ་ལྔའང་མེད་པ་ལྟར་སྡོད་པ་ཅི་རེད། ཁྱོད་ལ་ནད་འདྲ་བྱུང་བ་ཡིན་ནམ”ཞེས་ནན་འདྲི་བྱས། ཟླ་བས་སྔར་བཞིན་ཅི་མ་སྙམ་པའི་ལུས་པོ་འཕག་ཙམ་ཡང་མི་བྱ་བར“ཚོང་བརྒྱབ་སྟེ་འོང་མ་ཐུབ་པ་རེད། ང་ལ་ཅི་ཡང་བྱུང་མེད། ངས་ལྷ་མོ་བཙལ་ཏེ་ཐང་ཆད་པ་རེད”ཟེར། ཨ་ཁུ་བསོད་ནམས་ཀྱིས་དངན་པ་རིང་མོ་ཞིག་འཐེན་རྗེས“ཁྱོད་ལའང་ནད་ཅིག་བྱུང་ཡོད་པ་འདྲ། སྨན་ཁང་དུ་བསྟན་ན་འགྲིག སྙིང་མ་རྗེ། ལྷ་མོས་ཁྱོད་ལ་བསྒུགས་ཏེ་ཤིང་ལྟར་བསྐམས་ཡོད་པར་ལྟོས་དང་། ངའི་ཁ་ལ་མཉན་ན་ད་ནས་བཟུང་ཡར་མར་དུ་མ་ལྡོམ། ཡུལ་ནས་ཀྱང་ཁ་གསོ་ལོས་ཐུབ། ཨ་ཤི་རེ་ཁོ། ཁྱིམ་རྒྱུད་བཟང་པོ་ཞིག”ཅེས་ཚིག་རྔ་བསྐྱུར་ཏེ་མགོ་བོ་གཡུག་གཡུག་བྱེད་ཀྱིན་སྐོར་ལམ་དུ་ཆས་སོང་།
ཏག་ཏག་ལ་ཨ་ཁུ་བསོད་ནམས་ཀྱིས“ད་རག་བར་དུ་གང་ནས་བསྡད་པ་ཡིན”ཞེས་པ་དེ་ནི་ངས་འདྲི་འདོད་པའི་དྲི་བ་གཙོ་བོ་དེ་ཡིན་མོད། ཟླ་བས་ལན་གསལ་པོ་ཞིག་མ་བྱིན། དེའི་འཕྲོར་རྗོད་འདོད་པ་ནི“ངས་ཁྱོད་ལ་དོན་དག་ཅིག་བྱུང་སོང་སྙམ་སྟེ་མཚན་མོ་གཉིད་ཀྱང་མི་ཁུག”ཅེས་པ་དེ་རེད། དེ་ཡང་ཨ་ཁུ་བསོད་ནམས་ཀྱིས་དྲིས་ཟིན། ད་དུང་འདྲི་རྒྱུ་ཞིག་ལུས་ཡོད་པ་ནི“ཟླ་བ། ཁྱོད་ཀྱིས་ད་ལྟ་གད་སྙིགས་འཐུ་བཞིན་ཡོད་ཟེར་བ་དེ་བདེན་ནམ”ཞེས་པ་དེ་རེད། དྲི་བ་དེ་ཨ་ཁུ་བསོད་ནམས་ཀྱིས་ཀྱང་མ་དྲིས་ལ། ངས་ཀྱང་འདྲི་མ་ཕོད་པར་ཁ་མ་གྲགས་པར་བསྡད།
བསིལ་རླུང་འཇམ་པོ་ཞིག་ལྡང་བ་དང་མཉམ་དུ། འདུ་ཁང་གི་བྱ་འདབ་ཏུ་འཐེན་ཡོད་པའི་དར་ལྕོག་དག་ཁ་དོག་སྣ་ལྔའི་རླབས་རིས་རྒྱུ་བ་དང་འདྲ་ལ། གཡེར་དྲིལ་མང་པོས་ཀྱང་སིལ་སྙན་སིལ་སིལ་དུ་དཀྲོལ་བྱུང་། ད་དུང་དྲིལ་བུ་དང་ཌ་རི། ཆོས་ཀྱི་འདོན་དབྱངས་རྟ་སོགས་ཀྱང་བསིལ་རླུང་དང་ལྡིང་འོངས་པས། རེ་ཞིག་ལ་ངའི་ཡིད་ཀྱི་སྐྱོ་གདུང་ཡོད་ཚད་དགོན་པའི་མཛེས་སྙན་བསུང་གསུམ་གྱིས་བཀུག་སྟེ་ཟླ་བ་མིག་མདུན་དུ་ཡོད་པའང་བརྗེད་པར་གྱུར།
“འགྲོ།”གློ་བུར་བའི་སྐད་ཆ་དེས་ང་རང་ཧང་སང་བར་བྱས། ཁོས་ཁང་པ་སྡེ་བར་བྱིན་པ་ཤེས་ཏེ་བསམ་གཟས་ནས་བཤད་པ་ཡིན་ནམ། མ་ཤེས་པར་བཤད་པ་ཡིན་ནམ། ངས་ཁང་པ་སྡེ་བར་བྱིན་པའི་རང་སྐྱོན་ཁས་ལེན་བྱེད་པ་ལྟར“གང་དུ་འགྲོ་ཟེར་བ་ཡིན”ཞེས་དྲིས། ཁོས“འགྲོ་ས་གཞན་ཞིག་ཡོད་དམ། ཡུལ་དུ་འགྲོ་ཟེར་བ་ཡིན”ཞེས་སྨྲས་ཏེ་ཁ་ཅི་ཡང་མ་གྲགས་པར་ཕ་ཡུལ་གྱི་རྐང་ལམ་ཕྲ་མོར་ཞུགས། སྐྲ་རིང་མ་དང་བློ་ཐུང་མ་ཞེས་པ་ཅི་མ་བདེན། ང་ལ་རབ་བྱུང་སྒྲུབ་འདོད་ཡོད་ནའང་ཁང་པ་སྟེར་དོན་ག་ལ་ཡོད། ད་ལྟ་རབ་བྱུང་ཡང་བསྒྲུབས་མ་ཐུབ་ལ། ཁང་པའང་མེད་པས། ཟླ་བ་ཁོ་རང་གང་ཞིག་ཏུ་འཁྲིད་དགོས་སམ། ངས་ཁང་པ་སྡེ་བར་བྱིན་པའི་གནས་ལུགས་ཇི་ལྟར་བཤད་དམ།
