བོད་ལྗོངས་པར་ལེན་པ་ཞེས་པའི་དྲ་ཐོག་བརྙན་པར་དུས་སྟོན་སྐབས་གཉིས་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་སྤེལ།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༤

བོད་ལྗོངས་པར་ལེན་པ་ཞེས་པའི་དྲ་ཐོག་བརྙན་པར་དུས་སྟོན་སྐབས་གཉིས་པ་ནི་རང་ལྗོངས་ཀྱི་གཙོ་གནད་གསར་འགྱུར་དྲ་ཚིག་བོད་ལྗོངས་འཕྲིན་དྲ་སྟེགས་བུར་བྱས་ཤིང་། ཕྱོགས་མང་པོ་ནས་པར་ལེན་ལ་དགའ་པོ་ཡོད་མཁན་དང་ཆེད་ལས་པར་རྒྱག་མཁན། ལག་ཐོག་ཁ་པར་ནས་པར་རྒྱག་རྒྱུར་དགའ་པོ་ཡོད་མཁན་སོགས་ཀྱི་པར་དང་བརྙན་ཕབ་ཀྱི་བརྩམས་བྱ་བསྡུ་ལེན་བྱས་ཡོད། དུས་ཡུན་ལོ་ཕྱེད་ཙམ་གྱི་ནང་ཁྱོན་པར་རིས་བརྩམས་བྱ་2000 ལྷག་ཙམ་དང་བརྙན་ཕབ་ཀྱི་བརྩམས་བྱ་ 100ལྷག་ཙམ་བསྡུ་ལེན་ཐུབ་ཡོད། གྲགས་ཅན་གྱི་པར་ལེན་མཁས་དབང་དང་དྲ་ཐོག་གི་གྲགས་ཅན་མི་སྣ་གདན་ཞུ་བྱས་ནས། རྒྱ་ཆེའི་དྲ་གྲོགས་དང་མཉམ་དུ་བྱ་དགའ་ཐོབ་པའི་བརྩམས་བྱ་དཔྱད་འདེམས་བྱེད་པའི་ནང་དྲ་ཐོག་ནས་འཕེན་པའི་ནུས་ལྡན་འདེམས་ཤོག་བཞི་ཁྲི་ལྷག་ཙམ་བྱུང་བ་དང་། དྲ་ཐོག་ནས་པར་དང་བརྙན་ཕབ་ཀྱི་བརྩམས་བྱར་བལྟ་མཁན་མི་གྲངས་ཆིག་འབུམ་ལས་བརྒལ་ཡོད།།