ངས་མཁར་དང་ཁང་པ་སྡེ་བར་བྱིན་པ་དེ་ཟླ་བས་ཤེས་ཡོད་དམ། ཤེས་མེད་ན་ཁོང་ཁྲོ་འདི་འདྲ་ཞིག་ལངས་དོན་མེད་ལ། ཤེས་ཡོད་ཚེ་ཁོང་ཁྲོ་འདི་འདྲ་ཞིག་གིས་ག་ལ་ཚད། དེ་ལྟར་ངས་རྐང་གཡས་པ་ནི་ཤེས་ཡོད་པ་དང་། རྐང་གཡོན་པ་ནི་ཤེས་མེད་པའི་དབང་དུ་བཏང་སྟེ་ཁ་ནས“ཤེས་ཡོད། ཤེས་མེད”ཅེས་ཟློ་བཞིན་ཉེས་ཅན་པ་ཞིག་དང་འདྲ་བར་ཁོའི་རྗེས་སུ་དམ་པོར་འབྲངས། དགོན་པ་ནས་སྡེ་བའི་བར་དུ་སྤྱི་ལེ་བཅུ་ཕྲག་ལས་མེད་ནའང་། ངའི་སྣང་བར་ཡང་སྤྱི་ལེ་བརྒྱ་ཕྲག་ལས་རིང་བ་དང་འདྲ།
སྟབས་ལེགས་པ་ཞིག་ལ། གཡང་ལུང་གོང་མའི་རྩྭ་ར་ཁར་སླེབས་དུས། ཨ་ཅེ་ཉི་མ་མཚོས་ནོར་ལུག་དེད་དེ་ཡུལ་ལ་འགྲོ་བ་དང་འཕྲད། མོས་ངེད་གཉིས་མཐོང་མ་ཐག“ཟླ་བ། ཁྱོད་རང་ཁྱི་ལྡོམ་ཡིན་ནམ། ཁྱི་ལྡོམ་ཡིན་ནའང་དགོང་མོ་རང་གི་ཉལ་སར་ལོག་འོངས། ཁྱོད་རང་ལོ་གཉིས་ལྷག་ལ་ཕྱིར་མི་འོང་བའི་རྒྱུ་མཚན་ཅི་ཡིན། ལྷ་མོ་ཁྱོད་ཀྱང་སྨྱོས་པ་མིན་ན་ལྷ་ཁང་འདྲ་བའི་ཁང་པ་དེ་སྡེ་བར་སྟེར་སྲིད་དམ། ཇི་འདྲའི་བཟའ་ཚང་རིགས་འདྲ་གཉིས”ཞེས་ཆུ་ལོག་རྒྱུགས་པ་ལྟར་བཤད་རྗེས་མིག་ཆུའང་ཆུ་ལོག་ལྟར་བཞུར། ཟླ་བ་ཁ་གདངས་ཏེ་མིག་ཟུང་ལས་མཆི་མ་བཞུར་གྱིན་བསྡད།
“ཁྱི་ལྡོམ་ཞིག་ལ་ཁང་པ་དགོས་སམ། སྐྱེས་པ་མ་ཤི་བར་གསོན་ཡུགས་ལྟར་ཁང་སྟོང་ཞིག་བསྲུངས་ཏེ་སྡོད་པ་ལས་དགོན་པར་སོང་ན་འགྲིག ང་ཡིན་ནའང་དེ་ལྟར་བྱ་སྲིད།”ཨ་ཅེ་ཉི་མ་མཚོས་ཟླ་བར་ཚིག་གཅིག་ཀྱང་བཤད་དབང་མ་བྱིན་པར་ཤོག་སྦག་བཀད་པ་ལྟར་སྨྲས། ཁང་པ་བྱིན་པའི་མཚན་མོ་དེར། ངས་ཟླ་བར་ཇི་ལྟར་བཤད་པའི་ཕྱོགས་ལ་སྐད་ཆ་མང་པོ་གྲ་སྒྲིག་བྱས་ཡོད། དེའི་ནང་གི་རྣོ་ངར་ལྡན་པའི་ཚིག་མདའ་ནི་ཨ་ཅེ་ཉི་མ་མཚོས་བཤད་མ་ཐག་པའི་ཚིག་དེ་རེད།
ཨ་ཁུ་དོན་གྲུབ་འདས་པ་ནས་བཟུང་། ང་ཚོའི་གྲས་ཀྱི་ལོ་ན་ཆེས་ཆེ་བ་ནི་ཨ་ཅེ་ཉི་མ་མཚོ་ཡིན་ལ། བཟའ་དཔོན་གྱི་འགན་ཡང་ཁུར་ཡོད། ང་ཚོས་མོའི་ཁ་ལེན་ཚིག་བརྩི་བྱས་ཤིང་མོས་ཀྱང་ང་ཚོར་གཉོར་ཤེས་སྐྱོང་ཤེས་བྱེད། ཟླ་བ་ཚོང་ལས་ཀྱི་ཕྱོགས་སུ་འཁོར་རྗེས། མོས་ཐེངས་མང་པོར་ཟླ་བར་སློབ་གསོ་བཏང་སྟེ་སྡིགས་མོ་བྱས་མོད། ཟླ་བའི་སེམས་ལ་གདོན་ཞུགས་པ་ལྟར་མོའི་སེམས་གཏམ་ལའང་མ་མཉན། ཟླ་བ་གར་སོང་མ་ཤེས་པར་ལོ་གཉིས་ལྷག་འགོར་རྗེས། མོས་ཀྱང་ང་ལ“ཟླ་བ་གང་ཞིག་ནས་མག་པར་བསྡད་པ་ཡིན་སྲིད། ཁྱོད་ཀྱིས་ཀྱང་མག་པ་ཞིག་བཙལ་དགོས་རྒྱུ་རེད”ཅེས་འུ་ཐུག་པའི་སེམས་གཏམ་བཤད་མྱོང་། ཨ་ཅེ་ཉི་མ་མཚོ་ངའི་རྒྱབ་རོགས་སུ་ལངས་པ་ཡིན་ན། ཟླ་བས་ང་ལ་ཅི་ཡང་བྱ་མི་ཐུབ།
ཟླ་བས་རང་ཉིད་སྲེག་འདོད་པ་ལྟར་ཐ་མག་རྔམ་འཐེན་འགའ་བྱས་ཏེ་ཅི་ཞིག་འཆད་གྲབས་བྱེད་སྐབས།“སྔོན་བྱས་ཀྱི་ལས་མཐའ་དག་ལ་ཇི་ལྟར་འགྱོད་ཀྱང་འཕྱིས་སོང་། ད་ལྟ་མཁར་དང་ཁང་པ་སྡེ་བས་ལས་རྒྱུ་ཡིན་ཟེར་བས། ཁྱོད་ཀྱིས་སེམས་ཁྲལ་བྱ་དགོས་པ་ནི་ལྷ་མོ་སྨན་ཁང་དུ་སྟོན་རྒྱུ་དེ་རེད། མོ་རང་ནད་ལས་དྲག་ཚེ། རྒྱུ་ནོར་བཙལ་ན་རྙེད་སླ་བ་ཞིག་རེད། བྱིས་པའང་མ་སྐྱེས་ཀྱང་བུ་སྐལ་ཞིག་བླང་ཆོག”ཨ་ཅེ་ཉི་མ་མཚོས་མིག་ཆུ་འབྱིད་ཞོར་དུ་སྨྲས། མོའི་སྐད་ཆ་འདི་ནི་ངས་ཀྱང་ཟླ་བ་ཡུལ་ལ་ལོག་ཐེངས་རེར་བཤད་མྱོང་། སྐབས་དེར་ཟླ་བས་ངའི་ཁ་ལ་མ་མཉན་པར་ལོ་བཅོ་ལྔ་ལྷག་ལ་ཚོང་བརྒྱབ་མོད། ད་ལྟ་ངེད་གཉིས་ལ་ཅི་ཡང་མེད། ངས་དེ་ལྟར་བསམ་པའི་དུས་སུ། ཟླ་བས་འཐད་པའི་མགོ་བོ་ནང་དུ་གུག་གུག་བྱས།
ཟླ་བ་ཕྱིར་སླེབས་པའི་གཏམ་བཟང་དེ་ཟླ་བ་མཚོ་དང་མོའི་བུ་རྡོ་རྗེ། སྐར་མ་མཚོ་གསུམ་གྱིས་ཐོས་ཏེ་ཨ་ཅེ་ཉི་མ་མཚོ་ཚང་དུ་ཐོན་བྱུང་། སྐར་མ་མཚོ་ངུ་བཞིན་ཅི་ཡང་མི་བཤད་མོད། ཟླ་བ་མཚོས་ཟླ་བ་དམིགས་སུ་བཟུང་སྟེ་ངུ་ངག་འདྲེས་མས་སྡིགས་མོ་ཡིད་ཚིམ་པ་ཞིག་བྱས། ཟླ་བས“ངས་སྒོར་མོ་མེད་པར་ཕ་མ་གཉིས་དང་ཨ་ཁུ་སོགས་སྨན་ཁང་ལའང་སྟོན་མ་ཐུབ་པར་འཆི་རུ་འཇུག་དགོས་བྱུང་སྙམ་སྟེ། སྟོད་ཀྱི་རྫ་རི་དང་བྲག་རི། སྨད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་སོང་སྟེ་ཚོང་བརྒྱབ། སྐབས་དེ་དག་ལ་ང་རང་དུད་འགྲོའི་སྐྱེ་བའང་བླངས་མྱོང་མོད། ད་ལྟ་ང་ལ་འཛུལ་སའི་ཁང་པ་ཞིག་ཀྱང་མེད་པ་འདི་ཅི་འདྲའི་སྐྱོ་ཨང”ཟེར་གྱིན་མགོ་བོ་བསྒུར་བྱུང་།
ཨ་ཅེ་ཉི་མ་མཚོས“ད་ནས་བཟུང་ཁྱོད་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་རྒྱུ་ནི་ངའི་རེ་བ་ཡིན”ཞེས་སྨྲས་པ་ན། ཚ་བོ་རྡོ་རྗེ་ཡིས་ཀྱང“ཨ་ཁུ་ཟླ་བ། ད་རག་བར་དུ་ཁྱོད་རང་གང་དུ་སོང་བ་ཡིན། ཁྱོད་མེད་པའི་དུས་སུ་ཨ་སྲུ་ལྷ་མོ་སྐྲག་ནས་རྔུལ་ཆུ་བཞུར་གྱིན་འདུག མོར་ན་ཟུག་ལངས་ཐེངས་རེར་ཞག་གང་པོར་ཉལ་མི་ཐུབ། ཨ་ཁུ་ཟླ་བ་ལེ་ལེ། ཁྱོད་རང་ཡུལ་ནས་སྡོད་ཡ། ངས་ཁྱོད་ལ་ཞུ་བ་བྱེད”ཅེས་བཤད་དེ་ཟླ་བའི་ཕུ་རིང་ནས་ཡང་དང་ཡང་དུ་འཐེན། ཟླ་བས་ཚ་བོ་རྡོ་རྗེའི་ཐོད་པར་འོ་ཞིག་བྱས་ཏེ“ཡ་ཡ། ད་ནས་བཟུང་ང་རང་གང་དུའང་མི་འགྲོ”ཟེར་བཞིན་ངུས། ཨ་ཁུ་དོན་གྲུབ་འདས་པའི་ཕྱི་དྲོ་དེར་ཟླ་བ་ཁོ་རང་ངུས་པ་མ་གཏོགས་དོན་དག་གཞན་གྱི་སྟེང་ནས་ངུས་མ་མྱོང་བས། ང་ཚོས་རང་རང་ས་ནས་མགོ་བོ་བསྐྱོར་ཏེ་མིག་ཆུ་དང་ངུ་ངག་གིས་དུས་བདའ་བར་བྱས།
མཚན་མོ་དེར་ཡང་ཟླ་བ་མཚོ་དང་སྐར་མ་མཚོ་གཉིས་ཀྱིས་ངེད་གཉིས་ཉལ་ས་གཅིག་ཏུ་ཕུད་པས། ཟླ་བ་དང་ངེད་གཉིས་ཀྱི་འགྱོད་གདུང་ཡོད་ཚད་དྲག་ཆར་ལྟར་བབས་ཏེ་དགའ་སྤྲོའི་འཛུམ་མདངས་འཇའ་ཚོན་ཇི་བཞིན་ཤར། དེ་ནས་བཟུང་ཟླ་བས་ཁོའི་མནའ་བཅད་ཚེ་རིང་ལ་ཁ་པར་གཏོང་བ་ལས་ཐེངས་གཅིག་ལའང་ང་དང་ཁ་བྲལ་མ་མྱོང་། ཡིན་ནའང་ཁོས་ས་བརྡལ་རྡོ་བརྡལ་བྱས་པའི་ངེད་གཉིས་ཀྱི་མཁར་ཤུལ་མཐོང་དུས། ཁ་ནས་དངན་པ་རིང་མོ་ཞིག་ཤོར་འགྲོ་ལ། ངའི་གསུས་ཆུང་ནང་དུའང་སྐྲངས་པ་ཆུང་ཆུང་ཞིག་ཡོད་པ་ལྟར་གྱུར་ཏེ་ལུས་ཡོངས་ཚ་བས་འབར་ལ་ཁད་བྱས་བྱུང་།
བརྒྱད།
“ཁྱོད་ལ་ཅི་ཞིག་བྱུང་སོང་། ཁྱོད་ཀྱིས་མིག་ཕྱེ་ཡ། ”དུས་ཚོད་སྐར་མ་འགའི་སྔོན་དུ། ནད་གཡོག་མ་ཚོར་འཁོན་རེས་བྱེད་པའི་ནད་པ་སྲུང་མཁན་དེས་འུར་བརྒྱབ་བྱུང་། སྨན་པ་ཚོས་གཞུང་ལས་ཁང་གི་སྒོ་ཁ་ནས་ཟླ་བ་དང་ལྷ་མོའི་ཕྱོགས་སུ་ཅེར་ཏེ་བསྡད། ཁ་པར་ལ་ཅེར་ཡོད་པའི་ནད་གཡོག་མ་དག་བྲེལ་འཚུབ་འཚུབ་ཀྱིས་ནད་ཁང་དུ་འཛུལ་མོད།“མི་གསོད་ཀྱི་ལག་དམར་ཁྱོད་ཚོས་ངའི་ཆུང་མ་བསད་པ་རེད། ད་ནངས་ཁ་གྲག་ཐུབ་པ་ཞིག་འདི་ལྟར་འགྱུར་དོན་ཅི་རེད། ཁྱོད་ཚོས་ང་ཡང་སོད་ཅིག”ཟེར་བའི་ངུ་སྒྲ་ཞིག་གིས་ཕྱིར་དེད་འོངས་ནས་བར་ཁྱམས་ཡོངས་སུ་འུར་ཆིལ་ལེར་གྱུར།
ནད་པ་སྲུང་མཁན་དེས་ལག་ཏུ་གནམ་ཁབ་ཀྱི་འགྱིག་དམ་བཟུང་སྟེ། འཁོན་རེས་བྱེད་པར་དགའ་བའི་ནད་གཡོག་མ་དེའི་སྟེང་དུ་མཆོང་བའི་སྐབས་སུ། སྨན་པ་བཙན་པོ་ཞིག་གིས“འུར་དེ་འདྲ་བརྒྱབ་སྟེ་དོན་དག་ཅི་ཞིག་བྱུང་བ་རེད”ཅེས་སྐད་གསང་མཐོན་པོས་དྲིས། ནད་གཡོག་མ་ངུ་བཞིན“ནད་ཁྲི་བདུན་པའི་ནད་པ་ཤི་འདུག”ཅེས་སྐད་གདངས་དམའ་མོས་བཤད། སྨན་པ་བཙན་པོ་དེས་ནད་པ་སྲུང་མཁན་དེར“ཁྱེད་ཀྱི་ཆུང་མ་ད་རག་བར་དུ་གསོན་ཐུབ་པ་ནི་ང་ཚོའི་བཀའ་དྲིན་ཡིན། ད་སེམས་སྡུག་བྱས་ཀྱང་སྐྱོབ་ཐབས་ག་ལ་ཡོད། གཙོ་བོ་ཁྱོད་ཀྱིས་རང་གི་སྙིང་ནད་ལ་སེམས་ཆུང་བྱ་དགོས”ཟེར་གྱིན་ལག་གི་འགྱིག་དམ་འཕྲོག བཞུར་ཏེ་མ་ཚར་བའི་སྨན་ཆུ་དག་ཁབ་རྩེ་ནས་འཛིར་གྱིན་འདུག
ནད་པ་སྲུང་མཁན་དེས་ལག་གཡས་པའི་ཁུ་ཚུར་དགུང་ལ་བཀྱགས་ཤིང་། རྐང་པ་གཉིས་ཀྱིས་ས་ལ་རྡེབ་རྡེབ་བྱེད་ཀྱིན་ཁ་གདངས་མོད། ཁོའི་སྟོབས་ཤུགས་ཡོད་ཚད་ངག་ཀྱལ་ཁོ་ནར་གྱུར་ཏེ་ཧག་སྒྲ་དང་བཅས་ཁ་སྦུབ་ཏུ་འགྱེལ། ཟླ་བས་མྱུར་དུ་ལག་པས་ལྷ་མོའི་མིག་ཁ་བཅད་པ་དང་། ལྷ་མོས་ཀྱང་ལག་པ་གཉིས་ཀྱིས་ཟླ་བར་སྤར་འཐམ་བྱས་ཏེ་བསྡད། ནད་པ་སྲུང་མཁན་དེས་ཧག་སྒྲ་སྣ་ཚོགས་འབྱིན་གྱིན་འཕག་འཚག་ཡང་དང་ཡང་དུ་བྱས་མཐར། རྐང་ལག་གཉིས་ཀ་ལྷོད་ཤིག་ཤིག་ཏུ་གྱུར་ཏེ་ཆུ་ཡིས་བརླན་པའི་གོས་ལྭ་ཆ་ཚང་ཞིག་དང་འདྲ་བར་ས་ལ་འབྱར།
སྐབས་དེར་བུ་མོ་ཆུང་ཆུང་ཞིག་གིས“ཨ་ཕ”ཞེས་འབོད་ཞོར་དུ་ཐང་ལ་འགྱེལ་ཡོད་པའི་སྐྱེས་པ་དེ་ཡར་འཐེན་ཙམ་བྱས་པ་དང་། ཕྱིར་ནད་ཁང་དུ་རྒྱུགས་ཏེ“ཨ་མ”ཟེར་བཞིན་ནད་ཁྲི་བདུན་པའི་སྐྱེས་མ་དེ་འཐེན་ཅི་ཐུབ་བྱས། སྙིང་རྗེ་བའི་བུ་མོ་ཆུང་ཆུང་དེས་མིག་རིག་རིག་གིས་ཡར་རྒྱུག་མར་རྒྱུག་ཇི་འདྲ་བྱས་ནའང་མོའི་ཕ་མ་གཉིས་ལ་གྲག་འགུལ་ཅི་ཡང་མི་འདུག
སྨན་པ་བཙན་པོ་དེས་མིག་བརྡ་ཞིག་བྱས་པ་ན། ནད་གཡོག་མ་ཚོས་བྱང་ཆ་ལྡན་པའི་སྒོ་ནས་ཤ་དྲོད་མ་ཡལ་བའི་བེམ་པོ་གཉིས་འདྲུད་འཁོར་རེ་རེའི་སྟེང་དུ་བཞག་སྟེ་གློག་སྐས་ནང་དུ་འཛུལ། བུ་མོ་ཆུང་ཆུང་དེའི“ཨ་ཕ། ཨ་མ”ཞེས་འབོད་པའི་ངུ་སྒྲ་རིང་མོ་དང་མྱུར་སྐྱོབ་རླངས་འཁོར་གྱིས“ཨ་ཡོ། ཨ་ཡོ”ཟེར་བའི་ངུ་སྒྲ་རིང་མོ་གཉིས་ཀྱིས་སྨན་ཁང་གི་མི་ཡོད་ཚད་ཀྱི་སྙིང་ཆུང་མིད་ཐག་ཁར་བརྫངས། རེ་ཞིག་ལ་ཐོག་བརྩེགས་ཉི་ཤུ་ཅན་གྱི་སྨན་ཁང་དེ་འདར་ཡོམ་ཡོམ་བྱས།
ཟླ་བས་སྐར་མ་འགའི་སྔོན་དུ་སྐྱེས་པ་དེས་ཞེ་སྡང་མངོན་བཞིན་ཡོད་མོད། ད་ལྟ་གྲག་མེད་འགུལ་མེད་དུ་གྱུར་པ་ནི་ཡིད་ཆེས་དཀའ་བ་ཞིག་རེད་སྙམ་ལ། རང་ཉིད་ཀྱིས་ལྷ་མོར་སྡིགས་མོ་བྱས་པར་འགྱོད་པ་སྐྱེས་ཏེ“ལྷ་མོ། ཚེ་མི་རྟག་ནམ་མཁའི་གློག་དང་འདྲ་ཞེས་པ་འདི་འདྲ་རེད”ཟེར་བཞིན་ལྷ་མོའི་ལག་པར་འཇུས། ལྷ་མོ་སྐྲག་སྟེ་འདར་བཞིན་ཡོད་ནའང“ཟླ་བ། འུ་གཉིས་ལ་བྱིས་པའང་མེད་པས། ཁོ་གཉིས་ལྟར་མཉམ་དུ་འཆི་ཐུབ་ཚེ། བར་དོའི་འཕྲང་རིང་འགྲིམ་དུས་འཇིགས་པ་ག་འདྲ་ཞིག་ལ་འཕྲད་ཀྱང་སྐྲག་དོན་མེད”ཅེས་སྨྲས། ཟླ་བས་བསམ་ཡུལ་ལས་འདས་པའི་སྐད་ཆ་དེ་ཐོས་རྗེས་ཁ་གདངས་ཤིང་མིག་ཅེར་ཏེ་བསྡད།
ལྷ་མོས་ཁ་ཏོན་འདོན་བཞིན་ཡུན་རིང་འགོར་རྗེས། ལུས་སྟེང་གི་ཉལ་ཐུལ་མར་འདེད་ཞོར་དུ“ༀ་མ་ཎི་པདྨེ་ཧཱུྃ། བུ་མོ་ཀན་སྙིང་རེ་རྗེ། ༀ་མ་ཎི་པདྨེ་ཧཱུྃ། ཟླ་བ། སྨན་བཅོས་ཀྱི་འགྲོ་ལུགས་བསྒྲུབས་ཡོད་ན། ནད་ཁང་ཀན་གྱི་ནང་དུ་འགྲོ། མྱུར་མོར་མ་སོང་ན་ནད་ཁྲི་ཡོད་རྒྱུ་མ་རེད། ༀ་མ་ཎི་པདྨེ་ཧཱུྃ”ཟེར། ཟླ་བས“ནད་ཁང་ཀན་འདྲ་ཞིག་གི་ནང་དུ་འགྲོ་བར་རྣམ་རྟོག་མི་ལང་ངམ། ད་དུང་ཤ་དྲོད་ཀྱང་ཡལ་མེད་པའི་ནད་ཁྲི་དེར་སྐྱུག་མི་ལོག་གམ”ཞེས་སྨྲས་ཏེ་ཉལ་ཐུལ་ཕྱིར་ལྷ་མོའི་ལུས་སྟེང་དུ་བཀབ།“རྣམ་རྟོག་ལངས་མོད། མི་ཤི་མ་མྱོང་བའི་སྨན་ཁང་ཞིག་དང་ནད་ཁྲི་ཞིག་ཡོད་དམ། ༀ་མ་ཎི་པདྨེ་ཧཱུྃ།”ལྷ་མོས་དེ་ལྟར་བཤད་པར་ཟླ་བས་མགོ་བོ་གཡུག་གཡུག་བྱེད་པ་ལས་ལན་ཅི་ཡང་མ་བཏབ།“ཨ་ཡོ། ཡང་ང་ལ་ན་ཟུག་ལངས་བྱུང་། རྣམ་རྟོག་ལ་ཁ་ཡ་བྱ་མི་དགོས། འུ་གཉིས་ནད་ཁང་དུ་འགྲོ།”ལྷ་མོས་གསུས་ཆུང་གནོན་ཞོར་དུ་སྨྲས་ཏེ་ཡར་ལངས།
ཟླ་བས་མགོ་བོ་བསྒུར་ཏེ“སྒོར་མོ་སྟོང་ལྔ་མེད་ཚེ་སྡོད་བཅོས་ཀྱི་འགྲོ་ལུགས་སྒྲུབ་མི་ཐུབ། ཁྱོད་ཀྱི་རེ་ཐག་མི་ཆད་པའི་ཕྱིར་དུ་ངས་སྡོད་བཅོས་ཀྱི་འགྲོ་ལུགས་བསྒྲུབས་ཡོད་ཅེས་རྫུན་བཤད་པ་ཡིན”ཞེས་སྨྲས། ལྷ་མོ་ཚག་སྒྲ་དང་བཅས་ཕྱིར་ལྕགས་དྲའི་ཉལ་ཁྲི་སྟེང་དུ་ལྷུང་བ་དང་། ཁ་ནས“ཟླ་བ། ཁྱོད་རང་འགྱུར་འདུག ཁྱོད་ཀྱི་ཁ་ནང་དུ་རྫུན་མ་གཏོགས་ཅི་ཡང་མི་འདུག ཁྱོད་ཀྱིས་ནད་པ་ཞིག་ལའང་རྣམ་རྟོག་ཀྱང་སློང་ཤེས། ཁྱོད་རང་ངོ་མས་འགྱུར་འདུག”ཟེར་བཞིན་ཉལ་ཐུལ་གྱིས་ཡང་བསྐྱར་རང་གི་མགོ་བོ་བཏུམས་བྱུང་།
ངས་རིགས་གསུམ་མགོན་པོའི་ཐང་ག་བཙོངས་ཏེ་ཚོང་ལས་སུ་ཞུགས་པ་ནས་བཟུང་། སེམས་ཁོང་གི་ཐང་ག་དེའང་གར་སོང་ཆ་མེད་དུ་གྱུར་སོང་། གནའ་མི་རྒན་པོས། ལྷ་བ་མོ་བ་རྩིས་པ་གསུམ། འཇིག་རྟེན་ཁམས་ཀྱིན་རྫུན་རྐྱལ་གསུམ་ཟེར་མོད། ད་ལྟའི་དུས་འདིར་འགོ་པ་ཚོང་པ་ཤོ་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ་ཞེས་སྨྲས་ཆོག ཚེ་རིང་ཁོས་ཐོག་མར་ང་ལ་གནང་བའི་བསླབ་བྱ་ནི“བོད་རིགས་ལ་ཚོང་རྒྱག་པའི་དུས་སུ། ངས་ཁྱོད་ལ་ཨེ་རེད་ཅེས་དྲིས་ཚེ། ཁྱོད་ཀྱིས་ལོས་ཡིན་ཞེས་མནའ་རྩམ་པ་ཟ་ཟ་བྱ་དགོས། སྐད་རིགས་མི་གོ་བའི་མི་ཞིག་ཡིན་ཚེ། མགོ་བོ་ནང་དུ་གུག་གུག་བྱས་ཏེ་ལྐུག་པའི་རྣམ་འགྱུར་བསྟན་ཆོག རྗེས་ནས་རྒྱ་སྐད་བཤད་ཤེས་ཚེ། རྫུན་ཁ་ཏོན་འདོན་འདོན་བྱ་དགོས། རྫུན་གཏམ་ནི་ཚོང་ལས་ཀྱི་མ་རྩ་ཡིན”ཞེས་པ་དེ་རེད།
ཚེ་རིང་དང་ངེད་གཉིས་ཀྱིས་གློ་གྲི་དང་པགས་རིགས་ལས་གཞན་ནོར་ལུག་གི་མགོ་སྐོགས་སྐམ་པོས་ཚོང་ཡང་བརྒྱབ་མྱོང་། འབྲོག་ཁུལ་གྱི་རྫོང་མཁར་ཀུན་ཏུ་བཤན་ར་ཆེན་པོ་རེ་ཡོད་ལ། དེའི་ནང་དུ་ནོར་ལུག་གི་མགོ་བོ་རི་ལྟར་སྤུངས་ཡོད། ངེད་གཉིས་ཀྱིས་བཤན་པ་ཚོའི་ལག་ནས་རྭ་གོར་ཡིན་པའི་གཡག་མགོ་རེར་སྒོར་ལྔ་བཅུ་དང་། རྭ་འཁྱིལ་ཡོད་པའི་ཁྲོམ་མགོ་རེར་སྒོར་བཅུ་རེ་བྱིན་ཏེ་ཉོས་རྗེས། རྫབ་སུལ་སྐོལ་མཁན་ཚོར་སྒོར་བཞི་བཅུ་དང་སྒོར་བརྒྱད་རེ་བྱས་ཏེ་བཙོངས། རྫབ་སུལ་སྐོལ་མཁན་ཚོས་མགོ་ཤ་ཡོད་ཚད་གཙང་མར་བཀོག་རྗེས། ངེད་གཉིས་ཀྱིས་ཕྱིར་བསྡུས་ཏེ་གྲོང་ཁྱེར་ཆེན་པོར་དྲུད་པ་ཡིན།
གྲོང་ཁྱེར་དུ་སླེབས་རྗེས། ངེད་གཉིས་ཀྱིས་གཡག་མགོ་ནི་རྨ་ཆེན་སྦོམ་རའི་སྒོ་ཕྱུགས་འབྲོང་གི་མགོ་ཡིན་པ་དང་། ཁྲོམ་མགོ་ནི་གཉན་ཆེན་ཐང་ལྷའི་སྒོ་ཕྱུགས་ཡིན་པས། ས་དགྲ་དང་ཆུ་དགྲ། མི་ཡི་ན་ཚ་དང་ཁྱིམ་གྱི་གོད་ཀ་ཟློག་ཐུབ་པར་མ་ཟད། རྒྱུ་འདོད་མཁན་ལ་རྒྱུ་དང་བུ་འདོད་མཁན་ལ་བུ་སྩོལ་བའི་དགོས་འདོད་ཀུན་འབྱུང་ཞིག་ཡིན་ཚུལ་གྱི་རྫུན་བཤད་པ་ན། འདོད་ཧམ་ཅན་ཚོས་ཕངས་སེམས་ཅི་ཡང་མེད་པར་གཡག་མགོ་རེར་སྒོར་སྟོང་གཅིག་རེ་དང་ཁྲོམ་མགོ་རེར་སྒོར་ཉིས་བརྒྱ་རེ་བྱིན་འགྲོ། རྫུན་གཏམ་ནི་ཚོང་ལས་ཀྱི་མ་རྩ་ཡིན་ཞེས་པ་ནི་དོན་དངོས་རེད།
ལོ་ཞིག་ལ། དུར་ལམ་རྫོང་གི་བྱིས་པ་ཞིག་གིས་གོས་ཐེད་པོ་ཞིག་རྙེད་དེ་ཚོང་པ་ཞིག་ལ་སྒོར་ཁྲི་ལྔར་བཙོངས་པ་དང་། ཚོང་པ་དེས་ཚོང་དཔོན་ཞིག་ལ་ཁྲི་ལྔ་བཅུར་བཙོངས་པའི་གནས་ཚུལ་རླུང་ལྟར་གྲགས་འོངས། སྐབས་དེ་ནས་བཟུང་། འདོད་ཧམ་ཆེ་བའི་མི་ལ་ལ་དུར་ལམ་རྫོང་དུ་སོང་སྟེ་བང་སོ་སློག་པ་དང་། ལ་ལས་དགོན་པའི་ལྷ་རྟེན་ཆོས་གསུམ་རྐུ་བཞིན་ཡོད། ངེད་གཉིས་ཀྱང་ཐང་ག་རྙིང་པ་དང་ཆོས་དཔེ་རྙིང་པ། ཟངས་སྐུ་རྙིང་པ་དང་དཀར་ཡོལ་རྙིང་པ་ཉོ་རུ་སོང་། འོན་ཀྱང་ངེད་གཉིས་ཀྱི་ལག་ཏུ་ཅི་ཡང་མ་རྙེད།
ཡིན་ཡང་ཚེ་རིང་གིས་སློབ་མ་ཞིག་ལ་ཐང་ག་ཞིག་འབྲི་རུ་བཅུག་ལ། དེར་དུ་གདུག་བྱས་ནས་ནག་དྲེག་འཆག་ཏུ་བཅུག་རྗེས། ཚོང་པ་ཞིག་ལ་དུར་ལམ་རྫོང་གི་བང་སོ་བསློགས་ཏེ་རྙེད་ཚུལ་གྱི་རྫུན་བཤད་ལ། ངས་ཀྱང་མནའ་རྩམ་པ་ཟ་ཟ་བྱས་པ་ན། ཚོང་པ་དེས“ད་ཐེངས་ནོར་ལྷས་ང་ལ་གྲོགས་བྱས་ཏེ་གནའ་རྫས་ཤིག་རྙེད་བྱུང”ཟེར་གྱིན་སྒོར་ཁྲི་ཉི་ཤུ་བྱིན་ཏེ་གར་སོང་ཆ་མེད་དུ་གྱུར། ཟླ་འགའི་རྗེས་ནས་ཚོང་པ་དེས་མི་གཞན་ཞིག་ལ་སྒོར་ཁྲི་ལྔ་བཅུར་བཙོངས་པ་རེད་ཅེས་གྲགས་བྱུང་།
གནས་ཚུལ་དེ་ཚེ་རིང་གིས་ཐོས་རྗེས། ངས་ཁོར་བཙོངས་པའི་རིགས་གསུམ་མགོན་པོའི་ཐང་ག་དེ་བཙོང་དུ་འགྲོ་ཟེར་ཏེ་ཞི་ཨན་གྲོང་ཁྱེར་དུ་སོང་། ངེད་གཉིས་མགྲོན་ཁང་ཆེན་པོ་ཞིག་ཏུ་ཡོད་དུས། སྦྱིན་བདག་ཚོན་པོ་རྫ་མ་འདྲ་བ་ཞིག་སྐུ་སྲུང་བ་བཞིས་བསྐོར་ཏེ་སླེབས། སྐུ་སྲུང་བ་ཚོས་ངེད་གཉིས་ཀྱིས་བཏགས་ཡོད་པའི་གློ་གྲི་འཕྲོག་པར་མ་ཟད། མཐོང་ཆུང་གི་མིག་མདངས་ཀྱིས་ངེད་གཉིས་ལ་བལྟས་ཏེ་བསྡད། དངོས་གནས་གློག་བརྙན་ནང་གི་ནག་ཚོགས་ཀྱི་གཏེ་བོ་ཞིག་དང་འདྲ། སྦྱིན་བདག་ཚོན་པོ་དེ་དང་ཚེ་རིང་གཉིས་ཀྱིས་ཐང་ག་མདུན་ཅོག་སྟེང་དུ་བཤམས་ཏེ་ཁ་བརྡ་བྱེད་མོད། ངས་སྦྱིན་བདག་དེས་ཅི་ཞིག་རྗོད་ཀྱིན་ཡོད་པ་གཏན་ནས་ཧ་མ་གོ
མཚམས་ཤིག་ལ། སྦྱིན་བདག་དེས་ང་ལ་ཅི་ཞིག་དྲིས་བྱུང་། ངས་གོམས་ལོབས་ལྟར་མགོ་བོ་ནང་དུ་གུག་གུག་བྱས། མ་བསམས་ས་ནས་ཁོ་རང་ཡར་ལངས་ཏེ་མདུན་ཅོག་སྟེང་ལ་ཁུ་ཚུར་གྱིས་བརྒྱབ་པ་ན། སྐུ་སྲུང་བ་ཚོས་རང་རང་ས་ནས་བྲང་ཁུག་ལས་སྒོར་ཁུག་ལེན་པ་ལྟར་དཀྲུམ་མདའ་རེ་བླངས་པ་དང་། ཚེ་རིང་གི་ཟ་འགྲམ་དང་ངའི་ཐོད་དཀྱིལ་ལ་དཀྲུམ་མདའ་བཙུགས་ཏེ་བསྡད། ངས་འཁྱག་ཤུར་ཤུར་གྱི་དཀྲུམ་མདའི་ཁ་ནས་ཚ་བེར་བེར་གྱི་མདེའུ་ཞིག་སྐག་སྒྲ་དང་བཅས་ཐོན་ཏེ། ངེད་གཉིས་ཀྱི་ཀླད་ཞོ་མཁའ་ལ་གཏོར་རྒྱུ་རེད་སྙམ་ནས་སྙིང་མིད་ཐག་ཁར་འཚངས་འོངས། ཚེ་རིང་ཡང་སྐྲག་མ་སྔངས་ཀྱིས་ཡར་ལངས་ཏེ་གུས་གུས་ཞུམ་ཞུམ་བྱེད། ངས་ཚེ་རིང་གི་ལག་པའི་འགུལ་སྟངས་ལས་ཁོས་ཕུ་ཐུང་གཡས་པའི་ནང་གི་ལག་པས་ལྕགས་སྐོར་གྱི་རྒྱུན་བུར་འཇུ་བཞིན་ཡོད་པ་མཐོང་ཐུབ།
ངེད་གཉིས་གྲོང་ཁྱེར་དུ་འགྲོ་དུས་གློ་གྲི་རེ་བཏགས་ཤིང་། རིང་ཐུང་ལ་འདོམ་གང་ལས་མེད་པའི་གླིང་བཞིའི་ལྕགས་སྐོར་ཞིག་སྟོད་ལྭའི་བྲང་ཁུག་གཡས་པའི་ནང་དུ་བཅུག་སྟེ་རྒྱུན་བུའི་སྣེ་གཅིག་ལག་གཡས་པའི་མཁྲིག་མར་བཅིངས་ཡོད། ཉེན་ཁ་ཆེ་བའི་དུས་སུ་སྟོད་ལྭ་ཕུད་མ་ཐག ལྕགས་སྐོར་གྱིས་སུ་ཞིག་ལ་རྒྱག་འདོད་ཚེ། དེའི་མགོ་ལག་རྐང་གསུམ་ལ་གང་འདོད་དུ་བརྒྱབ་ཆོག ས་ཆ་ལ་ལས་དེའི་མིང་ལ་མགོ་སྐོར་ཟེར་བ་ཇི་བཞིན་ངེད་གཉིས་ཀྱི་ལྐོག་མདའ་ལྟ་བུ་ཡིན་ནའང་དཀྲུམ་མདའ་ཞིག་གི་དོ་ཟླར་ག་ལ་ཡོང་།
སྐུ་སྲུང་བ་ཚོས་འདར་ཞུམ་ཞུམ་བྱེད་པའི་ངེད་གཉིས་ཀྱི་རྣམ་འགྱུར་ལ་བལྟས་ཏེ་ཧབ་ཆ་རྒྱག་སྐབས། ཚེ་རིང་གིས་གློག་ཞགས་འཁྱུག་པ་ལྟར་སྐག་སྒྲ་དང་བཅས་ཁོའི་ཟ་འགྲམ་ལ་དཀྲུམ་མདའ་གཏོད་མཁན་གྱི་སྐུ་སྲུང་བ་དེ་གཉིས་ཁ་སྦུག་ཏུ་བསྒྱེལ། ངས་ཀྱང་ཐག་སྒྲ་དང་བཅས་ང་ལ་དམིགས་ཡོད་པའི་སྐུ་སྲུང་བ་གཉིས་ཀྱི་ཐོད་དཀྱིལ་ལ་ཁྲག་གི་མེ་ཏོག་རེ་དཔར་པ་ན། སྦྱིན་བདག་ཚོན་པོ་དེས་འཛུམ་མདངས་ཀྱང་གྲོལ་མ་ཐུབ་པར་གོག་བགྲོད་བྱས། ཚེ་རིང་གིས་སྦྱིན་བདག་ཚོན་པོ་དེར་གོམ་པ་གང་ལ་འབྲོ་དབང་མ་བྱིན་པར་འབོལ་ཁྲིའི་སྟེང་དུ་མནན་ཏེ་གློ་གྲི་རྣོན་པོ་སྐེ་ལ་བཙུགས། སྦྱིན་བདག་དེས་ལག་ཟུང་ཐལ་མོ་སྦྱར་ནས་ངུ་ངག་འདྲེས་མས་ཞུ་བ་བྱས།
ཚེ་རིང་གིས“ཁྱི་སྐྱག་འདི་སྦྱིན་བདག་ཅིག་ག་ལ་ཡིན། མགོ་སྐོར་གཏོང་མཁན་ཞིག་རེད། འཕྲལ་དུ་གནས་གཞན་ལ་འགྲོ”ཟེར་བས། ངེད་གཉིས་མྱུར་སྟབས་ཀྱིས་མགྲོན་ཁང་གཞན་ཞིག་ཏུ་བྲོས། ཚེ་རིང་གིས་བཤད་པ་ལྟར་ན། སྦྱིན་བདག་ཚོན་པོ་དེས་ང་ལ“ཐང་ག་འདི་གསར་པ་ཞིག་ཨེ་རེད”ཅེས་དྲིས་མོད། ངས་མགོ་བོ་ནང་དུ་གུག་གུག་བྱས་ཏེ་ཡིན་པའི་བརྡ་བསྟན་པ་རེད་ཟེར། ཚེ་རིང་གིས་རྒྱུན་དུ་ཚེ་སྲོག་གི་ཉེན་ཁར་འཕྲད་ཚེ། རང་ལུས་སྲུང་བའི་རྩལ་ཞིག་དགོས་ཞེས་པ་ནི་གནས་ལུགས་ཟབ་མོ་ལྡན་པ་ཞིག་རེད། ངེད་གཉིས་ཀྱིས་དཀྲུམ་མདའ་ཐོགས་པའི་གསར་རྒོད་ལྔ་སྤ་བཀོང་བར་བྱས་སོང་། ཡིན་ཡང་ངས་དཀྲུམ་མདའ་དེ་དག་ལེན་སྐབས། ད་གཟོད་འགྱིག་གི་དཀྲུམ་མདའ་ཡང་མོ་ཏག་ཏག་ཡིན་པ་ཤེས།
འདི་ལྟར་ངས་ཅི་ཡིན་འདི་ཡིན་མ་ཤེས་པར་ངེད་ཚང་གི་ཐང་ག་དེ་བཙོང་དུ་མ་བཅུག ཚེ་རིང་གིས“ཅུང་ཙམ་མིན་ན་འུ་གཉིས་ཀྱི་སྲོག་ཀྱང་ཤོར་སོང་། ཐང་ག་འདི་ནི་སྤྱིར་བཏང་བ་ཞིག་མ་རེད། ཐང་ག་འདི་ཕྱིར་ཁྱོད་ལ་སྟེར”ཟེར། ང་རང་དགའ་སྟེ་ཐང་ག་དེའི་ཆེད་དུ་ལྷ་མོའི་ཨ་ཕ་བཙོན་ཁང་དུ་ཁྲིད་དེ་གར་སོང་ཆ་མེད་དུ་གྱུར་ཚུལ་དང་། ངའི་ཨ་ཕ་ཚེ་ལས་འདས་ཁར་གྱང་ཁུང་ཞིག་ལས་བླངས་ཏེ་ངེད་གཉིས་ལ་བྱིན་པའི་བརྒྱུད་རིམ་དག་ཞིབ་ཏུ་བཤད། ཚེ་རིང་གིས་ཚིག་དེ་ཐོས་རྗེས་ཁ་ནས“ཐང་ག་འདི་རྗེས་ནས་ཁྱོད་ལ་སྟེར”ཟེར་བ་ལས་ད་རག་བར་དུ་ང་ལ་མ་བྱིན།
ངེད་གཉིས་རྫུན་བཤད་པར་ལོབས་པ་ནས་བཟུང་། སྐད་ཆ་དྲང་མོར་བཤད་ཆོག་པ་དག་ཀྱང་རྫུན་ཞིག་མ་འདྲེས་ཚེ། དྲང་གཏམ་དེའང་རྫུན་ཁོ་ན་ཡིན་པ་ལྟར་སྣང་ལ། རང་གཞན་དང་དགྲ་གྲོགས་ཀྱི་དབྱེ་བའང་མེད་པས། ཚོང་ལས་ཀྱི་ཁོར་ཡུག་ཏུ་ཡིད་ཆེས་ཞེས་པ་ནི་ཉིན་མོའི་སྐར་མ་ལྟར་མཐོང་ཐབས་བྲལ།
(སྒྲུང་འབྲིང་མུ་འགོད། འཕྲོ་མ་དེབ་རྗེས་མར་གཟིགས། )